གཤེན་རྩིས་རྣམ་དག་ལོ་ཐོ་རིན་མེད་བོན་སྦྱིན་ཕུལ་བ།

༧ རྩ་བའི་བླ་མའི་ཞབས་དུ་མཆོད་པ་འབུལ།

སྔོན་དུ་གླེང་བའི་གཏམ།
དེ་ཡང་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་ནང་དུའང་། རིག་པའི་གནས་ཆེན་ལྔ་ལས་ཕྱི་རིག་པར་གཏོགས་པའི་གཞུང་ལུགས་མང་དུ་སྣང་བ་ལས། ལོ་ཐོ་འདི་ནི་གཤེན་མཁས་ཚུལ་ཁྲིམས་རྒྱལ་མཚན་ནམ་གཤེན་མཁས་གྲུབ༼༡༧༨༣༽ཀྱིས་སྐུ་འབུམ་རིག་བྱེད་ཁང་དུ་བརྩམས་པའི་རྩིས་གཞུང་གཤེན་གྱི་རྩིས་གསར་རྣམ་དག་གི་རེའུ་མིག་རྒྱས་པ་དང་ལོ་བཤད་སྣང་གསལ་སྒྲོན་མ། གཏན་ལིའི་ཤོག་ཁྲ་བཅས་དང་། ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན༼༡༨༩༣༽གྱིས་གཤེན་གྱི་རྩིས་གཞུང་དེ་ཉིད་རྩིས་འགོ་སྤོས་ཏེ་རྩིས་གཞུང་བརྗེ་སྒྱུར་མི་དགོས་པའི་རབ་རྒྱལ་ཆུ་འབྲུག་ལོའི་རྩིས་འཕྲོ་ཟུར་ཕྱུང་དང་། གཤེན་རྩིས་རྩ་སྒྲུབ་ནོར་བུའི་ཁང་བཟང་སོགས་གནམ་དཔྱད་སྐར་རྩིས་ཆ་ལག་རྣམས་གཞུང་ལུགས་སུ་བཟུང་སྟེ་ལྔ་སྒྲ་གཟའ་ལྔ་སོགས་ས་རིས་ཕབ། བསྟན་རྩིས་ནི་མཁས་གྲུབ་ཉི་མ་བསྟན་འཛིན་གྱི་བསྟན་རྩིས་ནོར་ཕྲེང་ལྟར་ཡིན་ཞིང་། འབྱུང་རྩིས་ཀྱི་ལོ་ཟླའི་ས་བདག་དང་ཚེས་རྒྱུའི་ས་བདག་རྣམས་གཤེན་རྩིས་གཏན་ལི་ཤོག་ཁྲ་ལྟར་རྒྱལ་ཟླ་བ་ཧོར་ཟླ་བཅུ་གཉིས་པ་དཔྱིད་ར་སྟག་ཟླར་བཟུང་ནས་བཤུས་པ་དང་། ཀླུ་ཐེབས་ལྡོག་ལ་ལུགས་མང་བའི་ནང་ནས། མཁས་གྲུབ་ཚུལ་རྒྱན་པས་ཀླུ་བོན་ཡེ་ཤེས་སྙིང་པོའི་ལུགས་ཉིད་ཟབ་པར་གསུངས་པ་བཞིན་བཀོད་ཡོད།
གཞན་ཡང་མཁས་དབང་ག་རྒྱ་ཁྱུང་སྤྲུལ་རིན་པོ་ཆེའི་དཔྱད་གསུམ་དག་རྩིས་སུ་འཁོད་པའི་འཁྲུལ་མེད་ཞང་བོད་དུས་གཟེར་བརྟག་ཐབས་དང་ཞང་ཞུང་རྒན་པོའི་ངག་རྩིས། སྟེང་ཆེན་དགོན་པའི་དབུ་མཛད་ཁ་བཙུན་བློ་བཟང་ཚུལ་ཁྲིམས་ཀྱི་འབྲས་རྩིས་རིན་ཆེན་བང་མཛོད། མཁས་དབང་ཤེས་རབ་མཆོག་ལྡན་དགེ་སློབ་རྣམ་པས་བསྒྲིགས་པའི་ནག་ཆུ་གཤེན་རྩིས་ལོ་ཐོ་དང་། བདག་གི་དགེ་རྒན་ར་མ་དགེ་བཤེས་ཀུན་བཟང་རྒྱལ་མཚན་གྱིས་བསྒྲིགས་པའི་སྟེང་ཆེན་གཤེན་རྩིས་ལོ་ཐོ་དང་། དཔྱད་གསུམ་ལོ་ཐོ་སོགས་ལ་དཔྱད་གཞིར་བྱས་ནས་བསྒྲིགས་ཡོད།
