༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 27
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > ཀུན་འདུས། > བརྙན་ལམ། > དེ་ལས་གཞན།
དེ་ལས་གཞན།
མདོ་སྨད་སྐོར་བའི་ཟིན་ཐོ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-07-12] [རྩོམ་པ་པོ།:རུ་ཚ་ཚུལ་ཁྲིམས་དྲི་མེད།] [གཟིགས་ཐེངས:]

མཛེས་མཛེས་ཡུལ་ལྗོངས་དྭངས་གཙང་ལྡིང་ཁུད་ནས།

བརྗིད་བརྗིད་གཙུག་ལག་ཁང་བཟང་རྟེན་མཆོག་བཀྲ།

ལེགས་ལེགས་རྒྱལ་བསྟན་འཛིན་པའི་དགེ་འདུན་སྡེ།

དད་གུས་སྙིང་འཆང་ལྷ་སྡེ་དྲན་ལྷང་ལྷང་།

    ཨེ་མ་ཧོ།  གཏམ་བཟང་ལ།  མི་རིགས་ཤིག་གི་མཁྱེན་དཔྱོད་མེས་པོའི་སྲོལ་རྒྱུན་རང་གི་རང་ས་ནས་བྱུང་བའི་རིག་གནས་གཡུང་དྲུང་འཕྲུལ་ངག་གི་བོན་རིན་པོ་ཆེ་ཐོག་མཐའ་བར་གསུམ་དུ་འཛིན་སྐྱོང་སྤེལ་བའི་ལྟེ་གནས་ཁམས་ཁྱུང་པོ་སྟེང་ཆེན་ཕྱོགས་ཀྱི་མེས་དགོན་བྱིན་རླབས་ཀྱི་གཟི་བྱིན་མངོན་པར་བཀྲ་ལ།  དད་ལྡན་ལུས་ཅན་རྣམས་སྒྲིབ་པ་སྦྱོང་སའི་ཞིང་མཆོག།  རིག་པའི་གནས་བཅུའི་བསྟན་པ་ཡོངས་སུ་འཛིན་པའི་ཕ་ས་ ༧ ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་གི་བླ་རབས་ཉེར་བདུན་པའི་སྔོན་བསགས་བསོད་ནམས་དུས་སུ་སྨིན་པའི་མཛད་རྗེས་ཏེ་(གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་།)འཛུགས་ནས་ལོ་འཁོར་གང་མང་རྫོགས་ཏེ།  ད་ཐེངས་གསུང་རབ་སྒོ་མཛོད་རིན་པོ་ཆེའམ་རྒྱལ་བའི་བཀའ་རིན་པོ་ཆེ་ཁྲིམས་མཐུན་གྱི་དག་བསྒྲིགས་འཆར་ཅན་ལྟར་གང་འཚམས་གྲུབ་ཟིན་ནས།  དུས་ཚོད།  མོས་པ།  ལས་གྲོགས།  འཁོ་མཐུན་གྱི་ཆ་རྐྱེན་རྣམས་མ་བསྒྲིགས་རང་འགྲིག་གི་རྟེན་འབྲེལ་བཟང་པོར་འཛོམ་པ་དང་།  མ་ཚད་མེ་ཏོག་ཕོག་པའི་ལྷ་སྐལ་ ༧ སྐྱབས་རྗེ་རིན་པོ་ཆེས་ཁྱེད་སྤོས་ངད་ལྡན་པའི་གྲོང་ཁྱེར་ལ་བཅའ་སྡོད་མཛད་མཁན་དཔེ་བསྐྲུན་བ་རྣམས་ད་ལོར་ལས་མཚམས་ཤིག་ལ་ཐུག་ཅིང་དུས་ཚོད་བཟང་བའི་དེ་སྔ་དཔེ་བསྐྲུན་ཐད་དང་།  ཚ་བ།  ཡུན་རིང་བ་སོགས་ཀྱིས་དཀའ་ངལ་ཆེ་སྟབས་དབྱར་གཞུང་ཟླ་བ་གཉིས་ཡར་བརྒལ་ཙམ་ལ་ངལ་གསོ་དང་འབྲེལ།  ཡར་ལམ་སྒེར་འཁོར་གཏོང་སྟེ་མཛེས་ལྗོངས་ལ་ཁམས་གསེང་དང་གནས་སྐོར་རྟེན་མཇལ་གྱི་ཞོར་དུ་དེ་སྔ་ང་ཚོའི་མ་རྙེད་པའི་དཔེ་ཆ་སླར་ཡང་བཙལ་འཚོལ་དགོས་པའི་ཞལ་གསུངས་བདུད་བརྩི་ཐིགས་ཕྲེང་སྐྱབས་འོག་པ་འོ་ཅག་གི་སྒྲ་འཛིན་བུ་གར་ལྷུག་ལྷུག་ཏུ་ཐིམ་པའི་མོད།  ང་ཚོ་ཚང་མར་རྟ་ལྗངས་དབང་པོའི་གཟི་འོད་པདྨོའི་ཚོགས་ལ་ལྷུང་བཞིན་མ་བགྲོས་བསམ་པ་གཅིག་མཐུན་གྱིས་འོས་འགན་ལྟར་མཇལ་བསྐོར་གྱི་སྟ་གོན་ལ་ཕྱོགས་སོ།།


ཨེ་མ་སྔོན་བསགས་རྣམ་དཀར་མཐུ་སྟོབས་ཀྱིས།

སྐལ་བཟང་རྟེན་འདིར་སྨིན་པ་གོར་མ་ཆག།

སྐྱར་དུ་ལས་བཟང་ས་བོན་གྲུང་པོ་ལས།

མ་འོངས་འཇིགས་སྣང་དགོས་དོན་རུས་སྦལ་སྤུ།

 

     དེར་བརྟེན་སྤྱི་ལོ་ 2016 ཟླ་ 6 པའི་ཚེས་ 23 སྟེ་རབ་བྱུང་བཅུ་བདུན་མེ་སྤྲེལ་ལོའི་བོད་ཟླ་ ༤ པ་ཕྱི་མའི་ཚེས་ ༢༨ གཟའ་སྐར་བཀྲ་ཤིས་པའི་ཉིན་དེར་འགན་འཛིན་ཁ་ལྕེ་དགེ་བཤེས་གཙུག་གཤེན་དོན་འགྲུབ།  སྤྲུལ་སྐུ་བསྟན་འཛིན་བཟོད་པ།  ལག་རྩལ་པ་ཤེས་རབ་འོད་ཟེར།  རྒན་ཚུལ་ཁྲིམས་རབ་བརྟན།  ཕྲན་ཚུལ་ཁྲིམས་དྲི་མེད་ངེད་ལྔ་ཞོག་པ་སྔ་མོ་ནས་ཡར་ལངས་ཏེ་ཁ་ཏོན་བསང་གསོལ་གཤེན་པོ་གོང་མའི་སྲོལ་རྒྱུན་ལྟར་མགྲོན་བཞི་ཡོངས་ལ་དམིགས་འབུལ་གང་ཟབ་གྲུབ་ཟིན་ནས་ཞལ་ཁྲུས་དང་ན་བཟའ་འདུལ་གཞུང་ལ་ཞུ་དག་ཕེར་བ་བྱས་ཏེ་ཇ་བསྟོད་ཐུགས་ཡིད་དྭངས་བ་རེ་གྲུབ་རྗེས་ཞོག་ཇ་གསོལ་ནས།  འགྲུལ་བཞུད་ལ་དངོས་སུ་ཞུགས་ཏེ་ཉིན་གུང་ཆུ་ཚོད་དང་པོ་ཡས་མས་སུ་དྲོ་ཚིགས་ལ་ཕྱོགས་ཏེ་ལམ་བར་ས་ཚུགས་མང་ཡང་འུ་ཚོའི་འདེམས་ཐོན་གྱི་འོས་འཚམས་ཀྱི་ཆ་རྐྱེན་འཛོམ་སར་དལ་དལ་སློད་སློད་ངང་གཏམ་གླེང་རྩེད་མཚར་ཞལ་ལག་གྲུབ་རྗེས་མུ་འཐུད་དེ་བསྐྱོད་པས་ལམ་བར་ནས་དེང་རབས་ཀྱི་ཁ་པར་གྱིས་འབྲེལ་བའི་ཟིང་ཆུ་རྫོང་(松潘县)ཨ་མདོ་ཤར་ཁོག་དགའ་མལ་དགོན་ཆེན་གྱི་སྒྲུབ་གྲྭའི་མཁན་པོ་ནོར་བུ་ལགས་ཀྱིས་སྣེ་ལེན་གནང་བཞིན་དགོན་དེར་ཞག་མལ་ཞུས།

