༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 10 ཚེས 20
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > ཀུན་འདུས། > རིག་པའི་གནས་ལྔ། 五部大论 > 5 བཟོ་རིག་པ།
5 བཟོ་རིག་པ།
ཁྱུང་ཞང་ཞུང་ཐང་སྐུའི་སྒྱུ་རྩལ་སློབ་གླིང་གི་ཐེངས་དང་པོའི་སློབ་ཐོན་མཛད་སྒོ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2020-01-01] [རྩོམ་པ་པོ།:ཁྱུང་ཁྲི་ལྡེ།] [གཟིགས་ཐེངས:]

1577861242752697.jpg

     འཛམ་བུ་གླིང་གི་རྒྱལ་ཁབ་དང་མི་རིགས་སོ་སོ་ལ་ཐུན་མིན་གྱི་རིག་གཞུང་དང་སྐད་ཡིག་སྣ་མང་ཡོད་པ་ལྟར། བོད་མི་རིགས་འདི་ཡང་ལོ་ངོ་སྟོང་ཕྲག་དུ་མ་བརྒལ་བའི་སྐད་ཡིག་དང་རིག་གཞུང་ལོ་རྒྱུས་བཅས་ཤེས་རིག་ཕུན་སུམ་འཚོགས་པ་ཡོད་པའི་མི་རིགས་ཤིག་ཡིན། བོད་མི་རིགས་ཀྱི་རིག་གཞུང་རིག་པའི་གནས་ལྔའི་ནང་ཚན་བཟོ་རིག་པ་འདི་ཡང་ལོ་ངོ་སྟོང་ཕྲག་མང་པོའི་གོང་དུ་ཞང་ཞུང་གི་ཡུལ་དུ་བོན་གྱི་སྟོན་པ་གཤེན་རབ་མི་བོས་སྲོལ་ཕྱེས་པའི་རིག་གནས་རྙིང་པ་ཞིང་ཡིན་ལ། མདོ་དྲི་མེད་གཟི་བརྗིད་ལས། བཟོ་ལ་རྣམ་པ་ལྔ་ཡིན་ཏེ། །དྲ་ཞིང་དྲུབ་དང་བཞོག་ཅིང་སྦྱང་། །བཞུ་ཞིང་བླུག་དང་བརྡུང་ཞིང་མཐར། །བྲི་ཞིང་བཀོད་པ་རྣམ་པ་ལྔ། །ཞེས་བཟོ་རིག་རྣམ་པ་མི་འདྲ་བ་ལྔ་བསྟན། དེ་ལས་བྲི་བའི་བཟོ་རིག་པ་ནི་རི་མོ་དང་ཐང་སྐུ་བཞེངས་པ་འདི་ཚོ་ཡིན། ད་ལན་ཁམས་ཁྱུང་ཡུལ་དུ་དར་ཁྱབ་ཆེ་བའི་ལྡོང་ལུགས་རི་མོའི་སྒྱུ་རྩལ་འདི་ནི་ཡ་ཐོག་ཞང་ཞུང་ནས་དར་བའི་བཟོ་རིག་ཡིན་ལ། མཛད་མདོ་རྒྱས་པ་རྒྱལ་བའི་བཀའ་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལྟར་མཐུན་པའི་ལུགས་རྙིང་གི་བཟོ་རིག་ཅིག་ཆགས་ཡོད། དེ་ཉིད་དུས་རབས་བཅུ་བཞི་པའི་ནང་སྐུ་འཁྲུངས་པའི་སྤྲུལ་སྐུ་བློ་ལྡན་སྙིང་པོ་བྱོན་པ་ནས་དར་རྒྱས་བྱུང་བ་སྟེ། དེའི་རྒྱུད་པ་ནི་ལྡོང་མདོ་ཚང་གིས་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱས་ནས་འཛིན་སྐྱོང་སྤེལ་གསུམ་གནང་ཡོད། ལྡོང་མདོའི་སློབ་རྒྱུད་ནང་དུ་བོད་ཁམས་ཡོངས་ལ་གྲགས་པའི་ལྷ་བྲིས་པ་གྲགས་ཅན་དུ་མ་བྱུང་དང་འབྱུང་བཞིན་པ་མ་ཟད་ལྷ་བྲིས་ཀྱི་སློབ་གླིང་ཡང་ཚད་དང་ལྡན་པ་དུ་མ་བྱུང་བའི་ནང་ནས།

