
༧ སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་བསྟན་སྦྱིན་དད་འབངས་རྣམ་པས་ཤི་གསོན་གཉིས་ཀྱི་དགེ་རྩའི་ཆེད་དུ་ཕུལ་ཡོང་བའི་འབྱོར་དངོས་གང་ཞིག་མཆིས་རིགས་རང་གར་ཆུད་ཟོས་སུ་མ་བཏང་པར། བསྟན་པ་འཛིན་པའི་བུ་སློབ་རྣམས་ལུང་རྟོགས་ཟབ་མོ་རང་རྒྱུད་ལ་ལྡན་པ་དང་། རྒྱལ་བའི་གསུང་རབ་ལ་འཇུག་པའི་སྤྱན་མིག་མ་ལོང་པ་ཞིག་གསོ་སྐྱོང་ཡོང་ཐབས་ལ་ཆེད་གཟིགས་ཀྱི་འཕྲིན་ལས་བསྐྱངས་ནས། དགོན་པ་ལ་བདག་པའི་འབྱོར་དངོས་མཆིས་རིགས་ཀྱིས། དགོན་འདིའི་བཤད་སྒྲུབ་འདུས་སྡེའི་བཞུགས་མལ་གྲྭ་ཤག་སྤུས་གཙང་བཞེངས་པ་དང་། སྐབས་བབ་སྦྱོང་ཚན་སློབ་དེབ་གང་གིས་ཀྱང་མ་ཤོས་པ་གནང་ནས་གསུང་རབ་དཔར་བསྐྲུན་ལ་ཧུར་ཕྱུངས་པ། སློབ་གཉེར་བ་རྣམས་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གཙོར་བྱས། མཁས་གྲུབ་སོ་སོའི་གསུང་འབུམ་དག་མཐུན་སྦྱོར་རོགས་རམ་བཀའ་དྲིན་བསྐྱངས་པར་མ་ཚད། ཟས་གོས་མཐུན་རྐྱེན་ཐད་ལའང་ཧ་ཅང་རྒྱས་སྤྲོས་ཀྱིས་སྤྱོད་ཐལ་ཆེ་རིགས་མ་སོང་པར་སློབ་སྦྱོང་འཚོ་རྟེན་ལ་མཐུན་རྐྱེན་འོས་ཤིང་འཚམས་པའི་བརྩེ་གཟིགས་རྣམ་ཀུན་བསྐྱངས་དང་སྐྱོང་མུས་སུ་ཡོད་པ་ལགསོ།། འདི་ནི་རྗེ་བླ་མ་མཆོག་ལ་ཐུན་མིན་དུ་མངའ་བའི་རྣམ་བཞི་འཕྲིན་ལས་ཀྱི་ཆ་ཤས་སུ་དམིགས་པའི་ཐུགས་བསྐྱེད་བླ་ན་མེད་པ་ཞིག་གོ།།

འདི་ལོར་སྐུ་སྒེར་གྱི་ཕུགས་གཟིགས་དགོངས་སྤྱོད་ཟབ་མོའི་བསླབ་སྟོན་འོག་ནས། དགོན་འདིར་རྒྱུན་བཞུགས་གྲྭ་བཙུན་རྣམས་ནི། ཆུང་ནས་སྟེང་དགོན་གྱི་བསྟན་སྲིད་གཉིས་ལ་ལྷག་བསམ་ཟོལ་མེད་སྒོས། བསྟན་པའི་ལས་དོན་ཕྲ་རགས་ལ་སྐུ་ཚེགས་ཕུད་ཅིང་། འབྲེལ་ཡོད་ལྷ་འབངས་