༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 29
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 5 ཤིས་ཚིག
5 ཤིས་ཚིག
ཤིས་ཚིག་གཡུང་དྲུང་ལྷ་ཡི་རྨུ་ཐག
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-02] [རྩོམ་པ་པོ།:རིག་པའི་ཁུ་བྱུག] [གཟིགས་ཐེངས:]

ལས་སྨོན་ཐུགས་རྗེ་འཛོམས་པའི་ནུས་མཐུ་ལས།།
ཕྱི་སྣོད་འཁོར་འདས་བོན་རྣམས་མ་ལུས་པ།།
སོ་སོའི་ལས་དང་བསོད་ནམས་སྟོབས་ཀྱིས་གྲུབ།།

ལྷ་གཤེན་སྲིད་པ་གསུམ་གྱིས་འགྲོ་བ་འདུལ།།

རབས་བརྒྱད་སྟོན་པ་དམུ་རྒྱལ་སྲས་པོ་ཡིས།།
གྲངས་མེད་ཚོགས་བསགས་སྒྲིབ་སྦྱང་རྫོགས་སངས་རྒྱས།།
སླར་ཡང་མི་མཇེད་འགྲོ་བ་འདུལ་ཕྱིར་དུ།།
རྐང་གཉིས་སྐྱེ་བཞེས་བཅུ་གཉིས་མཛད་པ་མཛད།།

ཁམས་གསུམ་འཁོར་བ་མུན་པའི་ཞིང་མཆོག་ན།།
མྱང་འདས་ཐར་པའི་སྣང་བས་ཁྱབ་མཛད་ཅིང་།།
དུག་ལྔས་དབང་དུ་བསྒྱུར་བའི་འགྲོ་བ་ལ།།
ས་བཅུ་ལམ་ལྔའི་ལམ་ལ་ཁ་ལོ་སྒྱུར།།

དེ་ནས་རྗེས་འཇུག་རྒྱལ་ཚབ་མུ་ཆོ་ནས།།
རིམ་བཞིན་ཡུལ་ཆེན་ཡུལ་གྲུ་སོ་སོ་རུ།
བསྟན་པ་འཛིན་སྐྱོང་སྤེལ་བའི་སྐྱེས་བུ་ཡིས།།
སོ་སོའི་སྐད་དུ་བསྒྱུར་ནས་རིམ་རིམ་སྤེལ།།

སེམས་ཅན་ལས་དང་བསོད་ནམས་དབང་ཤུགས་ཀྱིས།།
དར་ནུབ་འཕེལ་འགྲིབ་གོད་ཆག་མང་དུ་འབྱུང་།།
བོན་ལ་བདེན་པའི་མཐུ་དང་ནུས་མེད་ན།།
ད་བར་མི་ནུབ་དར་འདི་ཅིའི་ཕྱིར།།

དེང་དུས་ཕ་དང་བོན་ལ་སྡང་མཁན་མང་།།
ལྷག་བསམ་དྲང་བདེན་ཅན་ལ་འཕྱ་ཁ་མང་།།
རྫུན་དང་བརྫི་མ་གཉིས་ལ་རྒྱབ་གཉེར་མང་།།
ཉམ་ཆུང་སེམས་ཅན་ཀུན་ལ་ཐུབ་ཚོད་མང་།།

སྙིགས་ལྔའི་གཟའ་རྒོད་གླལ་བའི་སོ་བར་ན།།
གཤེན་བསྟན་ཉི་ཟླའི་གཟི་འོད་འབར་དཀའ་ཡང་།།

བོན་གཤེན་རིགས་འཛིན་གོང་མའི་བྱིན་མཐུ་ཡིས།

གྱེར་བསྟན་པད་ཚལ་རྒྱས་འདི་ངོ་མཚར་ཆེ།།

ཕྱི་རུ་རྣམ་དག་འདུལ་བའི་སྤྱོད་ལམ་བཙུན།།
ནང་དུ་བསླབ་པ་གསུམ་གྱི་ཉམས་ལེན་ཟབ།།
གསང་བར་རང་སེམས་ཀུན་བཟང་ལྷ་ཞལ་མཇལ།།
རྒྱལ་བ་སྨན་རིའི་མཁན་སློབ་རྣམས་ལ་གུས།།

སྙིགས་དུས་དམུ་རྒྱལ་གཤེན་གྱི་རྒྱལ་ཚབ་དང་།།
བླ་ཆེན་དྲན་པ་མི་ཡི་རོལ་གར་སྟེ།།
ཡོངས་འཛིན་སྨྲ་དབང་འཛམ་གླིང་ཉི་མ་ཡིས།།
བོན་འབངས་ཀུན་ལ་བདེན་པའི་ཐ་ཚིགས་བསྒྲགས།།

ཤར་ནུབ་ཀུན་ཏུ་བོན་གྱི་རྒྱལ་མཚན་བཙུགས།།
ལས་ལྡན་བུ་ལ་ཟབ་གདམ་ཁ་རུ་བླུག 
བོན་གྱི་བསྟན་པ་བོན་པོས་འཛིན་དགོས་ཞེས།།
བོན་འབངས་སེར་སྐྱ་ཚོ་ལ་ཡང་ཡང་གདམས།།

