༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 8
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
དཔལ་གྱི་སྟེང་ཆེན་ཁྱོད་ལ་ཕྱིར་དྲན་ཤོར།།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-02] [རྩོམ་པ་པོ།:ཁྱུང་ཐོག་རྒོད།] [གཟིགས་ཐེངས:]

སྤུ་རྒྱལ་གངས་དཀར་དང་ལོ་རྒྱུས་མཉམ་ཞིང་།།
སྤུ་ཐོག་བླ་མཚོ་ལས་བློ་གྲོས་ཟབ་པའི།།
ཁྱུང་རབས་རིམ་བྱོན་གྱི་ཕ་ས་སྨུག་པོ།།
དཀར་ནག་སེར་གསུམ་གྱི་དགེ་མཚན་དྲན་སོང་།།

འོལ་མོའི་གླིང་ཆེན་དང་མུ་ཆག་འབྲེལ་བའི།།
གཤེན་བསྟན་གཡུང་དྲུང་གི་ལག་རྡང་མ་འཐོར།།
བྱ་རུ་བཅོ་བརྒྱད་དང་རྗེ་འབངས་འབྲེལ་བའི།།
ཞང་ཞུང་སྒོ་པ་ཡི་ཆོ་ལོ་མ་བོར།།

དྲན་པ་ཡབ་སྲས་ཀྱི་བྱིན་རླབས་ཆར་རྒྱུན།།
མེ་སྟོན་གོང་འོག་གི་ཐུགས་ལ་བབས་པས།།
རི་སུལ་སྒོམ་སྒྲུབ་གྱི་རྣམ་འབྱོར་ཕོ་མོ།།
ཁྱོད་ཀྱི་པང་ཁུག་ནས་བསྐྱེད་བསྲིངས་བྱས་སོང་།།

གྱེར་སྤུངས་སྣང་བཞེར་གྱི་ཐུགས་ཀྱི་བརྣགས་པ།།
ཁྱུང་པོ་བཟོད་པ་ཡི་གཤིས་ལ་རྡོལ་བས།།
རྟོགས་པ་མཆོག་གྱུར་གྱི་གྲུབ་ཐོབ་ཕོ་མོ།།
ཁྱོད་ཀྱི་རི་སུལ་ལ་ཟད་པ་མི་འདུག།

སྟོང་ཆེན་དམུ་ཚ་ཡི་ཞལ་གྱི་བསིལ་རླུང་།།
སྤྲུལ་སྐུ་བློ་ལྡན་གྱི་སྙན་ལ་སྤུར་བས།།
མཛད་མདོ་རྒྱས་པ་ཡི་བྱིན་རླབས་སྨུག་ཞོད།།
ཁྱོད་ཀྱི་སྒལ་གཞུང་ནས་གྱེན་ལ་འཕྱུར་སོང་།།

ཁྲི་གཙུག་རྒྱལ་བ་ཡི་འདུལ་བའི་ཕྲེང་ཐག།
ཟླ་སྤྲུལ་རིམ་བྱོན་གྱི་ཕྱག་ཏུ་བསྲིངས་བས།།
ཚུལ་ཁྲིམས་པད་མོ་ཡི་ཡལ་ག་ལོ་འདབ།།
ཁྱོད་ཀྱི་སྒང་གཤོང་ནས་ན་སོ་འབུས་སོང་།།

གཤེན་ཆེན་ཀླུ་དགའ་ཡི་གཏེར་གྱི་ལྡེ་མིག།
ཞིག་པོ་གྲུབ་ཆེན་གྱི་ཕྱག་ཏུ་བཞག་པས།།
ཟབ་གཏེར་ཟང་མ་ཡི་གསང་སྒོ་དོག་མོ།།
ཁྱོད་ཀྱི་ཕུ་མདའ་ནས་རིམ་གྱིས་ཕྱེས་སོང་།།

ཀུན་མཁྱེན་ཉི་དབང་གི་རྒྱུད་གསུམ་ཐག་སྣེ།།
སྨྲ་དབང་ཡོངས་འཛིན་གྱི་ཕྱོགས་སུ་བརྐྱངས་བས།།
བཤད་སྒྲུབ་སྒོམ་གསུམ་གྱི་དར་ལྕོག་རིང་མོ།།
ཁྱོད་ཀྱི་ཕྱོགས་མཚམས་ནས་གྱེན་དུ་འཐེན་སོང་།།