1577861507197952.jpg

ཁྱུང་ཞང་ཞུང་ཐང་སྐུའི་སྒྱུ་རྩལ་ཚོགས་པའི་སློབ་གླིང་འདི་ནི་གྲགས་ཅན་གྱི་ལྷ་བྲིས་པ་རྒན་ནོར་བུ་གཡུལ་རྒྱལ།

1577861861508239.jpg

ཧོར་ཚང་བསྟན་པ་ཉི་མ། 

1577861891741336.jpg

དབལ་ཁྱུང་ཚེ་དབང་དོན་གྲུབ།

          ད་ལན་ཁྱུང་ཞང་ཞུང་ཐང་སྐུའི་སྒྱུ་རྩལ་ཚོགས་པའི་སློབ་གླིང་འདི་ནི་གྲགས་ཅན་གྱི་ལྷ་བྲིས་པ་རྒན་ནོར་བུ་གཡུལ་རྒྱལ་ལགས་ཀྱིས་གསར་འཛུག་གནང་སྟེ། ཕྱོགས་མཐའ་ཁག་ནས་ཕེབས་པའི་རི་མོ་དོན་གཉེར་ཅན་གྱི་སློབ་ཕྲུག་དུས་མ་གསོ་སྐྱོང་གནང་ནས་ཕྱི་ལོ་༢༠༡༩།  ཕྱི་ཟླ༡༢ཚེས་༢༩ཉིན་སློབ་ཐོན་གྱི་མཛད་སྒོ་ཐེངས་དང་པོ་སྤེལ་རྒྱུ་ཡོད་པ་བྱུང་། ཐེངས་དང་པོའི་སློབ་ཐོན་མཛད་སྒོ་དེ་ནི་༢༠༡༩། ཕྱི་ཟླ༡༢ཚེས་༢༩ཉིན་སྟེང་ཆེན་རྫོང་ཐོག་ཁྱུང་ཞང་ཞུང་ཐང་སྐུའི་སྒྱུ་རྩལ་སློབ་གླིང་དུ་འཚོགས་པ་དང་། སྐུ་མགྲོན་གཙོ་བོ་རྫོང་རིམ་པའི་དབུ་ཁྲིད་དང་། དེ་བཞིན་དཔལ་ལྡན་ཀོ་རྒྱལ་དགོན་གྱི་དཔོན་སློབ་དགེ་བཤེས་ཡོན་ཏན་ཕུན་ཚོགས། ཚ་ནེ་རི་ཁྲོད་ཀྱི་དགེ་རྒན་དགེ་བཤེས་གཡུང་དྲུང་སེམས་དཔའ། ལྡོང་མདོ་དབུ་མཛད་ཆེན་མོ་ལྷ་བྲིས་མཁས་ཅན་ཕུན་ཚོགས་འབྱོར་རྒྱས། ཧོར་ཚང་གཡུལ་རྒྱལ། ཡག་བཟའ་འབུ་འབུངས་གཙོས་པའི་ལྷ་བྲིས་དགེ་རྒན་རྣམ་པ་དང་། འབྲེལ་ཡོད་ཚོགས་སྡེ་ཁག་དང་སློབ་མ་རྣམ་པ་མཉམ་འཛོམས་ཐོག་ནས་མཛད་སྒོ་འཚོགས་ཏེ། ཐོག་མར་ཁྱུང་ཞང་ཞུང་ཐང་སྐུའི་སྒྱུ་རྩལ་སློབ་གླིང་གི་གླིང་གཙོ་དགེ་རྒན་ནོར་བུ་གཡུལ་རྒྱལ་ནས་མཛད་སྒོའི་ནང་དོན་ངོ་སྤྲོད་གནང་། དེ་མཚམས་རྫོང་རིམ་པའི་དབུ་ཁྲིད་རྣམ་པས་བཀའ་སློབ་གནང་བ་དང་། སློབ་ཐོན་པ་རྣམ་པ་གཉིས་ཀྱིས་སྟོན་པའི་བཀའ་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ནང་གི་ལྷ་སྐུའི་ཐིག་རྩ་ཆ་ཚང་བློ་རྒྱུགས་ཕུལ་ཏེ་དགེ་རྒན་རྣམ་པས་དཔྱད་བརྗོད་གནང་། དེ་ནས་སློབ་ཐོན་པ་རྣམ་པ་གཉིས་ལ་སློབ་ཐོན་གྱི་ཕྱག་འཁྱེར་གནང་སྟེ་རྟེན་འབྲེལ་གྱི་མགུལ་དར་བསྒྲོན། དེ་མཚམས་འདི་ལོ་ལྗོངས་ཡོངས་ཀྱི་སྐབས་དགུ་པའི་ཐང་སྐུའི་འགྲན་བསྡུར་ཁྲོད་ཨང་རིམ་ཐོབ་མཁན་རྣམས་ལ་རྟེན་འབྲེལ་ལེགས་མཚོན་ཁ་བཏགས་བསྒྲོན་པ་དང་། མཐར་དབུ་ཁྲིད་རྣམ་པ་བླ་མ་དགེ་རྒན་བཅས་ལ་དྲན་རྟེན་གྱི་ཕྱག་རྟགས་ཕུལ་ཏེ་མཛད་སྒོ་རྒྱལ་ཁའི་ངང་ནས་མཇུག་གྲུབ་བོ། 