དད་ལྡན་མང་ཚོགས་རྣམས་ཀྱི་ཐུགས་རེ་དང་འཚམ་པའི་གསོན་གཤིན་གཉིས་ཆར་ཆོ་ག་བོན་སྤྱོད་ཟབ་མོའི་བགྱི་སྒོ་ཁག་ཅི་དགོས་ལེགས་པར་བསྒྲུབས་ཏེ། དམངས་སེམས་ཕམ་པའི་བྱ་བ་གང་ལའང་མ་འཇུག་པར། བསྟན་སྦྱིན་ལྷ་སྡེ་རྣམ་པའི་མངོན་འདོད་ལེགས་པར་བསྐངས་པའི་ལེགས་བྱས་ཆེ་མཐོང་ལ་དམིགས་ནས། དམིགས་བསལ་དགོན་གྲྭ་སྐུ་འཚོ་བཞུགས་སུ་ཡོད་པ་དག་ལ་མི་འདོད་པའི་ན་ནད་རིགས་བྱུང་ན། ཁྱིམ་ཚང་གི་ཆ་རྐྱེན་ལ་དཔག་བཞིན་དགོན་གཞུང་ནས་ནད་བཅོས་རོགས་རམ་འོས་འཚམས་ཙམ་མཐུན་རྐྱེན་སྔར་སྦྱར་བ་དང་། རིམ་འགྲོ་བསྒྲུབས་པ་སོགས་བྱས་ཡོད་པ་དང་། སླད་མར་ཡང་སྦྱོར་མུས་ཀྱི་འཆར་གཞི་ཡོད། ད་དུང་སྐུ་ཚེ་གང་པོར་དགོན་འདིའི་བསྟན་དོན་ལས་ཀ་ལ་བྲེལ་ཞིང་། ཐ་མ་སྐུ་ཡི་འཕེན་པ་རྫོགས་པའི་སྐབས་སུ་དགོན་གཞུང་ནས་དགེ་རྫོགས་ཚོགས་བསགས་གང་ཐུབ་བསྒྲུབ་འཆར་དང་། སྐུ་ཚེ་མ་ཟིན་པའི་གྲྭ་བཙུན་རྣམས་ལ་ཀུན་རིག་ལས་བཞི་རྒྱུན་ལྔའི་མཆོད་སྦྱིན་གྱི་དགེ་ཚོགས་སྤམ་མཐོ་བ་མཛད་ནས། དུས་པོ་ཆེ་འདིའི་སྐབས་སུ་དགོན་གཞུང་གིས་སྣེ་ཁྲིད་མཛུབ་སྟོན་འོག འདུས་གྲྭ་ཡོངས་ཀྱིས་གདུང་སེམས་མཉམ་ཁུར་ཐོག་ནས། འདས་པོ་ལ་དགོས་པའི་དགེ་ཚོགས་ཕྲ་རགས་བསྒྲུབ་པའི་འགན་ལེན་བྱས་ཡོད། འདི་ནི་ཕྱོགས་གཅིག་ནས་དགོན་པ་དང་། སྤྱི་པའི་མིང་ཐོག་ནས་བླངས་པའི་དཀོར་གྱི་དངོས་པོ་རྣམས་བླ་བྲང་སོགས་བྱེ་བྲག་པ་ཞིག་ཕྱུག་པོར་ཆགས་ཤིང་། འབྱོར་དངོས་ཁ་སྟབས་ཞན་པའི་ཉམ་ཆུང་གྲྭ་བཙུན་རྣམས་དགོན་པའི་ཞབས་གཡོག་ལ་མི་ཚེ་གང་པོར་བཀོལ་མཐར། ན་རྒས་འཆི་གསུམ་བྱུང་སྐབས་ཁྱིམ་མི་ཉེ་འབྲེལ་ལ་རེ་སྒུག་མ་གཏོགས། དགོན་གཞུང་དང་བར་ཐག་རྒྱང་དུ་ཆོད་པའི