༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 19
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > བོན་སྒོ། > 4 ཆབ་ནག་རྒྱུ་ཡི་བོན་སྒོ།
4 ཆབ་ནག་རྒྱུ་ཡི་བོན་སྒོ།
གཙུག་ལག་རྩིས་ཀྱི་རིག་པ་སྣང་སྲིད་མེ་ལོང་ལས་ནག་རྩིས་ཀྱི་རབ་ཏུ་བྱེད་པ་བཞུགས་སོ།།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-04-26] [རྩོམ་པ་པོ།:མཁས་གྲུབ་ལུང་རྟོགས་རྒྱ་མཚོ།] [གཟིགས་ཐེངས:]

   ༄༅།  །སཾ་སྐྲྀ་ཏ་ལྷའི་སྐད་དུ།  ཀ་ལ་མེ་ཁ་ལོ་ཀཱ་དར་ཤ་ནཱ་མ།  བོད་སྐད་དུ་ནག་རྩིས་སྣང་སྲིད་མེ་ལོང་ཞེས་བྱ་བ།  སྟོན་པ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ།།  བཀྲ་ཤིས་རི་མོ་བཀྲ་དང་རིན་ཆེན་གདེང་ཀ་ཅན།  འཁོར་གཞོན་ནུ་གདོང་དྲུག་ལོའི་ལག་པ་ཅན་དང་སྙན་གྲགས་ནམ་མཁས་འཛིན།  གྲུབ་པའི་མཆོག་གྱུར་རྣམས་དང་བདུད་ཀྱི་དཔའ་བོ་སོགས།  ཀུན་གྱིས་མཆོད་ཕུལ་གྱུར་པ་ཀུན་མཁྱེན་དེ་ལ་འདུད།  མང་དུ་ཐོས་དང་འབད་པ་ཡིས།  གཙུག་ལག་རིག་པའི་རྒྱ་མཚོ་ལས།  དྲི་བྲལ་སྣང་སྲིད་མེ་ལོང་འཁྲུངས།  དེ་ཡི་རྣམ་དབྱེ་འདི་ན་འཆད།  སྟོན་པ་ཐམས་ཅད་མཁྱེན་པ་དེས།  བསྟན་པ་སྤེལ་བའི་མཛད་པ་ལས།  ས་ཡི་ལྷ་མོ་བརྟན་མ་ཡིས།  རིན་ཆེན་བུམ་པས་མངའ་དབུལ་ཏེ།  འོག་ཕྱོགས་ས་བདག་རྒྱལ་པོའི་ཁབ།  རུས་སྦལ་ཕོ་བྲང་སྤྱན་དྲངས་ནས།  ས་རྒྱལ་ཁྱབ་པ་དབང་ཆེན་གྱིས།  གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན།  ཕུལ་ནས་བསྟན་པ་སྤེལ་བར་ཞུས།  གང་ཚེ་བསྟན་པའི་གཙོ་བོ་ཡིས།  ཆུ་ཕག་ནག་ཟླའི་ཉ་ཆེན་ལ།  སེམས་དཔའ་གསེར་ཐུབ་འོད་སྲུང་སོགས།  གཙུག་ལག་ཞུ་བའི་གཤེན་བརྒྱད་དང་།  ལྷ་ཀླུ་མི་ཡི་འཁོར་རྣམས་ལ།  དབང་ལྡན་དུས་ཀྱི་འཁོར་ལོ་གསུངས།  དེ་ཡང་རྣམ་པ་གསུམ་གྱིས་བཅད།  བསྐལ་སྲིད་འགྲོས་འདེབས་མདོ་ལ་སོགས།  མདོ་ཆེན་དུས་ཀྱི་འཁོར་ལོ་དང་།  ཕྱི་ནང་གཞན་གསུམ་རོ་མཉམ་པའི།  རྒྱུད་རྒྱལ་དུས་ཀྱི་འཁོར་ལོ་དང་།  ལོ་ཟླ་ཞག་དུས་རྩིས་འདེབས་པའི།  མན་ངག་དུས་ཀྱི་འཁོར་ལོ་གསུངས།  དེ་ཡང་གདུང་སོབ་ཆེན་པོ་དང་།  རྒྱལ་བ་ཤཱཀྱ་སེང་གེ་ཡིས།  སླར་ཡང་བཟླས་ཏེ་གསུངས་པ་ཡིན།  གང་འདི་རྒྱལ་དང་མ་མཇལ་བས།  འགྲེལ་མེད་ཟེར་ན་མི་སྐྱོན་ཏེ།  རྒྱལ་བས་རྗེས་སུ་གནང་བ་དང་།  ཟག་པ་ཟད་པའི་མངོན་ཤེས་ཀྱིས།  འཁྲུལ་མེད་འཆད་པའི་རང་སྟོབས་ལྡན།  དེ་ལ་བསྙོན་ནས་རྩོད་མི་ནུས།  གང་ཚེ་འཛམ་གླིང་རྒྱན་དྲུག་གིས།  ཞིང་ཁམས་ཀུན་ཏུ་དར་བར་མཛད།  དེ་ཙམ་དུས་ཀྱི་སྔོན་རོལ་ན།  ཤར་ཕྱོགས་མ་ཧཱ་ཙི་ནའི་ཡུལ།  མཁྱེན་རབ་ཀོང་ཙེ་འཕྲུལ་རྒྱལ་གྱིས།  མན་ངག་དུས་འཁོར་ལས་བསྙད་དེ།  འགྱུར་རྩིས་སུམ་བརྒྱ་དྲུག་ཅུ་བཤད།  མཁས་པ་ལེགས་ཏང་རྨང་པོ་ལ།  བརྒྱུད་ནས་རྒྱ་རྩིས་བོད་དུ་སྤེལ།  འོན་ཀྱང་ཞང་བོད་རྒྱ་སོགས་ཀྱི།  གཙུག་ལག་སྲིད་པའི་བུ་བཞི་རྣམས།  འགྱུར་དང་རང་སྐད་མི་འདྲ་བ།  ཅུང་ཟད་བྱུང་ཡང་མི་རྩོད་དེ།  གསེར་གྱི་གཟུགས་བརྙན་གང་བཅོས་ཀྱང་།  ངོ་བོ་གསེར་ལས་འདའ་མི་སྲིད།  དེ་ཕྱིར་མོ་རྩིས་ཆོས་སྨན་བཞི་ལ་གཙུག་ལག་བུ་བཞིར་གྲགས།གཅིག་གིས་གཅིག་མི་བཀག།  