༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 8
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 1 དཔྱད་རྩོམ།
1 དཔྱད་རྩོམ།
དྲི་བ་རྣག་ཐུམ་འབུགས་བཙུགས།​
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-02] [རྩོམ་པ་པོ།:ཁྱུང་ཁྲི་ལྡེ།] [གཟིགས་ཐེངས:]

ཡ་ཐོག་སྲིད་པའི་འོད་སྒོང་སྦུབས་ནས།།

ཁེར་རྐྱང་རྣམ་ཤེས་ས་རུ་ཟག་པའི།།
མ་ཡུམ་གངས་རིའི་མྱི་རྒན་དེ་ཚོའི།།
ཞབས་རྗེས་དམར་པོ་བརྗེད་ཐབས་ཨི་འདུག།

རྐང་བཞི་ཕྱུགས་ཀྱི་ལྷས་རའི་འདབས་སུ།།
རྐང་གཉིས་བཙུགས་པའི་མི་རྒོད་ཁྱུ་གཅིག།
མི་སྐྱིད་མི་དགོས་ཁྱི་སྐྱིད་མེད་ནས།།
ངུ་ཟུག་བྱས་པའི་ལོ་རྒྱུས་ཨི་ཡོད།།

མི་རིགས་ཤིག་གི་བླ་སྲོག་ངོ་མ།།
ཤེས་རིག་ལྔ་ཡི་རྐང་ལག་བཙུགས་ནས།།
ཧི་མ་ལ་ཡི་འབྲོང་རྒོད་ལྷན་དུ།།
འགྱིང་འགྲོས་བྱས་པའི་ལོ་རྒྱུས་ཨི་ཤེས།།

ལྕགས་ནག་སྨུག་པོ་བཞུ་བརྡུངས་བྱས་པའི།།
སྙིང་སྟོབས་ཅན་གྱི་སྤུ་རྒྱལ་བཙན་པོས།།
རང་ཚུགས་ཐུབ་པའི་རྣམ་ཤེས་དྲུང་མོས།།
རྒྱལ་སྲིད་བསྐྱངས་བའི་ལོ་རྒྱུས་ཨི་ཤེས།།

ལྷོ་མཐའི་འཁྱམས་པོ་ནང་ལ་འཛུལ་ཏེ།།
ནང་མི་སྨུག་པོའི་བླ་ཚེ་ཁྱེར་ནས།།
བཙན་པོ་སྨྱོ་ནག་རལ་པ་གསེག་དུས།།
མི་རིགས་ཤི་འགོ་ཚུགས་པ་ཨི་ཤེས།།

ཀོང་ཇོའི་རྐུབ་ནས་བུ་རྒྱུད་མ་སྐྱེས།།
བཙན་པོའི་མགོ་ལས་ཕྲུ་གུ་སྐྱེས་དུས།།
ལོ་རྒྱུས་ཡོད་ཚད་ཕྱི་ལ་གཏུགས་ཏེ།།
གདོང་ལ་ནག་ཐིག་བཟོས་པ་ཨི་ཤེས།།

ཤེས་རིག་ཉི་མའི་འོད་གུར་གླིང་དེ།།
ཉི་ཤུ་དགུ་ཡི་སྨག་ནག་བསྒྱུར་ཏེ།།
ལོ་རྒྱུས་རིག་པའི་བཞི་ཤད་རྒྱབ་མཁན།།
ཕུང་འདྲེ་དེ་ཚོའི་ལྟ་གྲུབ་ཨི་ཤེས།།

འཕྲུལ་ཡིག་བཞི་བཅུའི་མགུར་གླུ་ལེན་བཞིན།།
ཐེག་པ་རིམ་དགུའི་གར་སྟབས་བསྒྱུར་བའི།།
ཨ་མྱེ་རྒད་པོ་གསོན་དུར་སྦས་ཏེ།།
བློ་སེམས་གཞན་ལ་གཏད་རབས་ཨི་ཤེས།།