ལྷ་བུ་པད་མ་ཡི་སྤུ་སྙུག་སྒམ་ཆུང་།།
ལྡོང་མདོ་དབུ་མཛད་ལ་རྗེས་སུ་བཞག་པས།།
གནའ་དེང་སྒྱུ་རྩལ་གྱི་གཞའ་ཚོན་འོད་གུར།།
ཁྱོད་ཀྱི་གློ་སྒང་ནས་འཕྲེད་ལ་ཕུབ་སོང་།།

ཡིག་ལྷ་འཕྲུལ་ཆུང་གི་སྙུག་མ་ཚིགས་གསུམ།།
མ་ནི་དབུ་མཛད་ལ་གཉེར་དུ་གཏད་པས།།
འབྲུ་ལྗིབ་གཟབ་གསུམ་གྱི་གཡུང་དྲུང་རི་མོ།།
ཁྱོད་ཀྱི་བྲང་གཞུང་ལ་འབུར་དུ་དོད་སོང་།།

ཁྱོད་ཀྱི་པང་ཁུག་ནས་ལྟེ་ཁྲག་འཐོར་བའི།།
ས་མཐའི་ཁྱུང་འཁྱམ་གྱི་ཚོར་སྣང་གསོན་པོ།།
བྲང་རུས་སུམ་མདོ་ལ་གཏེར་དུ་མ་སྦས།།
སྙུ་གུའི་སོ་བར་ནས་གསོན་པོར་བཞེངས་ཡོད།།


སྤེལ་མཁན། ཁམས་གསེར་སྙུག་ནས  ད་དུང་ཚིག་ཁ་ཤས་ལབ་དགོས་འདུག


དཔྱད་བུ་ཁྲི་ཤེས་ཀྱི་སྨན་ཁུག་གྲུ་བཞི།། 

བསམ་གཏན་ཡེ་ཤེས་ཀྱི་ཕྱག་ཏུ་སྤྲད་ནས།། 

གསོ་རིག་འབུམ་བཞི་ཡི་ལག་ལེན་ཟམ་མོ།། 

སྟེང་ཆེན་གྲོང་གསེང་ནས་རྒྱུན་སྐྱོང་ཡོད།། 


བཟོ་རྒྱལ་གར་མ་ཡི་སྐམ་པ་ཆ་གཅིག། 

ཁྲི་རྡོ་མགར་བ་ལ་རྩིས་སྤྲོད་བྱས་ཏེ།། 

ལྷ་ཆ་མཆོད་རྫསཀྱི་གསེར་ཆས་དངུལ་ཆས།། 

སྒང་རུའི་ཕ་རྒན་ཚོས་བཞི་རྡུང་བྱས་ཡོད།། 


བླུག་པ་སྤ་སངས་ཀྱི་བྱད་དཔེ་གོར་མོ།། 

ཨ་མྱེ་འབུག་རྒྱས་ལ་བསྔན་པ་སྤྲད་དེ།། 

གསེར་དངུལ་བཞུས་མ་ཡི་བླུག་གི་སྒུ་རྩལ།། 

ཁྱུང་གཉིས་ལ་གང་ནས་དར་སྤེལ་བྱས་ཡོད།། 


སྐོང་རྩེ་འཕྲུལ་རྒྱལ་གྱི་རྩིས་གཞོང་གྲུ་བཞི།། 

རལ་ལ་གཡུ་རྩེ་ལ་གཏེར་ཁ་སྦས་ཏེ།། 

གནམ་རིག་སྐར་རྩིས་ཀྱི་རི་མོ་རྙིང་པ།། 

གསེར་ལུང་ཕྱུག་མོ་ནས་ད་བར་བྲིས་ཡོད།། 


དཀའ་ཐུབ་རྣམ་གསུམ་གྱི་མན་ངག་དམར་མོ།། 

གྲུབ་ཆེན་ནམ་མཁའ་ལ་དངོས་སུ་རྒྱུད་དེ།། 

ཟག་མེད་ཁ་ཟས་ཀྱི་འཚོ་བ་རོལ་པའི།། 

རྟོགས་ལྡན་རྣལ་འབྱོར་གྱི་རྒྱུད་པ་འཛིན་ཡོད།།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།