ཕྱི་ཉིན་གང་སར་སྐད་གྲགས་ཆེ་བའི་གནས་མཆོག་དུང་རི་དང་གསེར་མཚོ་མཇལ་བསྐོར་ཞུས།  ཕྱི་ཉིན་དགོན་དེར་མི་རིང་བ་བར་དོའི་འཕྲང་དང་།  མཁའ་འགྲོ་འུག་གདོང་།  བྲག་དཀར་གཡུང་དྲུང་མཆེད་པོ་དྲན་པས་ལམ་སྣ་ཁྲིད་ཅིང་མཇལ་བསྐོར་ཞུས།  དབལ་ཆུ་ཟེར་བའི་རང་འབྱུང་ཆུ་ཚད་ཕོ་ནད་སེལ་བའི་སྨན་ཁྲུས་ངོ་མཚར་ཅན་དེ་དང་སྐྱེས་ཆེན་དམ་པའི་མཛད་རྗེས་ཀྱི་མིང་ཆུ་ལ་ཐོགས་ཤིང་ཆུ་མིང་ཡུལ་ལ་བཏགས་པར་གྲགས་པའི་རྒྱ་བོན་ཟིང་པ་མཐུ་ཆེན་གྱི་གཏེར་ཆུ་ཡང་བཏུང་ཅིང་ཁྲུས་གསོལ་བྱིན་རླབས་ཞུས།

ཕྱི་ཉིན་ཡུལ་ལྗོངས་མཛེས་པའི་མཚན་སྙན་ཅན་གཟི་ཚ་སྡེ་དགུར་མཁན་ནོར་བུ་ལགས་ནས་ལམ་སྣེ་འཁྲིད་བཞིན་མཇལ་སྤྲོ་བྱས།  དེའི་ཕྱི་ཉིན་ཡུལ་དེའི་གཤེན་གྱི་དགོན་སྡེ་དགའ་མལ་དགོན་ཆེན།  དགའ་མལ་དགོན།  སྣང་ཞིག་དགོན།  རིན་སྤུང་དགོན།  སྐྱིད་འཛོམ་དགོན།  རྐྱང་ཚང་དགོན།  གཙོ་ཚང་དགོན།  ལྕགས་མདུད་བླ་མ་བཅས་གནས་རྟེན་རང་བྱོན་བྱིན་ཅན་རྣམས་མཇལ་བཅར་ཞུས་བཞིན་ལུས་ཀྱིས་མཐོང་ཕྱག།  ངག་གིས་གསོལ་འདེབས།  ཡིད་ཀྱིས་དད་མོས་གང་ཐད་ནས་ཁབ་མིག་ཏུ་སྐུད་པ་རྒྱུན་པ་ལྟར་ཆུན་གཅིག་ཏུ་དྲིལ་ནས་དོན་སྨིན་ཡིན་བསམ་བསམ་ང་ཚོ་རང་རང་གི་ཡིད་ཚིམས་པར་བྱས།  དེའི་རིང་སྔར་ས་དམའ་བའི་ཚ་བས་གདུང་བ་དང་དུས་ཚོད་བཅད་སྒྲིག་གི་བཟོ་པའི་ལས་ཀ་དང་ཞུས་དག་སྒྲིག་སྦྱོར་ཐད་ལ་སེམས་ཁུར་འཇིགས་སྐྲག་ཆེ་བ་སོགས་ཀྱིས་བཙེན་པའི་ལུས་སེམས་ངལ་བ་ལན་གཅིག་རྒྱགས་པར་མགྲོན་འབོད་པ་ལྟར་མ་ཡིན་པ།  ལྟོག་པ་ལ་ཟས།  སྐོམ་པ་ལ་གཏུང་བྱ།  འཁྱག་པ་ལ་གོས་ཐོབ་ལྟར་ཀྱི་ཚོར་སྣང་གིས་དགའ་སྤྲོས་ལུས་སེམས་ཡོངས་སུ་འགེངས་བར་བྱས་སོ།།

ཕྱི་ཉིན་སྤྱི་ཚེས་ 28 ལ་སྔ་ཙམ་ནས་ཞོག་ཇ་ཨམ་ལུགས་ལྟར་ཟིན་ནས་རླངས་འཁོར་བསྐོར་ཏེ་ཁྱུང་ཆུ་རྫོང་(红原县)ཀྱི་ས་ཆར་རྒྱུད་དེ་ཉིན་གུང་གསོལ་ཚིགས་རྒྱ་ཧ་ཅང་ཆེ་བའི་རྩྭ་ཐང་གི་ལམ་ཟུར་དུ་ཚོང་ཁང་ཆུང་ཆུང་ཞིག་གདའ་བར་རླངས་འཁོར་ཁ་བཀག་ནས།  དེར་ཟ་བཏུང་ཅི་ཡོད་དྲིས་པར་ཚོང་པས་འུ་ཚོ་བསམ་ཡུལ་ལས་འདས་པའི་ལན་ལ་ཁྱེད་རྣམ་པ་ཚོ་གང་ན་བཞུགས་པ་གདམ་ཀ་གྱིས་ཇ་ཞོ་སོགས་གང་དགོས་སྟེར་འོང་ཟེར་ཀྱང་།  ང་ཚོ་སྔོན་ནས་གྲ་སྒྲིག་གི་བཟའ་བཏུང་སྣོད་ཆས་སྔོན་མའི་གཏམ་ལ་འཁོར་ལོ་སྒྱུར་རྒྱལ་དཔེ་ལྟར་ལགས་པའི་རང་གཞན་གཉིས་ཐད་ཀྱི་དགོས་ཆ་སྤྱོད་བཞིན་མཚར་གཏམ་གླེང་མོལ་བྱས་ཏེ་ལམ་བར་ལྟད་མོ་ལྟ་བཞིན་དེ་ནུབ་མཛོད་དགེ་རྫོང་(若尔盖县)གི་མགྲོན་ཁང་ཞིག་ནང་ཞག་མལ་སྡད།  ཕྱི་ཉིན་ཞོག་ཇ་མགྲོན་ཁང་ནང་གསོལ་ནས་ཨ་སྐྱིད་ཚང་དགོན་གྱི་དབུ་བླ་མཁས་གྲུབ་ ༧ སྤྱང་སྤྲུལ་དྲི་མེད་འོད་ཟེར་མཇལ་བཅར་ཞུས་པར་གསུང་གདམས་བསླབ་བྱ་ཐུན་མིན་གྱི་བྱང་སེམས་རྒྱུད་ལྡན་བྱིན་རླབས་ཀྱི་རླན་དྲོད་ཡོད་པ་གནང་ཞིང་ཐོབ་པས།  སྐུ་ན་བགྲེས་པ་དང་དེ་སྔོན་མཚན་སྙན་ཐོས་པ་སོགས་གང་ཡིན་ཀྱང་ཁྱད་འཕགས་དོན་ལྡན་གྱི་སེམས་དཔའ་ཞིག་གི་འདུ་ཤེས་བྱུང་བར་ངེད་ཚོ་གླེང་མོལ་བྱས་རྗེས་དགོན་རྟེན་མཇལ་ཏེ།  དགོན་དེའི་འགན་འཛིན་ཐུགས་སེམས་བཟང་བ་ཞིག་གིས་ལམ་ཁྲིད་མཛད་ནས་སྤྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱི་གདན་ས་འདའ་ཆེན་དགོན་དང་འདའ་ཆེན་དཀར་མོ་རི་ཁྲོད་བཅས་ཀྱི་གནས་རྟེན་ངོ་མཚར་ཅན་རྣམས་མཇལ་བཅར་ཞུས་ཏེ།  དེ་ནུབ་སླར་ཡང་མཛོད་དགེ་རྫོང་ནང་དྲི་མེད་འོད་ཟེར་ཚང་གི་སྦྱིན་བདག་ཆེན་མོ་ཞིག་གིས་སྣེ་ལེན་ཟབ་རྒྱས་མཛད་དེ་མཛོད་དགེ་མགྲོན་ཁང་ཆེན་མོར་(若尔盖大酒店)བཀོད་བསྒྲིག་བཞིན་སྡད།