སྤྱིར་ན་གཤེན་གྱི་རྩིས་ལུགས་འདི་ནི་རྣམ་དག་གྲུབ་པའི་སྟོང་ཆེན་འདས་ལོ་ལས་བསྐྲུན་ཏེ། དེ་ཉིད་ཀྱི་ཉི་མ་དལ་བའི་དྷྲུ་བ་ལ་མན་ངག་ཉི་མྱུར་གྱི་རྐང་ལོངས་བྱིན་ཡོད་པས། ཉི་ཟླ་གཟའ་འཛིན་དང་རེས་འགྲོགས་ཟླ་སྐར་རྣམས་གནམ་སྐར་དང་མཐུན་པར་གསུངས། ཟླ་རེའི་དབུགས་སྒང་ཁྱིམ་སླེབ་རགས་པའི་ཚད་སོགས་གྲུབ་རྩིས་བོད་ལྗོངས་སྨན་རྩིས་ཁང་གི་ལོ་ཐོ་དང་ཕལ་ཆེར་ཁྱད་མེད་ཅིང་ཉི་མའི་འཁོར་འགྲོས་སླེབ་ཚོད་ཉིན་ཞག་བརྒྱད་ཙམ་མགྱོགས། དེ་དང་བསྟུན་པའི་རེས་འགྲོགས་ཟླ་སྐར་ལའང་རྩིས་ཀྱི་ཆུ་ཚོད ༣༦ ཙམ་གྱི་སྔ་ཞིང་། ཚེས་ཆ་ཆད་ལྷག་རྣམས་སྐབས་འགར་ཞག་རེ་ཙམ་སྟེང་ཤོད་དུ་འབྱུང་།
གཞན་ཡང་གཤེན་རྩིས་འདིའི་དབྱར་དགུན་ཉི་ལྡོག་སོགས་གྲུབ་རྩིས་བོད་ལྗོངས་ལོ་ཐོའི་ནང་བཀོད་པའི་ལྡོག་གཉིས་ལས་ཞག་བཅུ་གཉིས་ཙམ་ཕྱི་བ་དང་། རབ་གནས་ས་སྐྱོང་ཤིང་བྱ་ལོའི་རྩིས་འཕྲོ་འཕྲུལ་གྱི་ལྡེ་མིག་ཅེས་པ་དང་། བོད་ཀྱི་རྩིས་རིག་ཀུན་བཏུས་ཆེན་མོའི་ནང་རབ་བྱུང་བཅུ་བདུན་པའི་མེ་ཡོས་ལོའི་གཤེན་གྱི་རྩིས་གསར་རྣམ་དག་རྩིས་འཕྲོ་སྤོས་པ་གཉིས་ནི། རབ་བྱུང་བཅུ་བཞི་པའི་གཤེན་རྩིས་ཆུ་ཕག་རྩིས་འཕྲོ་དང་རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག་གཤེན་རྩིས་རྩིས་འཕྲོ་གཉིས་དང་ཅུང་ཞིག་འགྲིག་ཐབས་མི་འདུག་སྙམ་པ་བྱུང་བས། འདི་དག་ལ་མཁས་དབང་རྣམ་པས་གཟིགས་ཞིབ་མཛད་པར་འོས།
གཞན་ཡང་ཞང་རྒན་ངག་རྩིས་རྣམས་ཚེས་ཁང་དུ་འགོད་སྐབས་ཅུང་ཞིག་དཀའ་ངལ་བྱུང་བ་སོགས་ཐོག་མཐའ་བར་གསུམ་དུ་ནོར་འཁྲུལ་བྱུང་བ་མང་དག་ཅིག་ཡོད་ངེས་པས། ལྷག་བསམ་དང་བརྩེ་སེམས་ཅན་གྱི་རྒན་ལགས་རྣམ་པས་ཁོ་བོ་ལ་ཐད་ཀར་འབྲེལ་གཏུགས་ལམ་སྟོན་གནང་བར་མཁྱེན་ཞེས།
འདྲེན་མཆོག་འོད་ཟེར་སྦྱིན་པའི་སྐྱབས་འོག་ཏུ་འཚོ་བའི་དགེ་མིང་ཙམ་འཛིན་པའི་གཙོ་ཚང་ཚུལ་ཁྲིམས་དགེ་རྒྱས་ཀྱིས་ཁྱུང་པོ་སྟེང་ཆེན་དགོན་ཕྱྭ་གཤེན་གཙུག་ལག་བདུད་རྩིའི་ལྡིང་ཁང་དུ་བྲིས།
འབྱུང་ལྡན ༣༠༡ བོད་ས་ཕག་ལོའི་བོད་ཟླ ༦ པའི་ཚེས ༨ རེས་གཟའ་ཕུར་བུ། ཟླ་སྐར་ས་རི། འཕྲོད་ཆུང་ས་གཉིས་ཤར་བའི་ཉིན་བཟང་ལ། 2019/8/8
QQ.1282028094
ཁ་པར། 18615797877
གཤེན་རྩིས་རྣམ་དག་ལོ་ཐོ་ཕབ་ལེན།
