༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > ཀུན་འདུས། > རིག་པའི་གནས་ལྔ། 五部大论 > 5 བཟོ་རིག་པ།
5 བཟོ་རིག་པ།
ཡིག་གཟུགས་པ་ཁྱུང་གཡུ་ཁྲི་རྒྱལ་པོ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2020-01-05] [རྩོམ་པ་པོ།:གྱེར་སྙུག་སྲས།] [གཟིགས་ཐེངས:]

1578195218750526.jpg

ཡིག་གཟུགས་དབུ་མཛད་ཁྱུང་རུ་ཚེ་བརྟན་དོན་འགྲུབ་བམ་གཞན་ཁྱུང་གཡུ་ཁྲི་རྒྱལ་པོ་འབོད་པ་ཁོང་ཉིད་ནི་བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་ཁྲི་རྡོ་ཤང་སྒང་རི་ཚུན་དར་རྒྱས་དགོན་སྡེའི་ཡུལ་མི་ཡིན།  ཐོག་མར་ལོ་ན་བརྒྱད་ཐོག་ནས་ཡབ་དམ་པ་ཁྱུང་རུ་སྲི་ཐར་གྱི་མདུན་ནས་ཀ་ཁ་ག་ངའི་སྒྲ་གདངས་སྙན་མོའི་འདོན་ཀློག་གི་རྨང་གཞི་བཏིངས།   ཕྱིས་སུ་ལོ་ན་བཅོ་ལྔའི་ཐོག་དབུ་མཛད་ཞིང་གཤེགས་དམ་པ་མཛོ་འབྲུག་གསས་མཆོག་གི་མདུན་ནས་གསལ་བྱེད་ཡི་གེའི་དབུ་ཆེན་ལམ་སྟོན་གྱི་འོག་ནས་སྤུད་ཅིང་ལེགས་པར་བསླབས་པ་གནང་།  དེ་ནས་སྒང་རི་གྲོང་སྡེའི་སློབ་ཆུང་དུ་བོད་ཡིག་དགེ་རྒན་བྱས་ཤིང་སློབ་མ་དྲུག་ཅུ་ལྷག་ལོ་ངོ་བཅུ་ཡི་རིང་དུ་སློབ་སྟོན་དུ་བྱས།

1578195281289596.jpg

1578195358927087.jpg

1578195385293015.jpg

1578233762403121.jpg

1578233804220350.jpg

ལོ་ན་ཉེར་ལྔ་ཐོག་སྒང་རུ་དར་རྒྱས་དགོན་པའི་བོན་གཤེན་དབུ་མཛད་རེས་མོས་ལ་བབས་པས་དབུ་མཛད་མགར་ཆུང་བཟོད་པའི་མདུན་ནས་གཡུང་དྲུང་བོན་གྱི་གསང་སྔགས་ཕྱག་ལེན་སྐོར་ནས་སྦྱངས་པར་བྱས་ཤིང་རང་དགོན་དགུ་གཏོར་དབུ་མཛད་ཀྱི་འགན་ཁུར་བ་མ་ཟད་རང་ཡུལ་གསང་སྔགས་བོན་གཤེན་བཅུ་ཕྲག་ཁག་ལ་ཕྱག་ལེན་གྱི་བཅའ་གཞིའི་བྱ་བ་སོགས་བསླབས་པ་བསྐྱངས།  དེ་རྗེས་སུ་ཀུན་རིགས་ལས་བཞི་རྒྱུན་ལྔའི་སྐོར།  སུམ་སྐོར།   ལྔ་སྐོར།  དགུ་སྐོར།  གཙོ་བརྒྱ།   གཙོ་སྟོང་བཅས་ཀྱི་ཕྱག་ལེན་འབྲི་འདོན་སོགས་རྒྱལ་བ་སྨན་རིའི་རིང་ལུགས་ཇི་ལྟར་བསྐྱར་དུ་མགར་ཆུང་དབུ་མཛད་ཆེན་མོའི་མདུན་ནས་བསླབས་པ་གནང་།