དེ་དག་ཀུན་གྱི་དགོངས་པའི་བཅུད།  རྩོད་བྲལ་སྨྲ་བའི་དབང་པོ་འགས།  བསྡུས་པའི་ལུང་དང་མ་བསྡུས་བཀའ།  དག་བྱེད་རིག་པས་བཀྲལ་ནས་བསྡེབ།  ཐོག་མར་སྲིད་པའི་བྱུང་ཁུངས་ནི།  བོན་རྣམས་རྟེན་ཅིང་འབྲེལ་འབྱུང་གི།  སྣང་ཚུལ་བསམ་གྱིས་མི་ཁྱབ་པར།  རང་བཞིན་ཡེ་སྲིད་སྲིད་པ་དང་།  བྱེད་པས་བྱས་པའི་སྲིད་པ་དང་།  རྒྱུ་མཐུན་འབྱུང་བའི་སྲིད་པ་རྣམས།  སངས་རྒྱས་རྒྱལ་བའི་ཐུགས་རྗེ་དང་།  སེམས་ཅན་ལས་འཕྲོ་བཟང་པོ་ཡིས།  སྣོད་བཅུད་གཉིས་ཀྱི་ཐ་སྙད་སྲིད།  དེ་ཡང་ཀུན་རྫོབ་མ་བཀག་ཅིང་།  གཙུག་ལག་གླེང་གཞི་བསྟན་པའི་ཆེད།  སྲིད་པ་སྨྲ་སེང་སེར་པོ་ཡིས།  འཇིག་རྟེན་སྙིང་རྗེས་རྗེས་བཟུང་ནས།  ༈བརྟེན་གཞི་གསེར་གྱི་རུས་སྦལ་སྤྲུལ།  དེ་ཡང་གན་རྐྱལ་ཉིད་དུ་གནས།  མགོ་བོ་ལྷོར་བསྟན་མཇུག་མ་བྱང་།  ཡན་ལག་བཞི་པོ་མཚམས་བཞིར་བརྐྱང་།  ཚངས་རྒྱུང་ཆགས་པའི་གཞི་ཡིན་སྐད།  རུས་སྦལ་ཤ་ཁྲག་དྲོད་དབུགས་ལས།  འབྱུང་བ་ཆེན་པོ་བཞི་རུ་སྲིད།  ཕྱི་ནང་སྐྱེ་མཆེད་བཅུ་གཉིས་ལས།  རྩ་བའི་ལོ་སྐོར་བཅུ་གཉིས་སྲིད།  རྣམ་ཤེས་བརྒྱད་ལས་སྤར་ཁ་བརྒྱད།  བུ་ག་དགུ་ལས་སྨེ་བ་དགུ།  ཚིགས་ཆེན་བརྒྱད་ལ་གཟའ་ཆེན་བརྒྱད།  སྒལ་ཚིགས་ཉི་ཤུ་རྩ་བརྒྱད་ལས།  རྒྱུ་སྐར་ཉི་ཤུ་རྩ་བརྒྱད་སྲིད།  དེ་ཡང་ཇི་ལྟར་སྲིད་སྙམ་ན།  ཤར་ཕྱོགས་མཆིན་པའི་རྩ་ཁམས་ལ།  འབྱུང་བ་ཤིང་སྲིད་དེ་རུ་ནི།  སྟག་ཡོས་ཟིན་དང་ཕུར་བུ་དང་།  སྨིན་དྲུག་སྣར་མ་མགོ་དང་ལག།  ནབས་སོ་རྒྱལ་བཅས་ཤར་སྐར་དྲུག།  དེ་རྣམས་ཀུན་གྱི་འབྱུང་བ་ཤིང་།  ལྷོ་ཕྱོགས་སྙིང་གི་རྩ་ཁམས་ལས།  འབྱུང་བ་མེ་སྲིད་དེར་རྟ་སྦྲུལ།  ལི་དང་ཉི་མ་མིག་དམར་དང་།  མཆུ་དང་གྲེ་དང་དབོ་མེ་བཞི།  ནག་པ་ས་རི་ལྷོ་སྐར་དྲུག།  དེ་རྣམས་ཀུན་གྱི་འབྱུང་བ་མེ།  ནུབ་ཕྱོགས་གློ་བའི་རྩ་ཁམས་ལས།  འབྱུང་བ་ལྕགས་སྲིད་དེར་བྱ་སྤྲེལ།  དྭ་དང་པ་སངས་གནས་པ་དང་།  ལྷ་མཚམས་སྣྲོན་དང་སྣུབས་ཆུ་སྟོད་།  ཆུ་སྨད་གྲོ་བཞིན་ནུབ་སྐར་དྲུག།  དེ་རྣམས་ཀུན་གྱི་འབྱུང་བ་ལྕགས།  བྱང་ཕྱོགས་མཁལ་མའི་རྩ་ཁམས་ལ།  འབྱུང་བ་ཆུ་སྲིད་དེར་བྱི་ཕག།  སྤར་ཁ་ཁམས་དང་གཟའ་ཟླ་ལྷག།  མོན་གྲེ་མོན་གྲུ་ཁྲུམས་སྟོད་སྨད་།  ནམ་གྲུ་དབྱུག་གུ་བྱང་སྐར་དྲུག།  དེ་རྣམས་ཀུན་གྱི་འབྱུང་བ་ཆུ།  མཚམས་བཞི་མཚེར་པའི་རྩ་ཁམས་ལས།  འབྱུང་བ་ས་རུ་སྲིད་པ་སྟེ།  ཤར་ལྷོར་འབྲུག་ཟོན་སྐག་དང་གསུམ།  ལྷོ་ནུབ་ལུག་ཁོན་ས་ག་གསུམ།  ནུབ་བྱང་ཁྱི་ཁེན་བྱི་བཞིན་གསུམ།  བྱང་ཤར་གླང་གིན་བྲ་ཉེ་གསུམ།  དེ་རྣམས་ཀུན་གྱི་འབྱུང་བ་ས།  སྤེན་པ་ས་ཁམས་མཚམས་བཞིར་གནས།  རྭ་ཧུ་སྤྱི་ཁྱབ་འབྱུང་ལྔ་ཚང་།  ལི་ལ་གསལ་བའི་མེ་སྨུག་དགུ།  ཁོན་ལ་སྲིབ་རི་གཉིས་སུ་ནག།  དཱ་ལ་རིན་ཆེན་འབར་བ་བདུན།  ཁོན་ལ་རྒྱལ་པོ་དྲུག་ལྡན་དཀར།  ཁམས་ལ་ཆུ་ཡི་ལྦུ་བ་གཅིག།  གིན་ལ་རི་རྒྱལ་རྩོ་བརྒྱད་དཀར།  ཟིན་ལ་ཤིང་གི་འབྲས་བུ་གསུམ།  ཟོན་ལ་རླུང་གི་འཕྱོ་བ་བཞི།  ལྔ་སེར་རུས་སྦལ་ལྟོ་བར་ག།  ལོ་ཟླ་སྤར་སྨེ་གཟའ་སྐར་སོགས།  