1577862123148547.jpg

ཐེངས་དང་པོའི་སློབ་ཐོན་པ་གཉིས་ཀྱི་ངོ་སྤྲོད།

1577862224609169.jpg

1577863018377930.jpg

          ཧོར་ཚང་བསྟན་པ་ཉི་མ།
        ཧོར་ཚང་བསྟན་པ་ཉི་མ་ནི་ཁམས་ཁྱུང་པོ་སྟེང་ཆེན་རྫོང་ཁོངས་ཁྲ་ལུང་གྲོང་ཚོ་ཧོར་ཚང་དུ་ཕྱི་ལོ་༡༩༨༧ལོར་སྐྱེས། ཆུང་དུས་ཡོན་ཏན་ཀུན་གྱི་གཞི་མ་འབྲི་ཀློག་བྱང་ཆུབ་པར་སྦྱངས། ཕྱི་ལོ་༢༠༠༡ལོར་རང་ཁྱིམ་དུ་དགེ་རྒན་ཆེན་པོ་ནོར་བུ་གཡུལ་རྒྱལ་མདུན་ནས་སྲོལ་རྒྱུན་རི་མོ་སྦྱང་པ་འགོ་བཙུགས། ༢༠༠༣ལོར་རྫོང་སློབ་འབྲིང་དུ་སྐབས་དང་པོའི་རི་མོའི་འཛིན་གྲར་དངོས་སུ་ཞུགས་ཏེ་༢༠༠༧ལོར་སློབ་མཐར་ཕྱིན། སླར་ཡང་ཁྱུང་ཞང་ཞུང་ཐང་སྐུའི་སྒྱུ་རྩལ་སློབ་གླིང་དུ་མུ་འཐུད་ནས་སྲོལ་རྒྱུན་གྱི་ཐང་སྐུའི་འབྲི་རྩལ་ཕུལ་དུ་ཕྱིན་པ་སྦྱངས་པ་མ་ཟད་དངོས་བྲིས་རི་མོ་ཡང་སྦྱངས། ༢༠༡༥ལོར་ཆབ་མདོ་གྲོང་ཁྱེར་མཛེས་རྩལ་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མིའི་ལག་འཁྱེར་ཐོབ། ༢༠༡༥ལོར་བོད་ལྗོངས་ཐང་ཁའི་སྒྱུ་རྩལ་འགྲིམས་ཚོགས་སྐབས་ལྔ་པར་ཕུལ་བྱུང་བྱ་དགའ་ཐོབ། ༢༠༡༥ལོར་སྐབས་གཉིས་པའི་ཀྲུང་གོའི་རྒྱལ་སྤྱི་ཐང་ཁའི་འགྲིམས་ཚོགས་སྐབས་རྩེར་སོན་བྱ་དགའ་ཐོབ། ༢༠༡༦ལོར་ཆབ་མདོ་གྲོང་ཁྱེར་གཙང་གསུམ་ཇ་རྟའི་དུས་ཆེན་སྐབས་ཨང་གཉིས་པ་ཐོབ། ༢༠༡༧ལོར་བོད་ལྗོངས་ཐང་ཁའི་སྒྱུ་རྩལ་འགྲིམས་ཚོགས་སྐབས་ཨང་གསུམ་པ་ཐོབ། ༢༠༡༧ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྐབས་གསུམ་པའི་ཀྲུང་གོའི་དངོས་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་པའི་ཟབ་སྦྱོང་འཛིན་གྲྭའི་ལག་འཁྱེར་ཐོབ། ༢༠༡༩ལོར་ལྗོངས་ཡོངས་ཀྱི་སྐབས་དགུ་པའི་ཐང་སྐུའི་འགྲན་བསྡུར་ཁྲོད་ཨང་གཉིས་པ་ཐོབ། ༢༠༡༩། ཟླ་༡༢།ཚེས་༢༩ཉིན་ཁྱུང་ཞང་ཞུང་ཐང་སྐུའི་སྒྱུ་རྩལ་སློབ་གླིང་གི་སློབ་ཐོན་ཕྱག་འཁྱེར་ཐོབ། དེ་སྔོན་ཁོང་གི་བརྩམས་ཆོས་སྲོལ་རྒྱུན་གྱི་ཐང་སྐུ་དང་དངོས་བྲིས་རི་མོ་བཅས་མང་པོ་ཡོད་ལ། ཁྱུང་པོ་རི་བོ་རྩེ་དྲུག་དགོན་དང་། དཔལ་ལྡན་ཀོ་རྒྱལ་དགོན། ཞེ་གཡུང་དྲུང་དཔལ་རི་དགོན་། སྒང་རུ་དར་རྒྱས་དགོན། ཁྲོམ་ཚང་དགོན་བཅས་ཧོར་ཁྱུང་གཉིས་ཀྱི་དགོན་སྡེ་ཁག་དུ་མའི་ནང་དུ་ལྡེབ་རིས་འབྲི་མཁན་ཡང་ཕེབས་ཏེ་གྱང་རིས་བྲིས་པ་མང་པོ་ཡོད། ད་ལྟ་རི་མོའི་ཕྱག་ལས་གནང་བཞིན་བཞུགས་ཡོད། 