1578196440245182.jpg

1578195503251611.jpg

1578195565493825.jpg

དཔེ་ཚུགས་ཡི་གེའི་ངོ་བོ་གནའ་ནས་ད་བར་དུ་སྙན་པའི་གྲགས་པ་འབར་བའི་ཁྱུང་པོ་གཡུ་ཁྲིའི་ཡིག་གཟུགས་ཁམས་ཞེས་པ་འདི་ཉིད་ལ་མངའ་དབང་བརྙེས་པའི་དབུ་མཛད་འབུ་མཁས་གྲུབ་ཀྱིས་བཞེངས་པའི་དབུ་ཆེན་ཐིག་རྩ་ཀ་དཔེ་རུ་བསྟན།  འབྲི་ལྗིབ་ཚུགས་རིང་ལ་སོགས་ཀྱི་ཡིག་གཟུགས་སྣ་ཁ་དུ་མ་དམ་པ་དགོངས་དབྱིངས་སུ་ཐིམས་པའི་ཁྱུང་པོ་བསྟན་འཛིན་ཚུལ་ཁྲིམས་ཞལ་མདུན་ནས་བསླབས་པ་ཕུལ་ཕྱིན་དུ་བྱས།  དེ་ཞོར་ནས་སློབ་མ་བརྒྱ་ཕྲག་ལྷག་ལ་བཅའ་འདོན་འབྲི་གསུམ་གྱི་ལམ་སྟོན་གནང་།  དེ་ནས་སྒང་སར་གཡུང་དྲུང་ཉི་མའི་མདུན་ནས་ཀུན་རིགས་ལས་བཞི་རྒྱུན་ལྔའི་མཆོད་རྫས་སྐོར་ཞལ་གདམས་ཁྲིད་སོགས་ཞུས།   ཡང་དབྲ་ཁྱུང་སྐལ་བཟང་ནོར་བུ་མཆོག་དང་ཁྱུང་རུ་གཞན་ཕན་དང་ཕྱིས་པ་བཟང་པོ་དང་མགར་བ་འཆི་མེད་དང་གླིང་རུ་འབུམ་ཆུང་བཅས་དབུ་མཛད་ཆེ་ཁག་ལ་སོགས་ཀྱི་མདུན་ནས་གསང་སྔགས་ལག་ལེན་སྐོར་གྱི་ཞལ་གདམས་དམར་ཁྲིད་ཀྱང་ཐོབ། 

1578196516162801.jpg

1578197881928194.jpg

1578196608610066.jpg

1578196646931157.jpg

སྤྱི་ལོ་༢༠༡༤ལོར་བཟོ་རྒྱལ་གར་མ་ལི་ཤོའི་ཕྱག་རྒྱུན་ལས་མཆེད་པའི་ཁྱུང་པོའི་ཡིག་གཟུགས་ཕྱོགས་སྒྲིག་ཞེས་པ་འདི་ཉིད་འགྲན་བསྡུར་གྱི་ནང་དུ་ཁྱུང་པོ་སྟེང་ཆེན་དབྱར་རྩྭ་དགུན་འབུ་རལ་པའི་དུས་སྟོན་གྱི་སྐབས་སུ་འགྲན་ཞུགས་ལས་ཨང་རིམ་གསུམ་པའི་ཁྱད་འབུར་གྱི་མི་སྣའི་གདམས་ཐོན་བྱུང་ཞིང་རྫོང་རིག་གནས་ཅུད་དང་སློབ་གསོ་ཅུད་ཀྱིས་གཟི་བརྗིད་མཚན་སྙན་གྱི་ཕྱག་ཁྱེར་རྫོང་རིམ་པའི་ཤུལ་བཞག་གི་དཔང་ཡིག་བཅས་ཐོབ།