ཕྱི་ཉིན་ཁྱུང་མཆུ་རྫོང་མག་གསར་དགོན་མཇལ་བསྐོར་ཞུས་ཏེ་མངའ་བ་སྣང་ཞིག་དགོན་ཆེན་དུ་འབྱོར།  དེའི་ལམ་བར་ནས་འབྲོག་ཁྱིམ་མང་ལ་རྩྭ་ཐང་ཆེ་ཞིང་ཕྱུགས་ཁྱུ་མོད་ལ་སྣང་བ་སྐྱིད་བཞིན།  ཞོ།  མར།  འོ་མ་ཉོ་བར་ཁྱིམ་རྩར་བཅར་བའི་སྔར་མུས་ལྟར་རྣམ་འགྱུར་བཟང་ལ་སེར་མོའི་སྡེ་ལ་གུས་ཞབས་ཆེ་བར་བརྟགས་ན་རང་འབྱུང་གི་གཤིས་བཟང་དང་ཆོས་ལུགས་ཀྱི་སློབ་གསོ་སྤྱི་ཚོགས་ཀྱི་སྤྱོད་བཟང་མངོན་འཕགས་ཡིན་པའི་སྔར་མེད་རང་བློ་ནས་གསར་རྙེད་བྱུང་།  དགོན་དེར་དགེ་བཤེས་གཙུག་གཤེན་དོན་འགྲུབ་དཔེ་ཅིང་ནང་བསྟན་སློབ་གྲྭའི་(北京佛学院)སྐབས་ཀྱི་སློབ་གྲོགས་དགེ་བཤེས་རྣམ་རྒྱལ་ལགས་ཀྱིས་སྣེ་ལེན་གནས་ཚང་ཟབ་རྒུ་གནང་ཞིང་སློབ་གྲོགས་ངོ་ཤེས་པ་འགས་རོགས་རམ་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུས་བཞིན།  ཕྱི་ཉིན་སྣང་ཞིག་སྐྱབས་མགོན་ ༧ སྐལ་བཟང་བློ་གྲོས་དང་སྣང་ཞིག་ཚང་གི་བླ་བྲང་རྟེན་དགོན་ཕྱི་ནང་ཀུན་མ་ལུས་པར་མཇལ་བསྐོར་ཞུས།  དགོན་དེར་གོང་འོག་བར་གསུམ་ཚང་མར་རྒྱུད་དུལ་ལ་སློབ་སྦྱོང་དང་སྒོམ་སྒྲུབ་ལ་དགའ་མོས་ལྡན་ཞིང་སློབ་སྦྱོང་དང་ཆ་རྐྱེན་གང་གི་ཐད་ལ་གཞན་དྲིང་མི་འཇོག་པའི་ཉམས་མྱོང་གིས་ཕྱུག་ཅིང་གཟི་བརྗིད་ལྡན་ལ་ཁུ་སིམ་མེར་གནས་པ་སྡོད་ལ་སྤྲོ་བའི་ཉམས་འགྱུར་གྱིས་བརྒྱན་ཞེས་གཏམ་གླེང་ཡང་ཡང་བྱས་བཞིན་རྟོགས་ལྡན་དགོན་མཇལ་བསྐོར་ཀྱི་སྐལ་བའང་ཐོབ་བོ།།  ཕྱི་ཉིན་ནངས་སྔ་མོར་ལམ་ལ་ཆས་ཏེ།  མཚོ་སྔོན་ཞིང་ཆེན་གཅིག་སྒྲིལ་རྫོང་(久治县)རྒྱུད་ནས་ཀན་སུའུ་ཞིང་ཆེན་རྨ་ཆུ་རྫོང་(玛曲县)(日隆大酒店)ནང་མགྲོན་ཁང་ཆེན་མོར་ཞག་སྡོད་བྱས།  ཕྱི་ཉིན་སྔར་མུས་ལྟར་ཞོག་ཇ་ཟབ་རྒྱས་ཞུས་རྗེས་སླར་ཡང་འགྲུལ་བཞུད་སྤྲོ་སེམས་འཁོར་བའི་ཁ་མཚར་གྱིས་རྒྱས་བཞིན་སྤྱི་ལེ་བཅུ་ཕྲག་ལ་དབུགས་ཐེངས་རེའི་སྣང་ཡུན་ཙམ་ལས་མེད་པར་བྱས་ཏེ་བསང་ཆུ་རྫོང་(夏河县)གི་ཁོངས་གཏོགས་བླ་བྲང་བཀྲ་ཤིས་འཁྱིལ་མཇལ་བསྐོར་དད་མོས་གུས་པ་ཆེན་པོས་གནས་རྟེན་ཐམས་ཅད་ལ་གསོལ་འདེབས་སྨོན་ལམ་ལ་འབད་པ་ཤུགས་དྲག་བྱས་ཏེ།  ཚོགས་ཆེན་འདུ་ཁང་།  ཇ་ཁང་།  མར་བཟོ་ཁང་སོགས་དེ་སྔ་ཡན་ཆད་ལ་གོ་རིག་མ་མྱོང་བའི་ངོ་མཚར་ཆེ།  དེ་ཚོས་ཚོར་སྣང་གསར་པ་འགའ་ཡང་ཀུན་གཞིར་བསགས།  དེ་མུར་བརྩེ་ཞིག་དགོན་ཀྱི་གནས་རྟེན་མཇལ་སྐོར་ཕུན་སུམ་ཚོགས་ཞིང་ཡིད་ཚིམས་པ་ཞུས་རྗེས་མཚོ་སྔོན་རེབ་གོང་རྫོང་(同仁县)ནང་ཞག་མལ་བྱས།