འབྱུང་བ་ལྔ་ཡིས་མ་བསྡུས་པའི།  བོན་འགའ་ཡོད་པ་མ་ཡིན་ནོ།།  དེ་ཕྱིར་དེའི་རྣམ་དབྱེ་ནི།  སྐྱེ་བ་ཤིང་ལ་སྲེགས་པ་མེ།  བརྟན་པ་ས་ལ་སྲ་བ་ལྕགས།  རླན་ཞིང་གཤེར་བ་ཆུའི་མཚན་ཉིད།  ནར་མོ་ཤིང་ལ་ཟུར་གསུམ་མེ།  གྲུ་བཞི་ས་ལ་ཟླ་གམ་ལྕགས།  ཟླུམ་པོ་ཆུ་ཡི་དབྱིབས་སུ་བཤད།  ཤིང་ལྗང་མེ་དམར་ས་ནི་སེར།  ལྕགས་མཐིང་ཁ་དཀར་དཀར་ཆུ་མཐིང་ཁ་དོག་ལྔ།  ཤིང་གཅིག་མེ་གཉིས་ས་ནི་གསུམ།  ལྕགས་བཞི་ཆུ་ལྔ་འབྱུང་བའི་གྲངས།  ཤིང་མེ་ས་ལྕགས་ཆུ་ལྔ་ཡིས།  འབྱུང་བ་མ་ལྔ་བུ་ལྔ་བརྩི།  མེ་ཆུ་ས་ཤིང་ལྕགས་ལྔ་ཡིས།  འབྱུང་བ་དགྲ་ལྔ་གྲོགས་ལྔ་བརྩི།  ཡང་ན་སོར་མོ་ལྔ་ལ་ནི།  འབྱུང་བ་ལྔ་བཀོད་འདི་ལྟར་འདོན།  ཤིང་མ་ཆུ་ལ་ཆུ་མ་ལྕགས།  ལྕགས་མ་ས་ལ་ས་མ་མེ།  མེ་ཡི་མ་ནི་ཤིང་ཡིན་ནོ།།  ཤིང་བུ་མེ་ལ་མེ་བུ་ས།  ས་བུ་ལྕགས་ལ་ལྕགས་བུ་ཆུ།  ཆུ་ཡི་བུ་ནི་ཤིང་ཡིན་ནོ།།  ཤིང་དགྲ་ལྕགས་ལ་ལྕགས་དགྲ་མེ།  མེ་དགྲ་ཆུ་ལ་ཆུ་དགྲ་ས།  ས་ཡི་དགྲ་ནི་ཤིང་ཡིན་ནོ།།  ཤིང་གྲོགས་ས་ལ་ས་གྲོགས་ཆུ།  ཆུ་གྲོགས་མེ་ལ་མེ་གྲོགས་ལྕགས།  ལྕགས་ཀྱི་གྲོགས་ནི་ཤིང་ཡིན་ནོ།།  ཡར་འདེད་མ་ལ་མར་འདེད་བུ།  ཕྱི་མོ་དགྲ་ལ་ཚ་བོ་གྲོགས།  དེ་ནི་རྩི་ཚུལ་ཀུན་གྱི་གཞི།  ཞེས་ནག་རྩིས་སྣང་སྲིད་མེ་ལོང་ལས་གླེང་བཞིའི་ལེའུ་སྟེ་དང་པོའོ།།  །།

   དེ་ནས་བརྩི་བར་བྱ་བ་ནི།  ཁམས་དང་ལོ་དང་ལོག་མེན་དང་།  སྤར་མེ་དར་རྒུད་ཟླ་ཞག་དུས།  གཟའ་སྐར་དང་བཅས་རིམ་བཞིན་བཤད།  དང་པོ་ཁམས་ནི་ཀེག་ཤིང་དང་།  ཇི་མེ་ཀུང་ས་ཤིང་ལྕགས་དང་།  འུ་ཆུ་རུས་ཆེན་ལྔ་རུ་གྲགས།  དེ་དག་སོ་སོར་ངོས་འཛིན་ནི།  སྐད་འགག་གྲེ་འདར་ཀེག་ཤིང་ཁམས།  སྒ་རིགས་ཡིན་ཏེ་ལུག་ལ་བླ།  སོ་བར་སྐད་འདོན་ཇི་མེ་ཁམས།  སྒོ་རིགས་ཡིན་ཏེ་ར་ལ་བླ།  ལྟེ་ཁུངས་དབུགས་བསྡུད་ཀུང་ས་ཁམས།  གདོང་རིགས་ཡིན་ཏེ་ཤ་བར་བླ།  ཁ་གདངས་ལྕེ་འབྱར་སྣ་ནས་དབུགས།  འབྱིན་པ་དེ་ནི་ཤིང་ལྕགས་ཁམས།  དབྲ་རིགས་ཡིན་ཏེ་རྐྱང་ལ་བླ།  མཆུ་སྡུད་མཆུ་འཛུམ་འུ་ཆུ་ཁམས།  འགྲུ་རིགས་ཡིན་ཏེ་གཡག་ལ་བླ།  དེ་རྣམས་རུས་ཆེན་སྡེ་ལྔ་ཡིན།  ཁ་ཕུག་པའི་རྗེས་འབྲངས་འགའ་ཞིག་དང་།  ཀརྨ་ངེས་ལེགས་སོགས་ཅིག་རུས་པ་མ་ཤེས་ན།  གདོང་ལ་བསྡུ་ཟེར་བླུན་པོའི་ལུགས།  དེ་ནི་ལུང་དང་འགལ་བ་དང་།  རིག་པས་གནོད་ཅིང་ཧ་ཅང་ཐལ།  གང་ཕྱིར་རུས་ཁུངས་མ་ཤེས་ན།  དེ་ལ་དགོངས་ནས་ངོས་འཛིན་གསུངས།  དེ་ཡིས་མི་ཤེས་ག་ལ་སྲིད།  འོན་ཀྱང་གདོང་ལ་བསྡུ་བ་ན།  ཕལ་ཆེར་གདོང་རིགས་འགྱུར་བ་དང་།  བོད་ཁམས་རུས་པ་གཅིག་པའི་སྐྱོན།  ངོས་འཛིན་དེ་ཡང་དགོས་མེད་འགྱུར།  ཁ་ཅིག་དྷརྨ་བྷ་ཏྲ་དང་།  ཤི་ལ་དྷ་ཛ་སོགས་རུས་ཁུངས་མ་དམིགས་པས།  རུས་རྩིས་ཕལ་ཆེར་དོར་བ་སྣང་། དེ་ཡང་བླུན་པོའི་སྐད་ལུགས་ཡིན།  རུས་ཁམས་ལྔ་ལས་མ་གྲོལ་བའི།  བོད་ཀྱི་འགྲོ་བ་འགའ་ཡང་མེད།  མཁས་པས་ཐོག་མར་རུས་ཁུངས་འདྲི།  ཤེས་པར་དཀའ་ན་ངོས་འཛིན་བྱ།  དེ་ལས་དཔག་སྟེ་ཁ་དམར་གདགས།  ཚུལ་འདི་འབྲེལ་མེད་བསྙད་ན་ཡང་།  ལྐོག་གྱུར་ལམ་ནས་མངོན་སུམ་གྱིས།  ངོ་མཚར་ཤེས་བྱའི་རྣམ་བཞག་གང་།  གཙུག་ལག་རྩིས་ཀྱི་རང་གཤིས་ཡིན།  