བན་དང་བོན་ཞེས་ཁ་ནས་མང་བཤད་ཀྱང་།།
བན་བོན་ཁྱད་པར་ཁོག་ནས་འབྱེད་དགོས་ཕྱིར།།
ཁོག་གི་ཟུང་འཇུག་བན་དང་གཅིག་པས་ན།།
བན་བོན་ཁྱད་པར་སུ་ཡིས་འབྱེད་དོ་གསུངས།།

ལྷག་པར་རྒྱལ་བ་གཉིས་པ་མཉམ་མེད་པའི།།
འཕྲུལ་སྒྲོན་རྣམ་ལྔ་གཞུང་ཆེན་ཟབ་མོའི་བཅུད།།
ཡང་ཡང་འཐུང་ལ་རང་ཚུགས་ཐུབ་པ་ཞིག །།
ཚིག་དོན་གཉིས་ཀར་ཟུངས་ཞེས་ཡང་ཡང་གདམས།།

མདོར་ན་མདོ་དབུས་ཁམས་ཀྱི་ཡུལ་གྲུ་རུ།།
བོན་བསྟན་སྐྱ་རེངས་ཤར་བའི་ངང་ཚུལ་འདི།།
ཡོད་ཚད་མཁན་སློབ་རྣམ་གཉིས་བཀའ་དྲིན་གྱིས།།
གཤེན་བསྟན་ཉི་ཟླས་འཛམ་གླིང་མཛེས་པར་བྱས།།

ལྷག་པར་རང་ལ་བཀའ་དྲིན་ཆེ་བའི་བཤེས།།
གཤེན་ལྷ་དཀར་པོ་མི་ཡི་གཟུགས་སྟོན་པ།།
དཔལ་ལྡན་བླ་མ་འོད་ཟེར་སྦྱིན་པ་རྗེས།།
སྒྱུ་མའི་ནོར་གྱི་དངོས་པོ་ཡོད་ཅོག་ཀུན།།

གསུང་རབ་འཕྲུལ་པར་བཏབ་ཏེ་བོད་ལ་སྤེལ།།
བསྟན་པའི་སྙིང་པོར་དགོངས་ཏེ་བཤད་སྒྲུབ་གསོས།།
སྔར་མེད་བཀའ་རྟེན་མིག་མཛེས་པར་དུ་དྲངས།།
འཛམ་གླིང་ཤར་ནུབ་ཁྱོན་ལ་འོད་བརྒྱ་འགྱེད།།

ད་དུང་རྒྱལ་བའི་བཀའ་འགྱུར་སྤུས་ལེགས་ཤིག 
མིག་ཡིད་རྣ་བའི་དགའ་སྟོན་འབྱོན་རབས་ཤིག 
ང་ཡི་རྣ་བའི་བུ་གར་ལྷུང་བའི་ཚེ།།
དགའ་དད་སྤྲོ་བའི་འཛུམ་མདངས་རབ་ཏུ་རྒྱས།།

ཉེ་བར་མིག་ཡིད་དགྱེས་པའི་དགའ་སྟོན་དུ།།
ཁྱུང་པོའི་དྲྭ་བ་ཟེར་བའི་འཕྲིན་ལམ་ཞིག 
གཤེན་གྱི་བསྟན་པ་རྗེས་བཞག་མཛད་ཉིན་ལ།།
སྒོ་འབྱེད་བྱ་རྒྱུའི་སྐལ་བཟང་ཤར་ཉེ་སྐད།།

ཁྱུང་ཡུལ་ཡུལ་སྲོལ་དམངས་ཁྲོད་རིག་གནས་སོགས།།
མི་ཉམས་སྲུང་སྐྱོབས་བྱེད་པའི་གོ་ཆ་འདི།།
འཆི་མེད་ལྕགས་སྲོག་གྲུབ་པའི་ངང་ཚུལ་བཞིན།།
ནུབ་མེད་ཁྱུང་ཡུལ་མགོན་དུ་རྟག་བཞུགས་ཤོག།

ཆོས་སྲིད་རིག་གནས་ནོར་གྱིས་མི་ཕོངས་ཤིང་།།
གནམ་གྱི་རྒྱལ་མོས་བཀའ་ཆད་མི་འབེབས་པར།།
ཐམས་ཅད་ཆར་པ་ཆུ་གྲོགས་གྱུར་བཞིན་དུ།།
ཐམས་ཅད་འདི་ཡི་གྲོགས་སུ་འགྱུར་བར་ཤོག།

འདི་ལ་བརྟེན་ནས་རྣམ་དཔྱོད་ཤེས་རབ་འཕེལ།།
འདི་ལ་བརྟེན་ནས་ཁྱུང་ཕྲུག་རྩལ་གསུམ་རྫོགས།།
འདི་ལ་བརྟེན་ནས་ཁྱུང་ཕྲུག་ཁྱུང་བཞིན་དུ།།
སྲིད་འཁོར་ཤེས་བྱའི་མཁའ་རུ་ལྡིང་བར་ཤོག

དཔལ་ལྡན་བླ་མའི་སྐུ་ཚེ་རབ་ཏུ་བརྟན།།
བུ་སློབ་འཁོར་ཚོགས་བསླབ་གསུམ་ཉམས་རྟོགས་འཕེལ།།
བསྟན་སྦྱིན་ཡོན་བདག་ཚེ་བསོད་དབང་ཐང་རྒྱས།།
ཁ་དགེ་བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག 

ཐ་ཚན་མུ་ཙུག་སྨར་རོ།།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།