ཕྱི་ཉིན་སྔ་ནུབ་ནས་བཀོད་བསྒྲིག་ལྟར་བོན་རྒྱ་དགོན་གྱི་མཁས་དབང་ ༧ སྤྲུལ་སྐུ་བོན་རྒྱ་བླ་རྒན་རིན་པོ་ཆེ་གསེར་ཞལ་མཇལ་བའི་སྐལ་བཟང་ཐོབ་པར་དཀའ་སྤྲོ་འབུམ་གྱིས་བརྟས་བཞིན་རྟེན་དགོན་ཚང་མར་གསོལ་འདེབས་ཕུར་ཚུགས་ཞུས་བཞིན་དཔེ་རྙིང་མང་རབ་ཅིག་གསར་རྙེད་བྱུང་བར་བསྐྱར་དཔར་ཞུས་ཏེ་ས་གནས་འདི་ན་གནའ་དེང་གི་མཁས་པ་དང་མི་ཆེན་ཚར་ལོངས་བྱུང་སའི་ཐུན་མིན་གྱི་ས་གནད་ཅིག་ཡིན་རབས་ཡུལ་དེའི་མི་ཚོས་སྤོབས་ཉམས་དང་བཅས་ལབ་བཞིན་ང་ཚོས་དོན་ལའང་གནས་ཡོད་བཅས་ལན་གཏབ་བཞིན་ཟི་ལིང་གྲོང་ཁྱེར་(西宁市)汉庭酒店。ལ་ཞག་སྡོད་བྱས།  ཕྱི་ཉིན་སྔ་ཙམ་ནས་གླེང་བའི་མཚོ་སྔོན་པོ་དངོས་སུ་མཇལ་སྐོར་གྱི་སྐལ་བཟང་ལ་བློ་ཕྱོགས་བཞིན་སྔ་ནུབ་ཕྱི་ཙམ་ལས་ཉལ་རྒྱུ་མ་བྱུང་སྟབས་སྔ་དྲོར་ཟིན་ནས་རླངས་འཁོར་བསྐོར་འགོ་བཙུག་ཏེ་དུས་དུས་སུ་ཧ་ཧ་ཧེ་ཧེ་དང་དུས་དུས་སུ་གསོལ་འདེབས་སྨོན་ལམ་མཉམ་རྗེས་ལ་བརྩོན་བཞིན་མཚོ་སྔོན་པོའི་བྱང་ཕྱོགས་འགྲམ་ནས་ལྟད་མོ་བལྟ་བཞིན་དེ་ནུབ་ཁྲི་ཤོང་རྒྱལ་མོའི་ནུབ་རྐང་ཚ་རྫོང་གི་རྩྭ་ཐང་གུ་ཡངས་སྟེང་གི་རས་གུར་སྣེ་ལེན་ཁང་དུ་གནས་མལ་བྱས་ཏེ་དགོང་མོ་ནས་ཟ་ལས་དང་རྩེད་མོ་ལ་ཡེངས་ནས་ཆུ་ཚོད་རེར་སྐར་ཆ་རེའི་སྣང་བ་ཙམ་བྱུང་སྟེ།  དུས་ཚོད་ཅེས་པ་འདི་ཁོ་རང་ངོས་ནས་གྲུབ་པ་ཡིན་ནམ་གང་ཟག་གི་འཆར་རྟོག་ལས་གྲུབ་པ་ཡིན་སྙམ་ནས་དཔྱད་དགོས་པའང་བྱུང་ངོ་།།

དེའི་ཕྱི་ཉིན་ཕྲན་གཞོན་ནུའི་སྐབས་ཀྱི་འབྲོག་ཕྲུག་གི་བག་ཆགས་དབང་མེད་དུ་ལྷང་ལྷང་ཡིད་ངོར་ཤར་བཞིན་ཞོག་ཟས་དང་འགྲོག་སྟེ་ནམ་མཁའི་རང་མདངས་བར་སྣང་གི་ཉི་འོད་ས་གཞིའི་ཟིལ་པ་བཅས་དགའ་སྐྱོ་བརྗོད་མི་ཤེས་པ་འགའ་རྒྱུ་བཞིན་གྲུབ་རྗེས་འཚོ་ཆས་ཡོད་རྒུ་བསྡུ་བསོགས་བྱས་ནས།   རླངས་འཁོར་སྐོར་ཏེ་ཡུལ་སྐོར་རམ་གནས་སྐོར་བའི་གསེང་ནས་ལྟད་མོ་ལ་གཟེངས་བཞིན་སྔ་དར་ད་བྱུང་གི་གཏམ་གླེང་སྣ་ཚོགས་གླེང་བཞིན་རིག་སྨོན་གྲོང་བརྡལ་རྒྱུད་དེ་ཁྲི་ཀ་རྫོང་(贵德县)ཁྱུང་མོ་དགོན་གྱི་སློབ་དཔོན་དགེ་བཤེས་བཟོད་པ་འགྱུར་མེད་རིན་པོ་ཆེས་སྔར་འདྲིས་བཞིན་སྣེ་ལེན་གང་ཡག་མཛད་དེ་ཁོང་གི་གཟིམས་ཁང་ནང་བཀོད་བསྒྲིག་ལྟར་གནས་མལ་བྱས།

ཕྱི་ཉིན་རྟེན་དགོན་རྫོང་ཐོག་གི་འཁོར་ཆེན་ཆེན་མོ་མཇལ་སྐོར་དང་བོན་གྱི་རབ་བྱུང་པ་མཁན་པོ་མུ་ཟི་གསལ་བཟང་གི་བྱིན་གྱིས་རླབས་པའི་གནས་ཆེན་མདོ་སྨད་རྨ་རི་དེལ་གསུམ་གྱི་སྒྲུབ་ཕུག་རྒྱང་ནས་ངོ་སྤྲོད་མཛད་བྱུང་བར་གསོལ་འདེབས་བ་སྤུ་ཟེངས་བར་བྱུང་།  གཞན་ཡང་དགེ་བཤེས་ཁོང་གིས་སྔར་གྱི་བསམ་ཚུལ་དང་ད་ལྟའི་ལག་ལེན་དང་འབྲེལ་བའི་སྒོ་ནས་ཉམས་མྱོང་གི་སླབ་བྱ་མང་པོ་གསུངས་བྱུང་བར་ཕྲན་ཡང་མི་ལོ་མང་པོར་སྐྱ་སེར་གང་ཐད་ལ་ཆ་རྒྱུས་ཨན་ཙམ་ཡོད་པས་ལབ་ཚད་ལ་བདེན་པ་འཛིན་པའི་དག་སྣང་ཅན་གྱི་སྐལ་བ་ཕྲའང་ཁོང་གིས་གབ་སྦས་མེད་པའི་དངོས་ཡོད་ཀྱི་ལྗགས་འདབ་གཡོས་པ་ལ་ཡིད་རངས་ཤིང་ད་ལོར་ཡང་སྐབས་སྐབས་དྲན་དགོས་པ་གདམས་མཐར།  ཡུལ་དེ་ནས་དཔེ་ཆ་འགའ་གཡར་རྒྱུ་བྱུང་བ་ཡོད་རྒུ་དགེ་བཤེས་བསྟན་པ་དང་ཤེས་རབ་འོད་ཟེར་གཉིས་ཀྱིས་རྫོང་ཐོག་ནས་བསྐྱར་དཔར་མཛད་དེ་ལམ་ལ་ཆས་རྒྱུས་གྲ་བསྒྲིག་ལ་ཕྱོགས་བཞིན་དགེ་བཤེས་རྣམ་གཉིས་དོན་སྙིང་ཡོད་པའི་བགྲོ་གླེང་རང་ལུགས་མང་པོར་མཛད་པ་ལ་འུ་ཚོའི་སྤྲོ་བ་དང་བཅས་གད་མོ་འཆོར་བཞིན་ནན་ཏན་གྱིས་ཉན་རྗེས་ངལ་གསོ་ཆེན་མོ་ཉལ་བའི་དུས་ལ་སླེབས།  ས་གནས་དེར་ཚ་གྲང་འཚམས་ལ་ཟས་རིགས་མོད་པོ་ཡིན་པའི་ཚོར་སྣང་བྱུང་།  ཕྱི་ཉིན་སླར་ཡང་རིག་སྨོན་རྒྱུད་དེ་རྨ་རྒྱལ་པོམ་ར་མཇལ་ཏེ་རྨ་སྟོད་རྫོང་(玛多县)དུ་གླིང་སྟོད་འགྲོན་ཁང་ནང་སྡད།