  གཉིས་པ་ལོ་ཡི་རྣམ་དབྱེ་ནི།  བྱི་བ་གླང་སྟག་ཡོས་འབྲུག་སྦྲུལ།  རྟ་ལུག་སྤྲེལ་དང་བྱ་ཁྱི་ཕག།  དེ་ཡང་ཕོ་མོའི་དབྱེ་བ་ནི།  བྱི་སྟག་འབྲུག་རྟ་སྤྲེལ་ཁྱི་ཕོ།  གླང་ཡོས་སྦྲུལ་ལུག་བྱ་ཕག་མོ།  སྟག་སྤྲེལ་ཕག་སྦྲུལ་ར་བ་བཞི།  བྱི་རྟ་བྱ་ཡོས་འབྲིང་པོ་བཞི།  ཁྱི་འབྲུག་གླང་ལུག་ཐ་ཆུང་བཞི།  ཤར་སྟོད་སྟག་ལ་ཤར་སྨད་ཡོས།  ཤར་ལྷོ་འབྲུག་ལ་ལྷོ་སྟོད་སྦྲུལ།  ལྷོ་སྨད་རྟ་ལ་ལྷོ་ནུབ་ལུག།  ནུབ་སྟོད་སྤྲེལ་ལ་ནུབ་སྨད་བྱ།  ནུབ་བྱང་ཁྱི་ལ་བྱང་སྟོད་ཕག།  བྱང་སྨད་བྱི་བ་བྱང་ཤར་གླང་།  དེ་རྣམས་འབྱུང་བ་ལྔས་དབྱེ་ན།  ལོ་འགྲོས་དྲུག་ཅུ་ཐམ་པ་སྲིད་།  ཀུན་ལ་སྲོག་ལུས་དབང་རླུང་བཞི།  དང་པོ་སྲོག་ཁམས་ངོས་འཛིན་ནི།  སྟག་ཡོས་སྲོག་ཤིང་རྟ་སྦྲུལ་མེ།  བྱ་སྤྲེལ་སྲོག་ལྕགས་བྱི་ཕག་ཆུ།  ཁྱི་འབྲུག་གླང་ལུག་སྲོག་ས་ཡིན།  དེ་ནས་ལུས་ཀྱི་ལྡེ་མིག་ནི།  ཤིང་གི་བྱི་གླང་རྟ་ལུག་དང་།  ཆུ་ཡི་སྟག་ཡོས་བྱ་སྤྲེལ་དང་།  ལྕགས་ཀྱི་ཁྱི་ཕག་འབྲུག་སྦྲུལ་དང་།  བཅུ་གཉིས་པོ་འདིའི་ལུས་འདི་ལྕགས།  དེ་ལྟར་དབང་ཐང་ནས་བརྩམ་སྟེ།  མ་ལུས་ཤིང་ལ་བུ་ལུས་ཆུ།  དགྲ་ལུས་ས་ལ་གྲོགས་ལུས་མེ།  དེ་ནས་དབང་ཐང་ཤིང་བྱི་ནས།  ཤིང་མེ་ས་ལྕགས་ཆུ་ལྔ་ཡིས།  ཕོ་མོ་གཉིས་གཉིས་སྦྲག་འདེད་བྱ།  དཔེར་ན་ཤིང་གི་བྱི་གླང་ནས།  ཆུ་ཡི་ཁྱི་ཕག་བར་དག་ཏུ།  ལོ་རྒན་དྲུག་ཅུ་ཐམ་པའོ།།  གནམ་ལོ་ཕོ་ལོ་ཤར་བའི་ཚེ།  གཅིག་བཅུ་རང་ལ་གཉིས་གསུམ་གནམ་ལོའི་འབྱུང་བས་བསྐོར། མ།  བཞི་ལྔ་དགྲ་ལ་དྲུག་བདུན་གྲོགས།  བརྒྱད་དགུ་གཉིས་པོ་བུ་རུ་འགྱུར།  མོ་ལོ་ཤར་དུས་གཅིག་གཉིས་རང་།  གསུམ་བཞི་མ་ལ་ལྔ་དྲུག་དགྲ།  བདུན་བརྒྱད་གྲོགས་ལ་དགུ་བཅུ་བུ།  དེ་རྣམས་རང་རང་འབྱུང་བ་ཡིན།  དེ་ནས་ཀླུང་རྟ་ངོས་འཛིན་ནི།  སྟག་རྟ་ཁྱི་གསུམ་སྤྲེལ་ཏེ་ལྕགས།  བྱི་འབྲུག་སྤྲེལ་གསུམ་སྟག་སྟེ་ཤིང་།  བྱ་གླང་སྦྲུལ་གསུམ་ཕག་སྟེ་ཆུ།  ཕག་ལུག་ཡོས་གསུམ་སྦྲུལ་ཏེ་མེ།  དེ་རྣམས་མཐུན་གསུམ་ལོ་ཞེས་གྲགས།  བླ་ནི་སྲོག་གི་གསང་ལུང་ལས།  བླ་ནི་སྲོག་གི་རྗེས་འགྲོ་བྱེད་།  ཅེས་གསུངས་པ་དང་མཐུན་ནོ།།  མ་ལ་འདོད།  ཁ་ཅིག་ལུས་ཀྱི་མར་བྱེད་ཀྱང་།  དེ་ནི་ལུང་དང་མ་འབྲེལ་ལོ།།  རབ་ཀླུང་ཀླུང་རྟའི་བུ་ལ་བྱེད།  ལོ་རྒན་དྲུག་ཅུ་རང་རང་གི།  སྲོག་མགོ་ལུས་ཞྭ་དབང་ཐང་གོས།  ཀླུང་རྟ་སྐ་རགས་སྨེ་བ་གདན།  གནམ་ལོའི་སྲོག་ལུས་དབང་རླུང་བཞི།  འབྱུང་བ་བཞི་ཡོད་བཞི་ལྡན་ལོ།།  གསུམ་ལ་གསུམ་ལྡན་གཉིས་གཉིས་ལྡན།  དེ་ལྟར་མ་ནོར་བརྟག་པར་བྱ།  ཁ་ཡན་ལོ་ལྔ་བསྟན་པ་ནི།  སྲོག་དང་དབང་ཐང་གཅིག་པ་ལ།  ཁ་ཡན་ལོ་ཞེས་བྱ་བ་ཡིན།  དབང་ཐང་སྲོག་གི་བུར་སོང་ན།  སེ་ཞིག་ལོ་ཡིན་དབང་ཐང་དེ།  སྲོག་གི་མར་སོང་ཁོང་ནོང་ལོ།།  སྲོག་གི་གྲོགས་སོང་ཁ་རལ་ལོ།།  སྲོག་གི་དགྲར་སོང་མདུན་ཁུར་ལོ།།  ལོ་དང་རུས་ཁམས་མཐུན་སྡེབ་ནི།  ཤིང་ཁམས་ཀེག་ལ་འདི་ལྟར་བརྩི།  སྟག་ཡོས་བྱུང་ན་དབང་ལོ་ཡིན།  བྱི་ཕག་བྱུང་ན་མ་ལོ་ཡིན།  རྟ་སྦྲུལ་བྱུང་ན་བུ་ལོ་ཡིན།  