མི་རིགས་ཤིག་གི་འགན་འཁྲི་དོར་ཏེ།།
ཆོས་ལུགས་ཤིག་གི་ཞེན་གོག་དབང་གིས།།
བཙན་པོ་ཚང་གི་རྩ་རྒྱུད་གཅོད་མཁན།།
མདའ་གཞུ་ཅན་གྱི་དགེ་སློང་ཨི་ཤེས།།

ཡ་ཐོག་བཙན་པོའི་བླ་སྲོག་བཟུང་བའི།།
མྱི་ཆེན་ཁྲི་འབུམ་གླེགས་ཧྲུལ་ལྷན་དུ།།
གསོན་སྲེག་བྱེད་པའི་བླ་རྒན་དེ་ཚོའི།།
མཛད་རྣམ་ལོ་རྒྱུས་དྲན་མྱོང་ཨི་ཡོད།།

འཚེ་མེད་ཞི་བའི་ཞིང་ཁམས་དེ་རུ།།
ཞི་བའི་དམ་ཆོས་མཚོན་ཆ་བསྒྱུར་ཏེ།།
ཁ་བ་གངས་རི་ཁྲག་བཞིན་དཀྲུགས་ནས།།
ནང་ཤི་དམེ་འཁྲུག་བྱས་རབས་ཨི་གོ།

ཆོས་གོས་སེར་པོའི་ཐུ་རུམ་འོག་ནས།།
ཕ་སྲོག་གཅོད་པའི་སྟ་རེ་བརྡར་ཏེ།།
གདོང་དམར་བོད་པའི་རིག་གཞུང་དག་མ།།
འབུག་ནག་མགོ་འཇོམས་བྱས་པ་ཨི་ཤེས།།

བླ་ཁྲིའི་ཐོག་ནས་སྲིད་དབང་བརྩད་ཞིང་།།
དཔོན་ཁྲིའི་སྟེང་ནས་ཆོས་ཁྲིམས་བསྲུངས་ཏེ།།
བྱ་མ་བྱེའུ་རྣམ་ཐར་འཁྲབ་དུས།།
བོད་ཡུལ་ཉམས་ཆག་བཟོས་ལེ་ཨི་ཤེས།།

ཆོས་དང་འཇིག་རྟེན་ཁ་ཁར་མ་ཕྱེས།།
དཔོན་དང་བླ་མ་སོ་སོར་མ་བྱས།།
སྲིད་ཀྱི་ལག་ཆ་ཆོས་ལུགས་ཕྱར་ནས།།
ལྷ་ཆོས་བཙོག་པ་བཟོས་ལེ་ཨི་ཤེས།།

ཤེས་ཡོན་རིག་པའི་རྐང་ལག་འབོ་ཞིང་།།
གཡོ་སྒྱུ་ཁྲམ་པའི་རྭ་རྩེ་རྣོ་བའི།།
རོང་འབྲོག་བར་གྱི་གླང་སྨྱོན་དེ་ཚོས།།
ཁ་བའི་མགོ་རྣ་རྫོད་ལེ་ཨི་ཤེས།།

སྔར་བྱས་ལས་ལ་འགྱོད་བཤགས་བྱེད་དེ།།
ཕྱིས་ཆད་མི་བྱེད་དམ་བཅའ་བཟུང་ནས།།
ཁ་བ་གངས་རིའི་སྤུན་ཟླ་ཡོངས་རྫོགས།།
རྡོག་རྩ་གཅིག་སྒྲིལ་དགོས་ལེ་ཨི་ཤེས།།

ལྟེ་ཁྲག་དམར་པོ་གངས་འདབ་འཕོས་ཤིང་།།
ལས་སྨོན་རླུང་གིས་ས་མཐར་ཁྱེར་དུས།།
ཡམ་བུ་གྲོང་གི་རི་ཁུགས་ཤིག་ནས།།
སེམས་ཀྱི་ན་ཟུག་ཕྱི་རུ་བསྟན་ཡོད།།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།