1577862311637009.jpg

1577863055165412.jpg

          དབལ་ཁྱུང་ཚེ་དབང་དོན་གྲུབ།

          དབལ་ཁྱུང་ཚེ་དབང་དོན་གྲུབ་ནི་ཁམས་ཁྱུང་པོ་སྟེང་ཆེན་ཁྲ་ལུང་གྲོང་ཚོ་དབལ་ཁྱུང་ཚང་དུ་༡༩༨༨ལོར་སྐྱེས། ཆུང་ནས་ཡབ་གྱི་དྲུང་ནས་ཡི་གེ་སྦྱངས། དེ་ནས་་སློབ་ཆུང་སློབ་གྲར་འགྲིམས་ཏེ་ཤེས་ཡོན་སྦྱངས། ཕྱི་ལོ་༢༠༠༧ལོར་རྫོང་སློབ་འབྲིང་དུ་སྐབས་གཉིས་པའི་རི་མོའི་འཛིན་གྲར་དངོས་སུ་ཞུགས་ཏེ་དགེ་རྒན་ཆེ་མོ་ནོར་བུ་གཡུལ་རྒྱལ་བསྟེན་ཏེ་རི་མོའི་སློབ་སྦྱོང་གནང་ནས་༢༠༡༠ལོར་སློབ་མཐར་ཕྱིན། སླར་ཡང་ཁྱུང་ཞང་ཞུང་ཐང་སྐུའི་སྒྱུ་རྩལ་སློབ་གླིང་དུ་མུ་འཐུད་ནས་ཐང་སྐུའི་འབྲི་རྩལ་ཕུལ་དུ་ཕྱིན་པ་སྦྱངས། དམིགས་བསལ་བོད་ཀྱི་སྲོལ་རྒྱུན་རི་མོ་དང་ཧྥུའུ་ཅན་སྲོལ་རྒྱུན་གྱི་བཀྲག་རྩིའི་རི་མོ་གཉིས་མཉམ་འདྲེས་རི་མོ་ཡང་སྦྱངས་པ་མ་ཟད་དངོས་བྱུང་རི་མོ་ཡང་བྱང་ཆུབ་པར་སྦྱངས།  ༢༠༡༥ལོར་ཆབ་མདོ་གྲོང་ཁྱེར་མཛེས་རྩལ་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མིའི་ལག་འཁྱེར་ཐོབ། ༢༠༡༦ལོར་ཆབ་མདོ་གྲོང་ཁྱེར་གཙང་གསུམ་ཇ་རྟའི་དུས་ཆེན་སྐབས་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་ཐོབ།  ༢༠༡༧ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྐབས་གསུམ་པའི་ཀྲུང་གོའི་དངོས་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་པའི་ཟབ་སྦྱོང་འཛིན་གྲྭའི་ལག་འཁྱེར་ཐོབ། ༢༠༡༧ལོར་བོད་ལྗོངས་སློབ་གྲྭ་ཆེན་མོར་བྲིས་པའི་ཁོང་གི་གསར་རྩོམ་རི་མོའི་བརྩམས་ཆོས་ཧྲང་ཧེ་སྒྱུ་རྩལ་སློབ་གྲྭ་ཆེན་མོར་འདམས་ཐོན་བྱུང་བའི་དཔང་ཡིག་ཐོབ། ༢༠༡༨ལོར་སྟེང་ཆེན་རྫོང་སྤྱོད་ཟབ་མི་སྣར་འདམ་ཐོན་བྱུང་། ༢༠༡༩ལོར་ཧྥུ་ཅིན་ཞིང་ཆེན་རིག་གནས་སྒྱུ་རྩལ་ཁང་དང་ཧྥུ་ཅིན་ཞིང་ཆེན་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས་ཀྱི་གཙོ་གཉེར་གནང་བའི་༼མིན་བོད་ཚོན་རྩི་རི་མོའི་༽གསོ་སྦྱོང་འཛིན་གྲྭའི་ཚད་ལོན་གྱི་ལག་འཁྱེར་ཐོབ། ༢༠༡༩། ཟླ་༡༢། ཚེས་༢༩ཉིན་ཁྱུང་ཞང་ཞུང་ཐང་སྐུའི་སྒྱུ་རྩལ་སློབ་གླིང་གི་སློབ་ཐོན་ཕྱག་འཁྱེར་ཐོབ། དེ་སྔོན་ཁོང་གི་བརྩམས་ཆོས་སྲོལ་རྒྱུན་གྱི་ཐང་སྐུ་དང་དངོས་བྲིས་རི་མོ། དེ་བཞིན་གསར་དར་མཉམ་འདྲེས་རི་མོ་བཅས་དུ་མ་ཡོད་ལ། དཔལ་ལྡན་ཀོ་རྒྱལ་དགོན་དུ་ཤིང་ཚོན་གཏོང་མཁན་དང་། ཞེ་གཡུང་དྲུང་དཔལ་རི་དགོན། སྒང་རུ་དར་རྒྱས་དགོན། ཁྲོམ་ཚང་དགོན་བཅས་ཧོར་ཁྱུང་གཉིས་ཀྱི་དགོན་སྡེ་ཁག་དུ་མའི་ནང་དུ་ལྡེབ་རིས་འབྲི་མཁན་ཡང་ཕེབས་ཏེ་གྱང་རིས་བྲིས་པ་མང་པོ་ཡོད། ད་ལྟ་རི་མོའི་ཕྱག་ལས་གནང་བཞིན་བཞུགས་ཡོད།

1577862398131622.jpg

1577862435408316.jpg

1577862578811983.jpg

          ཁྱུང་ཞང་ཞུང་ཐང་སྐུ་སྒྱུ་རྩལ་སློབ་གླིང་གི་ཐེངས་དང་པོའི་སློབ་ཐོན་མཛད་སྒོ་དང་སློབ་ཐོན་པ་རྣམ་གཉིས་ཀྱི་ངོ་སྤྲོད་མདོར་བསྡུས་བཅས་ཁོང་རྣམ་པའི་མཛད་རྗེས་ལ་ཡི་རངས་དང་བཅས་མ་འོངས་པ་ལ་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་བཟོ་རིག་པའི་བསྟན་པ་འདི་ཉིད་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་མ་ཟད། ཁོང་དགེ་སློབ་རྣམ་པ་ཁ་དགེ་བཀྲ་ཤིས་ཡོང་བ་དང་། བོད་གངས་ཅན་ལྗོངས་ཀྱི་གཞོན་སྐྱེས་ཚོས་ཁོང་རྣམ་པ་ལ་ཁ་མིག་ཡར་ལྟ་བྱེད་དེ་ཤེས་ཡོན་ལ་མཐོང་ཆེན་གནང་ཞིང་སློབ་སྦྱོང་ཧུར་བརྩོན་གནང་བའི་རེ་སྨོན་གྱིས་མཐར་བརྒྱན་ཏེ་༢༠༢༠ལོའི། ཟླ་༠༡། ཚེས་༠༡། ཉིན་ཁྱུང་ཁྲི་ལྡེས་བྲིས།། །།





སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།