ཁྱི་འབྲུག་གཉིས་ནི་གྲོགས་ལོ་ཡིན། བྱ་སྤྲེལ་གཉིས་ནི་དགྲ་ལོར་འདོད།  ལུག་ནི་ཆད་ཆེན་གླང་ཆད་ཆུང་།  མེ་ཁམས་ཇི་ལ་ཆད་ཆེན་ཁྱི།  ཆད་ཆུང་འབྲུག་ལ་རྟ་སྦྲུལ་དབང་།  སྟག་ཡོས་མ་ལ་གླང་ལུག་བུ།  བྱ་སྤྲེལ་གྲོགས་ལ་བྱི་ཕག་དགྲ།  ས་ཁམས་ཀུང་ལ་ཆད་ཆེན་འབྲུག།  ཆད་ཆུང་ཁྱི་ལ་གླང་ལུག་དབང་།  རྟ་སྦྲུལ་མ་ལ་བྱ་སྤྲེལ་བུ།  བྱི་ཕག་གྲོགས་ལ་སྟག་ཡོས་དགྲ།  ལྕགས་ཁམས་ཤང་ལ་ཆད་ཆེན་གླང་།  ཆད་ཆུང་ལུག་ལ་བྱ་སྤྲེལ་དབང་།  ཁྱི་འབྲུག་མ་ལ་བྱི་ཕག་བུ།  སྟག་ཡོས་གྲོགས་ལ་རྟ་སྦྲུལ་དགྲ།  ཆུ་ཁམས་བུ་ལ་ཆད་ཆེན་འབྲུག།  ཆད་ཆུང་ཁྱི་ལ་བྱི་ཕག་དབང་།  བྱ་སྤྲེལ་མ་ལ་སྟག་ཡོས་བུ།  རྟ་སྦྲུལ་གྲོགས་ལ་གླང་ལུག་དགྲ།  དེ་དག་མ་བུ་དགྲ་གྲོགས་བརྩི།  མ་ལ་མ་ལོ་བུ་བུ་ལོ།།  དགྲ་ལ་དགྲ་ལོ་གྲོགས་གྲོགས་ལོ།།  ལོ་དང་ཁམས་གཅིག་དབང་ལོ་ཡིན།  ཤིང་དུར་ལུག་ལ་མེ་དུར་ཁྱི།  ས་ཆུ་འབྲུག་ལ་ལྕགས་དུར་གླང་།  ར་བ་བཞི་ནས་དབུགས་བླང་ན།  ཐ་ཆུང་བཞི་ལ་དུར་དུ་ཞུགས།  དུར་ཞུགས་གང་ཡིན་ཆད་ཆེན་ཡིན།  དེ་ཡི་བདུན་ཟུར་ཆད་ཆུང་ཡིན།  རང་ལོ་གནམ་ལོ་ཤར་བའི་ཚེ།  གཅིག་པ་རང་ཀེགས་གཉིས་ནད་དགྲ།  གསུམ་པ་བྱེ་བྲལ་བཞི་བཞི་གཤེད།  ལྔ་པ་ལྔ་མཐུན་དྲུག་དྲུག་འགྲས།  བདུན་པ་བདུན་ཟུར་རྣམས་ཀྱི་ཀེགས།།  

  གསུམ་པ་ལོག་མེན་བརྩི་བ་ནི།  རང་རང་དབང་ཐང་གང་ཡིན་གྱི།  སྐྱེས་པ་བུ་ཡི་སྟག་ནས་སྦུབ།  བུད་མེད་མ་ཡི་སྤྲེལ་ནས་བཀན།  དཔེར་ན་ཤིང་བྱི་ལོ་པ་ལ།  མོ་ཆུ་སྤྲེལ་ལྟ་བུའོ།།  རང་རང་ལོ་གྲངས་གང་ཡིན་བགྲངས།  དེ་ཡིས་ལོག་མེན་འཁྲུལ་མེད་རྙེད།  སྟག་ཡོས་སྟེང་བབས་འབྱོར་པ་ཡིན།  བྱི་རྟ་གཉིས་ནི་རུ་ཆོད་ཡིན།  གླང་ལུག་གཉིས་ནི་ཕུང་འགྱོད་ཡིན།  བྱ་སྤྲེལ་གཉིས་ནི་བྱེ་བྲལ་ཡིན།  ཁྱི་འབྲུག་གཉིས་ནི་གནམ་སྒོ་ཡིན།  ཕག་སྦྲུལ་གཉིས་ནི་ས་སྒོ་ཡིན།  ཤིང་ལ་ཕ་ཁུ་མེས་གསུམ་བརྩི།  མོ་ལ་བུ་ཚ་མ་སྨད་བརྩི།  ས་ལ་ས་གཞི་ཡུལ་མཁར་བརྩི།  ལྕགས་ལ་ནོར་གྲོགས་ལྷ་སྲུང་བརྩི།  ཆུ་ལ་གཉེན་ལམ་མཐའ་བཞི་བརྩི།  དཔེར་ན་ཤིང་འབྲུག་ལ་བབས་ན།  ཕ་ཁུའི་ས་རུ་གནམ་སྒོ་བྱེ།  ལོག་མེན་གང་བབས་དེ་སྟེང་ནས།  ཡར་ལྔ་གནམ་གྱི་འཇུ་ཐག་ཡིན།  ལོག་མེན་ མར་ལྔ་ས་ཡི་རྟེན་ཕུར་ཡིན།  ཡར་བརྒྱད་བསྒྲངས་པས་གནམ་རྒྱང་ཡིན།  མར་བརྒྱད་བསྒྲངས་པས་ས་རྒྱང་ཡིན།  འདི་རྣམས་འཆད་འགྱུར་གྱི་སྐབས་སུ་དྲན་པར་བྱའོ།།  

  བཞི་པ་སྤར་ཁའི་སྐོར་འགོ་ནི།  རང་རྒྱུད་ཁེན་ཕ་ཁོན་མ་འཚོས།  བུ་ཆེ་གིན་དང་ཆུང་བ་དྭ།  བུ་མོ་ཆེ་ཟོན་ཆུང་བ་ལི།  མིང་སྲིང་ཆེ་བ་གིན་ཟོན་བཤོས།  ཚ་བོ་ཁམས་དང་ཚ་མོ་ཟིན།  སྤར་ཁ་ཕོ་བཞི་མོ་བཞི་བརྒྱད།  ལི་མེ་ཁོན་ས་དྭ་ལྕགས་ཁམས།  ཁེན་གནམ་ཁམས་ཆུ་གིན་ནི་རི།  ཟིན་ཤིང་ཟོན་རླུང་སྤར་ཁའི་ཁམས།  གནམ་རི་རླུང་ཡང་སར་བསྡུས་པས།  དོན་ལ་འབྱུང་བ་རྣམ་པ་ལྔའོ།།  སྐྱེས་པ་ལི་ནས་ཁོན་ཕྱོགས་བསྐོར།  བུད་མེད་ཁམས་ནས་ཁེན་ཕྱོགས་བསྐོར།  སྤར་ཁ་རེ་དང་ལོ་གྲངས་རེ།  བཅུ་ཁ་མ་ལོང་རེ་རེ་བརྩི།  བཅུ་ཚན་ཡན་ལག་བཞི་ལ་བགྲངས།  ལྷག་མ་ལོག་ནས་ལུ་གུ་རྒྱུད།  སྤར་ཁ་བཟང་བཞི་ངན་བཞི་ནི།  མེ་ཆུ་གཉིས་དང་གནམ་ས་གཉིས།  