་གནས་སྟངས་མི་འབྱུང་བའི་ཆེད་དང་། གསོན་པའི་དུས་སུ་ཁྱིམ་སྤངས་རབ་བྱུང་སྒྲུབ་པ་ཡིན་ནའང་མཐར་ཤི་ན་རྣམ་ཤེས་སླར་ཡང་ཁྱིམ་ལ་མ་འཁོར་རང་འཁོར་གྱི་ཚུལ་ལྟ་བུ་ཆགས་པ་དང་། དགོན་དཔོན་གྱི་འདས་མཆོད་ལོ་ངོ་བརྒྱ་ཕྲག་སོང་ཡང་ནར་མར་བྱེད་ཅིང་། གྲྭ་འབངས་ཀྱི་རྗེས་འཇུག་ལ་ཁ་ཡ་མ་བྱས་ན་ཆོས་འཇིག་རྟེན་གང་གི་ཆ་ནས་ཀྱང་ལྷུ་འགྲིག་གི་མེད་ལ། ལྷག་ཏུ་དེང་སང་འདྲ་མཉམ་གྱི་ལྟ་བ་དང་བཟང་སྤྱོད་ལ་ཁ་ཕྱོགས་དགོས་པས་ན། དགོན་པས་ཀྱང་འཕྲལ་ཕུགས་གཉིས་སུ་གཟིགས་རྒྱང་སྐྱོང་ས་ནི་རང་གཞུང་གི་གྲྭ་པ་རྣམས་གཅིག་ཡིན་ཞིང་། དེ་ལ་སྐྱིད་སྡུག་མཉམ་ཁུར་བགྱིད་རྒྱུ་ནི་འོས་ཤིང་འཚམས་པ་ལགསོ།།



འདི་ལོར་སེར་རུ་གྲྭ་པ་གཙུག་གཤེན་བསྟན་འཛིན་མཆོག་ལ་སྙུང་གཞི་བྱུང་ནས་སྨན་ཁང་ཆེ་ཁག་ལ་བསྟེན་དགོས་བྱུང་བའི་རིང་དུ། ཁྱིམ་ཚང་དང་རྒྱལ་ཁབ་གཞུང་གི་སྨན་བཅོས་གཟིགས་སྐྱོང་མཐུན་རྐྱེན་གཞིར་བྱས་སྟེང་། སྟེང་དགོན་གཞུང་ནས་ཀྱང་སྨན་བཅོས་རོགས་རམ་གང་ལ་གང་འཚམ་མཐུན་རྐྱེན་སྦྱར་བ་ཡིན། སྟབས་མ་ལེགས་པ་ཞིག་ལ་ཁོང་ཉིད་དྲག་བསྐྱེད་གང་ཡང་མ་བྱུང་ནས་དགོངས་པ་རྫོགས་དུས་སུ། སྟེང་དགོན་ནས་བླ་མ་དང་། མཁན་སློབ། དབུ་འཛིན་ཚང་མའི་གཞེན་སྐུལ་ལྟར།



༢༠༢༠/༤/༡/ནས་ཚེས་ ༡༢ བར་དགོངས་རྫོགས་ཚོགས་བསགས་ཆེད་དུ་བླ་གྲྭ་བཅོ་ལྔ་ཙམ་གྱིས་ཀུན་རིག་ལས་བཞི་རྒྱུན་ལྔའི་ལས་རིམ་ཆ་ཚང་བསྐྱངས་ནས་སྐུ་གདུང་ཞུགས་འབུལ་དང་བཅས། མཚན་བཅས་མཚན་མེད་ཀྱི་བསྡུས་པའི་དགེ་ཚོགས་རླབས་པོ་ཆེ་བསགས་ནས་གཤིན་པོར་སྨན་པའི་ལས་རིམ་ཆ་ཚང་བསྒྲུབས་པ་བཅས་སོ།།

༢༠༢༠ ལོའི་ཟླ་༤ པའི་ཚེས་༡༢ ཉིན།
འགན་འཛིན་དོ་དམ་ཚན་ཆུང་ནས།