1578197185256417.jpg

1578196697450724.jpg

1578196791585252.jpg

1578197104206148.jpg

1578197280709402.jpg

སྤྱི་ལོ་༢༠༡༨ལོའི་ཁྱུང་པོ་སྟེང་ཆེན་ཞང་བོད་ཡིག་གཟུགས་ཀུན་བཏུས་གསེར་ཐང་ཆེན་མོའི་ནང་དུ་ཁྱུང་པོ་གཡུ་ཁྲིའི་དབུ་ལྷུ་དང་གཞུང་ལྷུ་གཉིས་སུ་ཕྱེས་པའི་ནང་དུ་དབུ་ལྷུའི་དཔེ་ཚུགས་འབྲི་བཞེངས་སུ་གནང་ཞིང་གཟི་བརྗིད་ཀྱི་ཕྱག་ཁྱེར་འཛམ་གླིང་ཆེན་མོའི་ཅི་ཉི་སི་ཟིན་ཐོའི་དྲན་གསོའི་གཟེངས་བསྟོད་ཀྱང་ཐོབ།  གཞན་རང་ཡུལ་གྱི་གྲོང་དང་དགོན་སྡེ་ལ་སོགས་ལ་དཀྱིལ་འཁོར་གྱི་ཞལ་བྱང་དང་གསེར་བུ་སོགས་འབྲི་བཞེངས་གནང་དང་། མ་ཟད་རང་ཡུལ་སྡེ་པ་རྣམས་ཀྱི་གཤིན་པོའི་དགེ་རྩ་ལ་ཀུན་རིགས་ལས་བཞི་རྒྱུན་ལྔའི་དབུ་གཙོ་མཛད་དེ་གསེར་བྲིས་དངུལ་བྲིས་ཀྱི་ཕྱག་རྩལ་མན་ངག་གཞོན་པའི་སློབ་མ་རྣམས་ལ་བསླབ་ཞོར་རང་ཡུལ་གྱི་སྟོད་སྨད་དུད་ཚང་ཡོད་དོ་ཅོག་ལ་ཕན་སེམས་ཀྱིས་ཀུན་ནས་བསླངས་སྟེ་རིན་མེད་ཀྱི་ལམ་ནས་རོགས་རམ་གནང་བ་ཟད་གཞན་བྲིས་པ་རྣམས་ལ་རིན་མེད་ཀྱི་རོགས་རམ་གནང་དགོས་པའི་འབོད་བསྐུར་གནང་ཏེ་ལྷག་བསམ་གཙང་མའི་གཙོ་འགན་གྱིས་མཛད་འཕྲིན་དུ་མ་བསྐྱངས།   གསོན་པོར་སྐུ་རིམ་ཞབས་བརྟན་གསང་སྔགས་ཕྱག་ལེན་བཅའ་འདོན་གྱི་དབུ་རུ་འཛིན་ཏེ་གྲོང་སྡེ་སྟོད་སྨད་དུ་མར་སྦྱིན་ཡོན་གྱི་བདག་པོའི་འདོད་བློ་བཞིན་དུ་བཅའ་འདོན་བྱ་བ་དུ་མ་མཛད།  ད་ལྟ་སྒང་རི་གཙུག་གཉིས་པའི་སྤྱི་རིམ་གྱི་གཙོ་འགན་བཞེས་མུས་སུ་མཆིས་ཤིང་།

1578234039645177.png

1578234223932676.jpg

1578197395702973.jpg

གཞན་ཡང་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་གི་མཐུན་རྐྱེན་སྦྱོར་མཁན་གྱི་བསྟན་པའི་སྦྱིན་བདག་ཆེན་མོར་མཛད།  དེ་ཡང་གྲོང་སྡེ་རྣམས་ཀྱི་མི་གཞི་ལྷག་བསམ་བཟང་པོའི་མི་སྣ་རུ་བསྟོད་ཚིག་གི་མེ་ཏོག་གཏོར་ཅིང་གཟེངས་རྟགས་དང་བཅས་ཐོབ་པའི་བྱ་བ་ཁྱད་འཕགས་ལྡན་པའི་དབུ་མཛད་ཁྱུང་གཡུ་ཁྲི་རྒྱལ་པོའི་བསྐུལ་ངོར་མཚམས་སྦྱོར་གྱི་ཡི་གེ་པ་གྱེར་སྙུག་སྲས་ཀྱིས་བཀྲ་ཤིས་ཁ་དགེའི་ངང་ནས་མཇུག་གྲུབ་པར་བྱ་བ་བྱེད་དོ།།    ཐ་ཙན་མུ་ཙུག་སྨར་རོ།

                 གྱེར་སྙུག་སྲས་ནས་མགྱོགས་བྲིས་སུ་སྤེལ་བའོ།། 



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།