ཕྱི་ཉིན་སྔ་ཙམ་ཡར་ལངས་ནས་དྭངས་གཙང་གི་ཞོག་ཇ་སྐོལ་ཏེ་གསོལ་བར་གཏམ་གསར་དུ་ས་ཁ་མཐོ་བའི་དབུ་སྙུང་རབས་དང་གཟིམས་དེ་ཙམ་མི་བདེ་རབས་གླེང་མོལ་བཞིན་ཕྱིར་ཐོན་ནས་གེ་སར་འབྲུག་མོ་སོགས་ཀྱི་ཡིད་འོང་གི་བཀོད་པ་མཇལ་སྐོར་ཞུས་ཏེ་སྐྱེ་རྒུ་མདོ་(玉树)ནས་ཁྲི་འདུ་(称多)རྒྱུད་དེ་ནང་ཆེན་རྫོང་(囊谦)དུ་མགྲོན་ཁང་ཆེན་མོར་སྡད་དེ་དགོང་ཟས་དང་ལུས་ཁྲུས་ཡིད་དགའ་བར་བྱས་ཏེ་རྒྱུན་ལྡན་གྱི་ཁ་ཏོན་དགེ་སྦྱོར་ལ་འབད་རྗེས་ངལ་གསོ་ཆེན་མོར་ཡུལ།  དེའི་ལམ་བར་དུ་དྲོ་ཚིགས་ང་ཚོ་ཚང་མ་དགའ་མོས་ལྟར་སྤང་སྟེང་དུ་ཚུགས་བབས་ནས་སྐོལ་བ་ཇི་བཞིན།  འདི་ཉིན་ཡང་ལམ་བར་ནས་གསར་སྐྱེས་ཀྱི་ཤ་མོང་ཉོས་ཏེ་གཙོ་དགོས་སྟབས་འབྲོག་པའི་སྦྲ་ཁྱིམ་མང་སར་ཡིད་དབང་འཕྲོག་པའི་ཆུ་བོ་གཉིས་ཀྱི་བར་དུ་མཚེར་ས་མེ་ཏོག་དཀར་དམར་ལྷམ་མགོ་ནུབ་པ་ཙམ་དུ་ཡོད་སར་རླངས་འཁོར་ཁ་བཀག་སྟེ།  སྒར་བབས་ནས་འགའ་རེས་གུར་ཕུབ།  འགའ་རེས་མེ་གཏང་།  འགའ་རེས་ཆུ་ལེན།  གུས་པས་རྫ་ཆུ་ཟིལ་མའི་རྒྱུད་དུ་ཤ་མོང་བཀྲུ་བཞིན་སེམས་ལ་དྭོགས་པ་ཞིག་ནི་འབྲོག་པ་འདི་ཚོའི་མགྲོན་པོས་སྤང་ཐང་བཙོག་པ་བཟོ་རྒྱུ་རེད་བརྗོད་མི་ཡོང་ངམ་སྙམ་ཡང་།  ཕྱིའི་རྣམ་འགྱུར་ལ་གང་ཡང་སྙམ་མེད་མདོག་བྱས་ཏེ་འོས་འགན་ལ་བྲེལ།  གློ་བུར་དུ་ཡ་རབ་འབྲོག་པ་ཚོས་བཀྲུག་ཇ་དང་ཞོ་འོ་མ་རྗེས་ནས་ཁུར་རྒྱུ་ཡོད་པ་རང་འགུལ་གྱིས་སྟེར་བྱུང་བར་བརྟག་ན་སྔར་བཞིན་ད་ལྟའི་དུས་རབས་ཧ་ཅང་བཟང་ལ་སློབ་གསོའི་གོ་རྟོགས་སེམས་བཟང་དགོས་ཚུལ་སྙིང་ལ་སིམ།  ཡང་ན་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཟེར་བ་འདི་འདྲ།  ཡང་ན་ཆོས་ལུགས་དང་རིགས་ཞེན་ལ་དུང་བ་གང་ལྟར་ཡང་ཁམས་ཁུལ་ཨམ་མདོའི་ཕྱོགས་ལ་དད་པ་དག་སྣང་རྟེན་བཞེངས་སློབ་གསོ་གུས་བཀུར་སོགས་གང་ཅིའི་ཐད་གྲ་རྒྱས་པོ་གདའ་བས་ཡིད་རངས་ཡིད་ཆེས་ཀྱི་གདེངས་ཤིག་རྙེད་པ་ལ་སྤྲོ་བ་བརྟས་སོ།།  ཕྱི་ཉིན་ཞོག་ཇ་རྒྱས་སྤྲོས་བྱས་ཏེ།  ཆབ་མདོ་གྲོང་ཁྱེར་(昌都市)གྱི་ཁོངས་གཏོགས་སྟེང་ཆེན་རྫོང་(丁青县)ཁོངས་འབོ་གཞུང་དུ་དྲོ་ཚིགས་ཟིན་རྗེས་ཕྲན་དེར་སྡད།  ཁོང་རྣམ་པ་བཞི་པོ་རླངས་འཁོར་སྐོར་ཏེ་སྔོན་དུ་སྟེང་ཆེན་ལ་ཕེབས།  ཕྲན་ཕྱི་ཉིན་སྤང་སྟེང་རྩི་མེ་ཏོག་གི་གསེབ་དུ་སྣང་བ་ཡན་པར་བྱས་ཏེ་དེའི་ཕྱི་ཉིན་སྟེང་ཆེན་དགོན་དུ་འབྱོར།  དེར་ཞག་ཤས་རིང་བླ་གྲྭ་འདྲིས་པ་ཅན་དང་བཀའ་དྲིན་ཅན་བོན་གྱི་དམ་ཚིག་གིས་འབྲེལ་བའི་གཤེན་གྲོགས་རྣམས་དང་མཉམ་དུ་མ་ཐུག་པས་གཏམ་གཏམ་ཟེར་བ་བཞིན་སྐྱིད་སྡུག་གི་གཏམ་གླེང་དང་།  ཁྱུང་དཀར་ནག་གི་དབྱར་ས་སྤོས་ཐོག་ཁ་རུ་མཚོ་མོ་ཆེ་ཆུང་མཇལ་ཏེ་གྲྭ་ཚང་དང་ལྷན་སྤང་ཐང་དུ་དབྱར་སྐྱིད་བྱས།  ཁམས་དྭངས་རང་འབྱུང་གི་སྨན་ཁྲུས་ཐེངས་འགའ་བྱས་ཏེ།  ༧ སྐྱབས་རྗེ་བླ་མ་མཆོག་དང་ལྷན་དུ་སྤུ་རྒྱལ་ལ་སྐོར་བ་གཅིག་ཞུས་ཏེ་སེར་ཚ་ཚང་ནེ་རི་ཁྲོད་དུ་ཞག་བདུན་ལ་དགེ་སྦྱོར་གང་ཤེས་ཞུས་རྗེས་གཡུང་དྲུང་དཔལ་རི་རྔ་བརྡུང་བྲག་རྩར་མཆེད་པོ་ཞིག་དང་ལྷན་དུ་ཞག་ཤས་ལ་དགེ་སྒྲུབ་བྱས་མཐར།  གྲོགས་པོ་འགའ་དང་མཉམ་དུ་ཁྱུང་པོ་རི་བོ་རྩེ་དྲུག་ཞེས་པའི་གནས་རི་འཛམ་གླིང་དུ་གྲགས་པ་དཀར་པོས་ཁྱབ་པ་དེར་མཇལ་བསྐོར་གསོལ་སྨོན་ནུས་ཤུགས་ཡོད་རྒུ་ཞུས་བཞིན་ ༧ སྤྲུལ་སྐུ་འཇམ་མེ་རིན་པོ་ཆེ་དང་།  མཁན་པོ་བསོད་ནམས་འགྱུར་མེད་རྣམ་གཉིས་མཇལ་བའི་སྐལ་བཟང་ལྡན་ཁོང་རྣམས་ནས་ནང་ལུགས་ཀྱི་གླེང་མོལ་དང་ལྷག་པར་སྤྲུལ་སྐུ་ལགས་ཀྱིས་ཧ་ལས་ལས་མཛད་ནས་ཁོང་རིན་པོ་ཆེ་ནས་ཇ་སྐོལ་བ།  ཤ་འདྲེན་པ།  རྩམ་པ་འབུལ་བ་སོགས་ཀྱིས་མཚོན་པའི་ངོ་མཚར་བའི་གཟིགས་སྐྱོང་གནང་བྱུང་བར་བཀའ་དྲིན་ཆེ་ཞུས་བཞིན་ཕྱིར་ནུད་བྱས་ཏེ་ཡར་སྟེང་ཆེན་དུ་སོང་ནས་རི་བོ་ཆེ་(类乌齐)རྒྱུད་དེ་ཆབ་མདོ་ནས་མཛོ་སྒང་རྫོང་(左贡县)སྟོབས་འབར་གྲོང་དུ་ཁྱིམ་ཚང་ཞིག་ཏུ་ཞི་ཁྲོ་ཐོན་རྗེས་རི་རྐེད་རང་འབྱུང་ཆུ་ཚན་དུ་གཟུགས་ཕུང་ཁྲུས་ཏེ་སླར་ཡང་ཆབ་མདོ་ནས་ལྷོ་རོང་རྫོང་(洛隆县)ཁོངས་ཀྱི་ཕ་ཡུལ་དུ་སྤྱི་ལོ་ 2016/8/24 དུ་སླེབས་ཏེ།

ཁྲ་རྒན་དགོན་དུ་རང་ཤག་དེར་ཁུ་སིམ་མེར་ཉམས་སྤྲོ་པོར་སྡད་བཞིན་གནས་དེའི་ཤར་ཕྱོགས་དབྱར་གྱི་འབྲོག་པའི་མཚེར་ས་དེར་མ་ང་ཤེལ་བྲག་གཡུ་རྩེ་ཞེས་གནས་རི་བྱིན་ཅན་མ་སྲིང་མཁའ་འགྲོའི་ལུང་ཟིན་གྱི་གནས་མཆོག་དེར་ངེད་གྲྭ་པ་བཞི་དང་བཅས་འཕྲུལ་རྟ་སྐོར་ནས་གནས་མདུན་དུ་ལྷ་སྡེའི་འབྲོག་ཁྱིམ་ནས་ཁ་ལག་བྱས་རྗེས་རྐང་ཐང་དུ་རི་མཚོ་མཇལ་སྐོར་ཞུས་བཞིན་སླར་ཡང་འཕྲུལ་རྟ་སྐོར་ཏེ་ངེད་ཚང་གི་དབྱར་ས་ཁར་འབྱོར་མཐར།  འབྲོག་པ་ཚོས་དགའ་དགའ་སྤྲོ་སྤྲོས་ངང་ནས་ཞོ་མར་ཇ་སོགས་བསླད་མེད་ཁམས་གསོའི་གསོལ་གསོལ་བཞུགས་བཞུགས་བརྗོད་ཀྱང་ཕྲན་གྱི་སེམས་ལ་ལོ་ངོ་བཅུ་ཕྲག་ཁ་ཤས་མ་སླེབས་པར་དགའ་སྤྲོ་དང་།  སྔ་དུས་དྲིན་ལྡན་གྱི་ཕ་མ་དང་ལྷན་དུ་འཚོ་སྡོད་ཀྱི་གནས་སྟངས་ཡིད་ལ་དྲན་པ་དེ་ཚོས་བརྗོད་མི་ཤེས་པའི་ཚོར་བ་ཞིག་གིས་དབང་པོའི་སྒོ་ཕལ་ཆེར་བཀག་བྱུང་ཡང་།  ཁྱིམ་མི་དང་མིང་སྲིང་ཚ་བོ་ཚ་མོ་རྣམས་ཀྱི་གམ་དུ་སྡུག་གཏམ་ནི་ཅི་ལ་བྱེད་དེ་དགོས་པའང་དབེན།  ཅི་བྱ་ལྟོལ་མེད་དུ་གྱུར་མཐར་སེམས་ཁུང་ནས་སྐྱབས་གནས་ཡུལ་མཆོག་བཞི་དཔུང་རོགས་སུ་སྦྲན་ནས་གསོལ་སྨོན་ཅི་ཤེས་བྱས་ཏེ་རང་དགོན་དུ་ལོག།  ཕྱི་ཉིན་རང་ཁྱིམ་དུ་གཅེན་གཅུང་ཚ་བུ་དང་མཉམ་དུ་ཞག་གཅིག་སྡད་ནས་རང་རང་གི་སྐྱིད་སྡུག།  ཡུལ་ལུང་གི་འགྲོ་ལུགས་འདུག་སྟངས་སོགས་གཏམ་གླེང་ཡིད་ཚིམས་པར་བྱས་ཏེ་དགོན་དུ་ལོག་མཚམས་དེར།