ལྕགས་རི་གཉིས་དང་རླུང་ཤིང་གཉིས།  ཕན་ཚུན་ནུས་པ་ལྡན་པས་ན།  གནམ་སྨན་ཡིན་ཏེ་རབ་ཀྱི་རབ།  ཤིང་མེ་གཉིས་དང་རླུང་ཆུ་གཉིས།  གནམ་ལྕགས་གཉིས་དང་ས་རི་གཉིས།  ཕན་ཚུན་གཅིག་གིས་གཅིག་འཚོ་བས།  སྲོག་འཚོ་ཡིན་ཏེ་རབ་ཀྱི་འབྲིང་།  མེ་རླུང་གཉིས་དང་ས་ལྕགས་གཉིས།  རི་གནམ་གཉིས་དང་ཤིང་ཆུ་གཉིས།  ཕན་ཚུན་དཔལ་ཁ་བསྐྱེད་པས་ན།  དཔལ་སྐྱེད་ཡིན་ཏེ་རབ་ཀྱི་ཐ།  སྤར་བརྒྱད་རང་རང་གནས་ཕྱོགས་ནི།  ཕྱྭ་ལོན་ཡིན་ཏེ་རབ་འབྲིང་སྙོམས།  གནམ་སྨན་ཕྱོགས་ནས་ཕན་བདེ་བཙལ།  སྲོག་འཚོའི་ཕྱོགས་སུ་སྔས་གཏོད་ཉལ།  དཔལ་བསྐྱེད་སྟེང་ནས་ཕྱྭ་གཡང་བཀུག།  ཕྱྭ་ལོན་ཕྱོགས་སུ་ཁ་ལས་དགེ།  དེ་རྣམས་སྤར་ཁ་བཟང་བཞིའོ།།  མེ་རི་གཉིས་དང་རླུང་གནམ་གཉིས།  ལྕགས་ཆུ་གཉིས་དང་ཤིང་ས་གཉིས།  ཕན་ཚུན་གཅིག་གིས་གཅིག་གནོད་པས།  གནོད་པ་ཡིན་ཏེ་ཐ་མའོ།།  ལྕགས་མེ་གཉིས་དང་ས་རླུང་གཉིས།  གནམ་ཤིང་གཉིས་དང་རི་ཆུ་གཉིས།  ཕན་ཚུན་མི་མཐུན་པའི་དབང་གིས།  འདྲེ་ལྔ་ཡིན་ཏེ་ཐ་མའི་རབ།  མེ་གནམ་འགྲས་ཤིང་ལྕགས་ཤིང་འགྲས།  ས་ཆུ་འགྲས་ཤིང་རི་རླུང་འགྲས།  ཕན་ཚུན་འགྲས་ཤིང་གེགས་བྱས་པས།  བདུད་གཅོད་ཡིན་ཏེ་ཐ་མའི་འབྲིང་།  གནམ་ཆུ་མེ་ས་རླུང་ལྕགས་དང་།  ཤིང་རི་ཕན་ཚུན་བསླུ་བས་ན།  ལུས་ཆད་ཡིན་ཏེ་ཐ་མའི་ཐ།  གནོད་པའི་ཕྱོགས་སུ་བཟློག་བསྒྱུར་བྱ།  འདྲེ་ལྔ་གནས་ཕྱོགས་གླུད་ཡས་བརྫོང་།  བདུད་གཅོད་ཕྱོགས་སུ་མདོས་ཟོར་འཕེན།  ལུས་ཆད་སྟེང་ནས་བླ་སྲོག་བསླུ།  དེ་རྣམས་སྤར་ཁ་ངན་བཞིའོ།།  

  ལྔ་པ་སྨེ་བའི་རྣམ་བཤད་ནི།  གཅིག་དཀར་སྨན་གྱི་མེ་ལོང་ལྕགས།  གཉིས་ནག་བདུད་ཀྱི་མེ་ལོང་ཆུ་།  གསུམ་མཐིང་མཚོ་སྨན་མེ་ལོང་ཆུ།  བཞི་ལྗང་ཀླུང་གི་མེ་ལོང་ཤིང་།  ལྔ་སེར་དགྲ་ལྷའི་མེ་ལོང་ས།  དྲུག་དཀར་རྒྱལ་པོའི་མེ་ལོང་ལྕགས།  བདུན་དམར་བཙན་གྱི་མེ་ལོང་མེ།  བརྒྱད་དཀར་ཡུལ་ལྷའི་མེ་ལོང་ལྕགས།  དགུ་དམར་གཡང་གི་མེ་ལོང་མེ།  དེ་ཡང་འཁོར་སྨེ་ངོས་འཛིན་ནི།  ལོ་རྒན་དྲུག་ཅུ་ཐམ་པ་ལ།  སྨེ་བ་དྲུག་ཅུ་ཚན་པ་གསུམ།  བཀོད་པའི་ཚན་པ་དང་པོ་ནི།  གཅིག་ནས་བརྩམས་ཏེ་ལྔ་ལ་རྫོགས།  གཉིས་པ་བཞིས་ཚུགས་བརྒྱད་ལ་ཟད།  གསུམ་པ་བདུན་ཚུགས་གཉིས་ལ་ཟད།  སླར་ཡང་སྨེ་ཕྲེང་དང་པོར་འཇུག།  དེ་ལྟར་ལུགས་ལྡོག་མ་ནོར་བར།  འདེད་པས་གནམ་སྨེ་འཁྲུལ་པ་མེད།  གང་ལ་སྐྱེས་པའི་གནམ་སྨེ་དེ།  རང་རང་སྐྱེས་སྨེའམ་ལུས་སྨེ་ཡིན།  དེ་ནས་བརྩིས་པའི་ཡར་བཞི་སྲོག།  མར་བཞི་དབང་ལ་དབུས་ཉིད་ལུས།  ཡང་གཅིག་སྨེ་བའི་སྐོར་འགོ་ནི།  གནམ་སྨེ་གང་ཡིན་དབུས་བཞག་ནས།  དབུས་ནས་གནམ་ལྕགས་རི་མེ་ཆུ།  ས་ཤིང་རླུང་ནས་དབུས་ཞུགས་ཏེ།  ལོ་གྲངས་མཚམས་ནས་སྐྱེས་སྨེ་སྙེད་།  དེ་ཡང་གཅིག་དང་བཅུ་གཅིག་དང་།  ཉེར་གཅིག་ལ་སོགས་བསྒྲངས་ནས་མཆོངས།  ལྷག་མ་ལོ་གྲངས་མཚམས་སུ་བརྩི།  སྐྱེས་སྨེ་དབུས་བཞག་སྔར་བཞིན་འགྲིམ།  སྲོག་སྨེ་ལྷོ་ནུབ་མཚམས་ན་གནས།  དབང་སྨེ་བྱང་ཤར་ལུས་ནི་དབུས།  དཀར་གསུམ་གར་གནས་ཕྱོགས་དཀར་ཡིན།  ནག་མཐིང་སྨེ་བའི་ཕྱོགས་ནས་ཡིན།  རླུང་རྟའི་སྨེ་བ་གང་ཞེ་ན།  