ཁྱུང་པོ་སྟེང་ཆེན་ཁྲི་རྡོ་སྒང་རུ་སྡེ་དགེ་ཚང་གི་
མགར་གྱི་ལག་རྩལ་ངོ་སྤྲོད་མདོར་བསྡུས།

བཟོ་རྒྱལ་གར་མའི་རྣམ་དཔྱོད་ཉི་གཞོན་གྱིས།།
གསལ་བར་བྱས་པ་བླུགས་དང་རྡུང་བའི་སྲོལ།།
ཆེས་ཆེར་དར་བ་མདོ་ཁམས་ཁྱུང་ཡུལ་དུ།།
སྡེ་དགེ་ཚང་ཞེས་སྙན་པ་གླིང་འདིར་གྲགས།།

མི་རབས་དུ་མར་བཟོ་རིགས་ལག་རྩལ་ཉིད།།
བརྒྱུད་པ་མ་མཉམ་གཡུང་དྲུང་ལག་སྦྲེལ་ཏེ།།
ཕ་ཤུལ་འཛིན་པ་ཉི་མ་འབྲུག་རྒྱལ་གྱི།།
ཕུལ་བྱུང་ལག་རྩལ་མིག་གི་གསོས་སུ་བཤམས།།


དེ་ཡང་སྤྱིར་སྡེ་དགེ་ཚང་གི་མགར་གྱི་ལག་རྩལ་ནི་མི་རབས་བཞི་ལྔ་ཙམ་གྱི་རིང་དངོས་མཐོང་ལག་ཟིན་དུ་བྱུང་བ་ཡིན་འདུག གནའ་རབས་ཀྱི་མགར་བ་དག་ནི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ལྡན་ཞིང་བཟོ་རྩལ་ཕུན་སུམ་ཚོགས་པ་ཡོད། ལི་སོགས་བླུགས་ལ་མཁས་པ་དང་། ལྕགས་སོགས་མགར་ལ་མཁས་པ། གསེར་དངུལ་སོགས་སྤྲོས་ལ་མཁས་པའི་བྱང་ཆ་དང་ཉམས་མྱོང་གཉིས་ཀ་ལྡན་ཡོད། ལྷག་པར་དུ་ད་ལྟའི་མགར་བ་ཉི་མ་འབྲུག་རྒྱལ་ཁོང་ནི་རྣམ་དཔྱོད་ཀྱི་བློ་རྣོ་ཞིང་ཕུལ་བྱུང་བཟོ་རྩལ་གྱི་ལག་རྩལ་ལྡན་པ་ཡ་རབ་སྤྱོད་བཟང་གོམས་པའི་མི་སྣ་ཞིག་ཡིན། ཡོངས་གྲགས་སུ་གྲོང་མི་དང་རྒྱུས་ཡོད་རྣམས་ཀྱིས་བཀུར་བར་བྱེད་སའི་དྲང་བདེན་གྱི་མི་སྣ་ཞིག་ཀྱང་ཡིན་པ་རེད། ཁོང་ནི་གསེར་དངུལ་ཟངས་ལྕགས་ལི་སོགས་རྡུང་བླུགས་སྤྲོས་ཀུན་ལ་མངའ་བརྙེས་པ་ཞིག་ཡིན་ཞིང་།
ལྷག་པར་དུ་མཆོད་རྫས་རྒྱན་རྫས་ཀྱི་རིགས་དང་གཤང་ཆེ་ཆུང་དང་ཀོ་ཡོའམ་ཟངས་རྐང་མནྜལ་སྦུབ་ཆོལ་བྲིས་གྲི་སོགས་དང་། ཕོ་མོའི་རྒྱན་ཆའི་རིགས་མདའ་ར་དང་། མེ་ཆ། དངུལ་གྲི་། གློ་ཁུག མེ་ལོང་། རྟ་ཡི་དྲིལ་ཆུང་སོགས་གང་ལྟར་སྤྱི་ཚོགས་སུ་མཁོ་བའི་ཡོ་བྱད་རྣམས་བཟོ་སྤེལ་གཏོང་གིན་ཡོད། མ་ཚད་བྲིས་གཟུགས་ཡིག་དཀར་རིགས་དང་གཟབ་ཆེ་ཆུང་རྣམས་ལ་བྱང་ཆུབ་ཅིང་། ཀློག་འདོན་ཡང་ཕུལ་དུ་ཕྱིན་ཡོད།