འགན་འཛིན་དགེ་བཤེས་བསྟན་པས་ཞལ་པར་གནང་བར་ད་འུ་ཚོ་སྤྱི་ཟླ་ 9 པའི་2 ལ་ཆབ་མདོར་འཛོམ་ནས་སླར་སྤོས་ངད་གྲོང་ཁྱེར་དུ་ལོ་སྔོན་མར་འཆར་ཅན་གྱི་གསུང་རབ་པར་བསྐྲུན་ལ་ཕྱོགས་དགོས་པའི་ཞལ་གསུང་ལ་བརྟེན་ནས་སླར་ལམ་ལ་ཆས་པའི་སྟ་གོན་བྱས་མཐར་རྒྱབ་སྐྱོར་བཟང་པོའི་འོག་གནད་སྨིན་བཞིན།  ཚེས་དེར་ཆབ་མདོར་ ༧ སྐྱབས་རྗེ་རིན་པོ་ཆེ་དང་འགན་འཛིན་དགེ་བཤེས་བསྟན་པ།  ལག་རྩལ་པ་ཤེས་རབ་འོད་ཟེར།  བྲིས་པ་ནམ་མཁའ་འོད་ཟེར།  ཕྲན་བཅས་གདན་ཐོག་གཅིག་ཏུ་སྤུངས་ཏེ་འགྲོ་ལུགས་ཀྱི་གྲོས་གླེང་གནང་མཐར་ ༧ སྐྱབས་རྗེ་མཆོག་ཉིད་མཁའ་ལམ་ནས་ཕེབས་རྒྱུ་དང་ངེད་བཞི་རླངས་འཁོར་སྐོར་ཏེ་གནས་མཆོག་ཁ་བ་དཀར་པོ་སྐོར་བཞིན་ལམ་བར་ནས་དཔེ་རྙིང་བཙལ་འཚོལ་དགོས་ཚུལ་གྱི་གྲོས་ཆོད་ལྟར་སྤྱི་ཚེས་ ༣ ནས་མཛོ་སྒང་རྒྱུད་དེ་ཁྲི་འདུ་གྲོང་ཚོ་རུ་དཔེ་རྙིང་མཇལ་ཏེ་བྱ་ཁྱུང་ཁྲུས་ཆུ་རུ་ཁྲུས་གསོལ་བྱས།  ཕྱི་ཉིན་ཚ་རོང་སྒྲོ་ཤོད་གྲོང་ནས་དཔེ་རྙིང་མཇལ་འཚོལ་བྱས་ཏེ་ཤོད་པ་རུ་དགོན་གསར་དེར་ཞག་མལ་བྱས།  ཕྱི་ཉིན་ཚ་རོང་ཤང་དུ་དཔེ་རྙིང་དྲི་རྟོག་བྱས་ཏེ་དེ་ནུབ་ལམ་བར་ལམ་ལས་བཟོ་པ་སར་གནས་མལ་བྱས།  ཕྱི་ཉིན་རིམ་བཞིན་འགྲུལ་བཞུད་བྱས་ཏེ་ཡུན་ནན་ཞིང་ཆེན་(云南省贡山县)རྒྱུད་ནས་(福贡县)དུ་(明珠宾馆)ཞག་མལ་བྱས།  ཕྱི་ཉིན་སྔར་མོར་ལངས་ཁྲུས་དང་ཞལ་ལག་ཟབ་རྒྱས་ཞུས་ཏེ་རྔུལ་ཆུ་ཁུལ་(怒江州)རྒྱུད་དེ་(下关)ནས་རི་བོ་བྱ་རྐང་(鸡足山)མཇལ་སྐོར་དང་གནས་དེར་རྒྱ་རིགས་ཀྱི་བཙུན་མའི་རྟེན་དགོན་དག་ལ་གསོལ་སྨོན་གྲུབ་མཐར་(大理)(观风各栈酒店)ལ་མལ་ཚུགས་བྱས།  ཕྱིར་ཉིན་ནམ་རྒྱུན་གྱི་ཞོག་ཟས་ལ་རོལ་ཏེ་རྒྱ་ཡི་ཏ་ལས་མཚོ་ཁ་(马头)ཟེར་བའི་མཚོ་ཆེན་དེར་མཇལ་སྐོར་གཟིངས་ནས་ཞུས་རྗེས་(元谋县)རྒྱུད་ནས་སི་ཁྲོན་(四川省)(西昌市)དུ་མགྲོན་ཁང་ཆེན་མོར་(商务酒店)ཞག་སྡོད་བྱས།  ཕྱི་ཉིན་སྤྱི་ལོ་ 2016/9/8 ལ་རླངས་འཁོར་སྐོར་ཏེ་(冕宁县)རྒྱུད་ནས་གཡག་རྔ་(雅安)རུ་བོད་ཇའི་ཚོང་ཁང་གི་ར་བའི་ནང་དུ་དྲོ་ཚིགས་དང་ངལ་གསོ་གློ་བ་བདེ་མོར་བྱས་ཏེ་སྤོས་ངད་ལྡན་པའི་གྲོང་ཁྱེར་དུ་ཕྱི་དྲོ་པེ་ཅིང་འཁོར་ལོའི་ཆུ་ཚོད་ 5 པའི་ཐོག་བདེ་མོར་འབྱོར་རོ།།  

 

མེས་པོ་རྒྱུད་གསུམ་རིག་འཛིན་སྤྱི་གཙུག་བསྟིམ།

ཡིད་དམ་ཕྱི་ནང་གསང་གསུམ་ལུས་ལ་བཀོད།

གནས་གསུམ་མཁའ་འགྲོ་བོན་སྐྱོང་འཁོར་དུ་བསྐོར།

མཁས་གྲུབ་རྣམ་ཐར་མཇལ་བའི་ཡིད་རབ་སྤྲོ།

     དེའི་ཕྱི་ཉིན་སྔར་གྱི་ལས་འཕྲོ་མཐའ་དག་རང་རང་གིས་འོས་འགན་བཞིན་དང་ལེན་ཞུས་ཏེ་འགའ་རེས་གློག་ཀླད་ནང་སྒྲིག་སྦྱོར་གནང་།  འགའ་རེས་ལེགས་སྒྲིག་གི་ཞུ་དག་ལ་འབད་ནས་ནུས་ཤུགས་ཡོད་རྒུ་རྩལ་བཏོན་ཏེ་སྤྱིར་ན་སྔོན་བསགས་རང་གི་ཟློག་མེད་ཀྱི་ལས་དབང་ཞིག་དང་།  དགོས་སུ་དལ་རྟེན་འདི་ལ་རྣམ་དཀར་ཚོགས་བསགས་དགེ་སྒྲུབ་ཅིག་དང་།  ཡང་དགོས་སུ་བྱ་ལས་མཆོག་གྱུར་རྟེན་གསུམ་ནང་ནས་མཁས་གྲུབ་ཚད་མས་ཕྱི་རབས་པ་འོ་ཅག་ལ་བཞག་པའི་ཞལ་གདམས་ཏེ་གསུང་རབ་བཞེངས་སྐྲུན་མཛད་པ་འདི་ལས་ལྷག་པའི་བྱ་བ་ཞིག་མེད་དོ་བསམ་བཞིན་ཆ་རྐྱེན་རྟེན་འབྲེལ་བཟང་པོ་འདི་འདྲའི་གོ་སྐབས་རག་པ་སྲིད་མཐའ་ཙམ་ལོས་ཡིན་སྙམ་མོ།།