མཐུན་གསུམ་རླུང་རྟའི་སྲོག་སྨེ་སྦྱར།  དཔེར་ན་སྟག་རྟ་ཁྱི་གསུམ་རླུང་མེ་ལྕགས་སྤྲེལ་གྱི་གཉིས་ནག།  ཁྱི་འབྲུག་སྤྲེལ་གསུམ་ཤིང་སྟག་གི་བརྒྱད་དཀར།  བྱ་གླང་སྦྲུལ་གསུམ་ཆུ་ཕག་གི་བརྒྱད་དཀར།  ཕག་ལུག་ཡོས་གསུམ་མེ་སྦྲུལ་གྱི་སྲོག་སྨེ་ལྔ་སེར་རྣམས།  ཡང་གཅིག་བབ་སྨེ་ཚོལ་ལུགས་ནི།  སྐྱེས་སྨེ་དབུས་བཞག་དབུས་ནས་ཤར།  ཕོ་ལོ་བོན་སྐོར་མོ་ཆོས་སྐོར།  བོན་སྐོར་ལྷོ་ཤར་མཚམས་ནས་དབུས།  ཆོས་སྐོར་བྱང་ཤར་མཚམས་ནས་དབུས།  སླར་ཡང་ཤར་ཐོན་གཡས་གཡོན་ལོ་གྲངས་དང་བབ་སྨེ་བརྩི་ལུགས་གཅིག་ཏུའོ།། གཅིག་དང་བཅུ་གཅིག་ཉེར་གཅིག་སོགས། བསྐོར།  ལོ་གྲངས་མཚམས་ནས་བབ་སྨེ་སྙེད།  ལོ་རེ་སྨེ་བ་རེ་ལ་འགྲོགས།  ལུགས་འབྱུངགི། གང་བབ་སྨེ་ཀེག་འདི་ལྟར་ཡིན།  གཅིག་དཀར་བུ་ཆུང་གཉིས་ནག་ཡིན།  གཉིས་ནག་ཀུན་གྱི་གཉིས་ནག་ཡིན།  གསུམ་མཐིང་སྐྱེས་ཤར་གཉིས་ནག་ཡིན།  བཞི་ལྗང་ཡུག་སའི་གཉིས་ནག་ཡིན།  ལྔ་སེར་བན་དེའི་གཉིས་ནག་ཡིན།  དྲུག་དཀར་བོན་པོའི་གཉིས་ནག་ཡིན།  བདུན་དམར་སྐྱེས་དར་གཉིས་ནག་ཡིན།  བརྒྱད་དཀར་གཙོ་བོའི་གཉིས་ནག་ཡིན།  དགུ་དམར་རྒན་རྒོན་གཉིས་ནག་ཡིན།  

  དྲུག་པ་དར་རྒུད་བཅུ་གཉིས་ནི།  དབུགས་ལེན་མངལ་ནས་ལུགས་རྫོགས་གསུམ།  བཙས་པ་ཁྲུས་བྱེད་གོས་གོན་གསུམ།  ལས་བྱེད་དར་བ་གུད་པ་གསུམ།  ན་བ་ཤི་བ་དུར་ཞུགས་གསུམ།  བརྩི་བྱའི་སྲོག་ལུས་དབང་རླུང་ལས།  བརྩམ་སྟེ་ཤིང་དབུགས་སྟོན་ར་སྤྲེལ།  མེ་དབུགས་དགུན་ར་ཕག་ནས་ལེན།  ལྕགས་དབུགས་དཔྱིད་ར་སྟག་ནས་ལེན།  ས་ཆུ་དབྱར་ར་སྦྲུལ་ནས་བརྩམ།  སྟག་སྤྲེལ་ཕག་སྦྲུལ་དབུགས་ལེན་མགོ།  ཁྱི་འབྲུག་གླང་ལུག་དུར་ཞུགས་མཐའ།  སྲོག་གི་དར་གུད་གནམ་ལོའི་སྟེང་།  ལུས་ཀྱི་དར་གུད་ཟླ་བའི་སྟེང་།  དབང་ཐང་དར་གུད་ཞག་གི་སྟེང་།  ཀླུང་རྟ་དུས་ཚོད་སྟེང་དུ་བརྩི།  ལས་བྱེད་དར་བ་བཟང་པོའི་རབ།  ཁྲུས་བྱེད་གོས་གོན་བཟང་པོའི་འབྲིང་།  ལུས་རྫོགས་བཙས་པ་བཟང་པོའི་ཐ།  དེ་རྣམས་དར་གུད་བཟང་པོ་དྲུག།  དབུགས་ལེན་མངལ་གནས་ངན་པའི་རབ།  གུད་པ་ན་བ་ངན་པའི་འབྲིང་།  ཤི་བ་དུར་ཞུགས་ངན་པའི་ཐ།  དེ་རྣམས་དར་གུད་ངན་པ་དྲུག།  སྤར་ཁའི་དར་གུད་ཇི་ལྟར་ན།  སྟག་ཡོས་ཟིན་དང་རྟ་སྦྲུལ་ལི།  དུར་ཞུགས་ཁེན།  བྱ་སྤྲེལ་དྭ་དང་དུར་ཞུགས་གིན་གཞན་ཁམས་ནས།  དུར་ཞུགས་ཟོན་ དབུགས་ལེན་སྤར་ཁའི་དར་གུད་ཡིན།  

  བདུན་པ་ཟླ་འགོ་འཛིན་ཚུལ་ནི།  རང་རང་འདོད་པ་མང་ཡོད་ཀྱང་།  འགག་ཞིག་རྒྱ་རྩིས་དང་མི་མཐུན།  པདྨ་དཀར་པོ་སོགས།  འགའ་ཞིག་རྩིས་གསར་རྣམ་བཞག་སོགས།  མཐུན་སྣང་ཚད་མས་གནོད་།  བོད་སྨན་གྱི་རྩིས་རྒན་ཟེར་བའི་བླུན་གཏམ་ འགའ་ཞིག་དུས་ཀྱི་གཟེར་དང་འགལ།  འགའ་ཞིག་དབྱར་དགུན་གོ་ལོག་སྐྱོན།  དེས་ན་ངོ་མཚར་དུས་གཟེར་དང་།  མཐུན་པའི་རྒྱ་རྩིས་གསར་འགྱུར་གྱི།  དགོངས་དོན་འཁྲུལ་མེད་འདི་ལྟར་ཡིན།  དཔྱིད་ར་ཧོར་ཟླ་དང་པོ་འདི་།  སྟག་གི་ཟླ་བ་རྩོད་བྲལ་ལོ།།  དེས་ན་སྟག་ཡོས་འབྲུག་གསུམ་ནི།  དཔྱིད་ཟླ་རབ་འབྲིང་ཐ་གསུམ་ནས།  དགུན་ཐ་གླང་གི་བར་དུ་འགྲེས།  ཟླ་ཁམས་གནམ་ལོའི་བུ་ཡིན་ཏེ།  དཔེར་ན་མེ་ཡོས་ཤར་བའི་ཚེ།  དཔྱིད་ཟླ་ས་སྟག་ས་ཡོས་དང་།  དེ་ནས་ལྕགས་འབྲུག་ལྕགས་སྦྲུལ་སོགས།  ལོ་དང་ཟླ་བ་གཉིས་སྦྲག་རྩི།  

  བརྒྱད་པ་ཞག་རྩིས་ཉི་བཅུ་གཉིས།  ཕོ་ཟླ་དྲུག་པོ་སྟག་གིས་ཚེས།  འབྲུག་གིས་ཉ་ཞིང་ལུག་གིས་སྟོང་།  ཡོས་སོགས་ མོ་ཟླ་དྲུག་པོ་སྤྲེལ་གྱིས་ཚེས།  ཁྱི་ཡི་ཉ་ཞིང་གླང་གིས་སྟོང་།  ཉི་ཁམས་ཟླ་བ་མར་བཞག་ནས།  གཅིག་དྲུག་བུ་ལ་གཉིས་བདུན་གྲོགས།  གསུམ་བརྒྱད་དགྲ་ལ་བཞི་དགུ་མ།  ལྔ་དང་བཅུ་གཉིས་རང་དུ་འདོད་།  འོན་ཀྱང་སྤོ་ཐང་གསར་རྩིས་དང་།  ཅུང་ཟད་མི་མཐུན་བློ་ལྡན་ཀྱང་།  

  དགུ་པ་དུས་ཚོད་བཅུ་གཉིས་ནི།  ནམ་ལངས་ཡོས་ལ་ཉི་ཤར་འབྲུག།  ཉི་དྲོས་སྦྲུལ་ལ་ཉིན་ཕྱེད་རྟ།  ཕྱེད་ཡོལ་ལུག་ལ་དགོང་མྱུལ་སྤྲེལ།  ཉི་ནུབ་བྱ་ལ་མུན་སྲོད་ཁྱི།  སྲོད་ཆེན་ཕག་ལ་ནམ་ཕྱེད་བྱི།  ཕྱེད་ཡོལ་གླང་ལ་ཐོ་རངས་སྟག།  དུས་ཁམས་ཉི་མ་མར་བཞག་ནས།  ཡོས་སྤྲེལ་གླང་བུ་སྦྲུལ་གྱི་དགྲ།  རྟ་ཕག་མ་ལ་ལུག་བྱི་རང་།  འབྲུག་བྱ་སྟག་གསུམ་གྲོགས་ཡིན་ནོ།།  ཞག་དུས་འབྱུང་ཁམས་རྐྱང་འདེད་བྱ།  

  བཅུ་པ་གཟའ་ཆེན་བརྒྱད་ཀྱི་རྩིས།  ཉི་མ་མིག་དམར་མེ་ཡིན་ལྷོ།  ཟླ་བ་ལྷག་པ་ཆུ་ཡིན་བྱང་།  ཕུར་ཤིང་ཤར་ཏེ་སངས་ལྕགས་ནུབ།  སྤེན་པ་ས་ཡིན་མཚམས་ལ་དབང་།  ར་ཧུ་སྤྱི་ཁྱབ་འབྱུང་ལྔ་ཚང་།  ཟླ་བ་མིག་དམར་ཕུར་སངས་ཕོ།  ཉི་མ་ལྷག་པ་སྤེན་པ་མོ།  ཚེས་ཚུལ་རྒྱ་རྩིས་རྙིང་མའི་ལུགས།  སྟག་རྟ་ཁྱི་གསུམ་སྤེན་པས་ཚེས།  བྱི་འབྲུག་སྤྲེལ་གསུམ་མིག་དམར་ཚེས།  ཕག་ལུག་ཡོས་གསུམ་ཟླ་བས་ཚེས།  བྱ་གླང་སྦྲུལ་གསུམ་ཕུར་བུས་ཚེས།  དེང་དུས་ཡོངས་གྲགས་ལྔ་བསྡུས་དང་།  ཕྱོགས་ཙམ་འགལ་ཀྱང་ཐེ་ཚོམ་ཙམ།  འོན་ཀྱང་གཙོ་བོ་ལྔ་བསྡུས་བཟུང་།  གང་ཚེས་དེ་དར་བུ་ཡང་དར།  མ་ཞུད་དགྲ་གུད་གྲོགས་ནི་གྱོད།  དར་བཟང་ཞུད་འབྲིང་གྱོད་གུད་ངན།  བཅུ་གཅིག་རྒྱུ་སྐར་ཉི་ཤུ་བརྒྱད།  སྨིན་དྲུག་སྣར་མ་མགོ་ལག་དང་།  ནབས་སོ་རྒྱལ་ཤར་ཀག་ཤར་ལྷོ།  མཆུ་དང་གྲེ་བོ་མེ་བཞི་ནག།  ས་རི་ལྷོ་སྐར་ས་ག་ནི།  ལྷོ་ནུབ་ཡིན་ཏེ་ལྷ་མཚམས་སྣྲོན།  སྣུབས་དང་ཆུ་སྟོད་ཆུ་སྨད་དང་།  གྲོ་བཞིན་ནུབ་སྐར་བྱི་བཞིན་ནི།  ནུབ་བྱང་མཚམས་ཀྱི་སྐར་མ་ཡིན།  མོན་གྲེ་མོན་གྲུ་ཁྲུམས་སྟོད་སྨད།  ནམ་གྲུ་དབྱུག་གུ་བྱང་སྐར་ཏེ།  བྲ་ཉེ་བྱང་ཤར་སྐར་མ་ཡིན།  ཤར་མི་ཡི་གཡང་སྐར་སྐར་ཤིང་ལ།  ལྷོ་ཕྱུགས་ཀྱི་གཡང་སྐར་སྐར་མེ།  ནུབ་འབྲུའི་གཡང་སྐར་སྐར་ལྕགས་ལ།  བྱང་གསེར་གཡུའི་གཡང་སྐར་སྐར་ཆུ།  མཚམས་སྐར་ཞིང་ཁང་གི་གཡང་སྐར་བཞི་ནི་ས་ཡིན་ནོ།།  མཆུ་དང་དབོ་དང་ནག་པ་གསུམ།  ས་ག་སྣྲོན་དང་ཆུ་སྟོད་གསུམ།  གྲོ་བཞིན་ཁྲུམས་སྟོད་དབྱུག་གུ་གསུམ།  སྨིན་དྲུག་མགོ་དང་རྒྱལ་དང་གསུམ།  ཟླ་བ་ཉ་འཛོམས་སྐར་མ་ཡིན།  ཉ་སྐར་དར་ལ་སྟོང་སྐར་གུད།  གཞན་རྣམས་ཞུད་པ་ཉིད་དུ་འདོད།  དེ་ལྟར་ནག་རྩིས་སྒོ་འབྱེད་པའི།  སྔོན་འགྲོའི་ལྡེ་མིག་བསྟན་ཟིན་ཏོ།།  ཞེས་ནག་རྩིས་སྣང་སྲིད་མེ་ལོང་ལས་སྔོན་འགྲོའི་ལེའུ་སྟེ་གཉིས་པའོ།།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།