དེ་མིན་དད་གུས་མེད་པའི་ཁྲལ་དང་ངོ་སྲུང་ཙམ་དང་ལྟོ་གོས་ལ་རེ་བ་སོགས་སེམས་རྒྱུད་ལ་རྒྱུ་མ་མྱོང་སྟེ་རང་རང་གི་བསྟན་པ་དེ་རང་རང་གིས་སྐྱོང་བ་ལས་གཞན་ལ་ཁག་དཀྲི་ས་ག་ལ་ཡོད་དེ་ཡོད་ཡང་མི་སྲིད།  གཙོ་བོས་འགོ་འཛིན་མཛད་ཅིང་འཁོར་གྱི་མོས་མཐུན་གྱིས་འབད་བརྩོན་ལས་ལ་དང་ལེན་དང་དཀའ་ངལ་ལ་གདོང་གཏད་དེ་དད་ལྡན་འབངས་མི་ཡོངས་ཀྱིས་རྒྱབ་སྐྱོར་ཡོད་ན་འདི་དང་འདི་ལྟ་བུའིམཛད་ཕྲིན་རྒྱས་པ་ལ་ཡིད་རངས་ཞུ་འོས་པ་མ་ཡིན་ནམ།

དེ་འདྲའི་རླབས་ཆེན་རྟེན་བཞེངས་ཀྱི་བར་མཚམས་ནས་སྤྲོ་སྐྱིད་ལྡན་པའི་དབྱར་གྱི་ལངས་ཚོ་རྒྱས་པར་གནས་སྐོར་དང་དཔེ་འཚོལ་སྐྱོ་གསེང་སོགས་གང་ཐད་ནས་བྱུང་མ་མྱོང་བའི་སྐལ་བཟང་གི་དུས་ཚིགས་ཤིག་སྟེ།  ལམ་མགྲོན་གྲྭ་གྲོགས་ཕན་ཚུན་བསམ་ཤེས་ཀྱི་གདེང་འཇོག་དང་།  མཁོ་མཐུན་གྱི་ཆ་རྐྱེན་ཡོད་རྒུ་དགོན་པའི་ ༧ སྐྱབས་རྗེ་བླ་མས་ཕོངས་མེད་ཀྱི་གཟིགས་སྐྱོང་།  འགྲུལ་བཞུད་ལམ་བར་ནས་འབྲེལ་འདྲིས་ཀྱི་གྲོགས་པོ་དང་།  དེ་སྔར་དཔེ་བསྐྲུན་དག་བསྒྲིགས་ལ་ཐུན་མིན་གྱི་ལེགས་སྐྱེས་སུ་གཟིགས་པའི་སེར་སྐྱ་ཡོངས་ཀྱིས་བློ་ཡུལ་ལས་བརྒལ་བའི་སྣེ་ལེན།  ས་ཕྱོགས་གང་གི་དད་ལྡན་ཀྱི་དཔེ་བདག་ཚོས་ཡིད་ཆེས་ཀྱི་རིན་བྲལ་ཚེ་སྲོག་ལ་བརྗེས་པའི་འཛམ་གླིང་དུ་མེས་པོས་བཞག་པའི་ནོར་བུ་དཔེ་རྙིང་གང་ཡོད་འཚེ་མེད་དུ་གཡར་བ་སོགས་ལ་དཔྱད་ན།  ལས་འབྲས་སམ་དགེ་སྡིག་གི་ཕན་ཡོན་ལོས་ཡིན་ཏེ་རྣམ་དཀར་གསུང་རབ་དུས་རབས་དང་འཚམས་པའི་བཞེངས་བསྐྲུན་ནི་ལྷག་བསམ་ཅན་ཚོའི་ཡིད་རངས་ཀྱིས་རྒྱབ་སྐྱོར་ཡོད་པ་མ་ཡིན་ནམའང་སྙམ།

སྔོན་བསགས་ཀྱིས་བསྡུས་པའི་གྲོགས་པོ་ངེད་ཚོའང་ཞག་པོ་བདུན་ཅུ་ཡར་བརྒལ་ལ་ཁྱི་འཁྱམས་སྲང་ཉུལ་ལྟ་བུ་མ་ཡིན་པར།  ཕྱོགས་ཡོངས་ནས་ཤེས་བྱར་རྒྱུས་ལོན་དང་།  བསམ་བློ་རྗེ་རེས།  ཉམས་མྱོང་བསག་ཐབས།  ཕན་ཚུན་གྱི་འཛིན་སྟངས།  སློབ་གསོ་དང་སློབ་སྦྱོང་།  ཡུལ་ལུང་གི་སྲོལ་རྒྱུན་མི་འདྲ་བ།  སྙིགས་དོར་བཅུད་ལེན་གྱི་ཐད་ནས་བགྲོ་གླེང་དང་།  རང་རང་གི་ཁམས་མོས་ལྟར་སྤྱོད་ལམ་བཞི་དང་འབྲེལ་བའི་མཚན་བཅས་དང་མཚན་མེད་ཀྱི་དགེ་སྦྱོར་ལ་ཡང་དེ་འཚམས་ཀྱིས་ཧུར་བརྩོན་ འབད་འབུངས་མ་བསྐུལ་དང་ལེན་གྱི་མི་ཚེའམ་དུས་ཚོད་ལ་རིན་ཐང་གཞལ་ཏེ་གཅེས་སྤྲས་གང་ཐུབ་ཐུབ་བྱས་བཞིན་དུས་འདའ་བ་ལགས་ཏེ།  ཡུལ་ངེས་མེད་ལ་དགེ་སྦྱོར་ངེས་ཅན་བསྒྲུབ་ཞེས་པ་ལྟར་དུ་དབྱར་གསེང་ལེའུ་ཆུང་མདོ་སྨད་སྐོར་བའི་ཟིན་ཐོ་རེ་ཞིག་གྲུབ་བོ།།  

དེ་ལྟའི་གཏམ་བཟང་དགེ་བའི་གྲུ་ཆར་གྱིས།

གུས་པ་བློ་ཆུང་ཁོང་དགེའི་རྒྱུད་མ་རླན།

ལེགས་ཆའི་སྡེབ་སྦྱོར་ས་བོན་སྐམ་གྱུར་ན།

མཁྱེན་ལྡན་གཟིགས་པོ་ཆུ་གཏེར་དབང་པོར་བཤགས།

      ཅེས་རུ་ཚ་ཚུལ་ཁྲིམས་དྲི་མེད་བདག་དྲན་བཞིན་ལེ་ལོའི་ངང་དུས་འདས་ཏེ་མེ་བྱ་ལོའི་བོད་ཟླ་ ༥ པའི་ཚེ་ ༩ སྟེ་སྤྱི་ལོ་ 2017/7/2 བདུན་ཕྲག་ངལ་གསོའི་གཟའ་སྐར་འགྲུབ་སྦྱོར་བཟང་པོའི་ཉིན་སྤོས་ངད་ལྡན་པའི་གྲོང་ཁྱེར་གྱི་ཤར་ཟུར་འབྲུ་རིགས་ཤིང་འབྲས་རྩི་ཐོག་སྣ་མང་གིས་སྤྲས་པ་རིའི་འདབས་རོལ་སྐྱེད་ཚལ་ཉམས་དགའ་བའི་གླིང་དཔར་འདེབས་བཟོ་གྲྭའི་ཉལ་ཁང་གཟི་བརྗིད་གླིང་དུ་དགེ་སྦྱོར་བར་གསེང་ནས་དཀྱུས་ཐོག་གཅིག་ཏུ་བྲིས་པ་དགེ་བར་གྱུར་ཅིག།    

2017/7/2




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།