༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
མཆོད་སྤྲིན་དད་པའི་རླབས་རིས།
[རྩོམ་ཁུངས།:བོན་གཤེན་བསྭོ་སྒྲ།] [ཟླ་ཚེས།:2017-05-02] [རྩོམ་པ་པོ།:ཁྱུང་ཁྲི་ལྡེ།] [གཟིགས་ཐེངས:]

ལྔ་ཕྲག་དུག་མེ་གྱེན་དུ་འཕྱོ་བའི་སྐབས།།

ལྔ་རིག་བདུད་རྩི་དོག་པའི་རླབས་ཕྲེང་གིས།།

ལྔ་བཅུ་ཁ་རལ་དམུ་རྒོད་འདུལ་བའི་གཉེན།།

ལྔ་སྙིགས་འདྲེན་མཆོག་འོད་ཟེར་སྦྱིན་པ་རྒྱལ།།

 

གང་ཐུགས་ལྷོ་སྤྲིན་འཚུབ་མའི་ལྡིང་ཁང་ནས།།

མཛད་ཕྲིན་དབྱར་སྐྱེས་རྔ་གསང་སྒྲོག་པའི་ཚེ།།

ཟོལ་བྲལ་དད་གསུམ་སྙིང་གི་ནགས་ཀླུང་ནས།།

རྟོགས་བརྗོད་རྨ་བྱའི་སྒྲོ་གུར་རྣམ་པར་འཛུམ།།

 

སྲིད་འབྱོར་མཛེས་སྡུག་དབང་གཞུའི་དོ་ཤལ་ཅན།།

ནང་ཆེན་ཁྱོ་ཤུག་ཤར་རི་ལས་ཐོན་པའི།།

ཆབ་སྲིད་སྐྱེས་སྤྲུལ་འཇམ་དབྱངས་ཟླ་གཞོན་མའི།།

ཁ་བྱང་ངོམས་པའི་དཀོར་ཟན་ས་ཁྱབ་དུས།།

 

ཕ་མཆོག་མཚན་ལྡན་བླ་མའི་ཟབ་གདམས་དང༌།།

མ་མཆོག་བཤད་སྒྲུབ་བསྟན་པའི་མངལ་སྒོ་ལས།།

ཉེར་འཁྲུངས་ལུང་རྟོགས་རྒྱན་གྱི་གློག་ཕྲེང་ཅན།།

དོན་གྱི་ལྷ་སྲས་དོན་ངོ་ཤེས་མཁན་དཀོན།།

 

འདི་སྣང་མཛེས་སྡུག་སྒྱུ་མའི་གར་མཁན་མས།།

བསུ་སྐྱེལ་བྱིས་པ་དགའ་བའི་འཛུམ་སྟོན་ཡང༌།།

ཁྱེད་ཡིད་ངེས་འབྱུང་གླང་ཆེན་སྨྱོན་པའི་སྣ།།

འགུག་པ་མ་ནུས་བསྟན་དོན་ཚལ་དུ་ཤོར།།

 

ཕྱི་རུ་དར་ཕྲུག་གོས་ཀྱི་མདངས་མཛེས་ཀྱང༌།།

ནང་དུ་བསླབ་གསུམ་ནོར་བུའི་སྲོག་བྲལ་བའི།།

ལུགས་སུ་བླུག་པའི་ཟངས་སྐུ་གསོང་ལྡོང་དང༌།།

མཚུངས་པའི་སེར་སྤྲུལ་དག་དང་ཁྱེད་མི་འདྲ།།

 

ཐོས་བསམ་སྒྲོན་མེ་བསད་པའི་མུན་ཁང་ནང༌།།

གོལ་ལམ་རྣམ་རྟོག་གློག་གི་གར་བསྒྱུར་བའི།།

ལྟར་སྣང་དགེ་བྱེད་བཙོན་པ་རུས་ཕྲེང་ཅན།།

གཏན་བདེའི་སྲོག་དབང་བྲལ་བ་ཁྱེད་ཀྱིས་འཁུམས།།

 

ངེས་དོན་བཤད་སྒྲུབ་སྤང་རིའི་བཙན་ས་བཟུང༌།།

ལུང་རྟོགས་ཐོས་བསམ་སྒོམ་པའི་སྣོལ་མ་ཉབ།།

ཕུལ་བྱུང་འཆད་རྩོད་རྩོམ་པའི་ངར་ལྷབ་སྒྲོག།

དཔོན་གསས་འབྲོང་གཡག་དར་མ་ཁྱེད་ཉིད་རྒྱལ།།

 

སྙིགས་དུས་འདྲེན་མཆོག་ཀུན་མཁྱེན་འཇའ་ལུས་པའི།།

བཀའ་སྲོལ་རྨ་མེད་སྒྲུབ་རྒྱུད་རིང་ལུགས་སྲོལ།།

གངས་རིའི་ལྗོངས་སུ་ཉི་བཞིན་ཁྱབ་མཛད་པའི།།

བསྟན་འཛིན་ཁྱེད་ནི་མུན་འཇོམས་སྒྲོན་མེ་དངོས།།

 

ང་རྒྱལ་ཡར་རྒྱས་གཏོང་བའི་བཤད་གཡམ་དང༌།།

གཏི་མུག་ཕྱུག་པོ་བཟོ་བའི་བླུན་སྒོམ་གྱི།།

མཐའ་གཉིས་ལས་གྲོལ་འཁོར་རྩ་གཅོད་པའི་གཉེན།།

ཐོས་བསམ་སྒོམ་དང་འབྲེལ་བའི་སྒྲུབ་གྲྭ་བཙུགས།།

 

དགག་སྒྲུབ་གློག་གི་སྒྲོན་མེ་མ་སྤར་ན།།

འཁྲུལ་སྒྲིབ་གོལ་སའི་གཡང་ཁ་ནས་ལྷུང་སྟེ།།

དོན་དམ་གཤིས་ཀྱི་ལྷ་ཞལ་མི་མཐོང་བས།།

ཚད་གསུམ་རྩོད་པའི་བཤད་གྲྭ་གསར་དུ་བཙུགས།།

 

ཨ་འཐས་རིག་ངོར་གྲུབ་པའི་འདི་སྣང་ལྕགས།།

བདེ་སྟོང་ཡེ་ཤེས་ཆེན་པོའི་དྲོད་ཚད་ཀྱིས།།

ཟབ་གསང་ཀ་དག་ཀློང་དུ་བཞུ་བའི་མེ།།

མ་བཅོས་གནས་ལུགས་སྐྱོང་བའི་སྒོམ་གྲྭ་བཙུགས།།

 

མི་རིགས་བླ་སྲོག་སྐད་ཡིག་རིག་པའི་གཞུང༌།།

མི་འདོད་ཕྱག་དར་ཁྲོད་དུ་འདོར་བའི་དུས།།

མི་རབས་རྗེས་མའི་མདུན་ལམ་ལ་གཟིགས་ཏེ།།

མི་འགྱུར་ཡིག་རྨོངས་སེལ་བའི་སློབ་ཚོགས་སྐྱོང༌།།

 

ཀུན་གཞི་གནས་ལུགས་སྟོན་པའི་སློབ་དཔོན་ཏེ།།

ཀུན་བཟང་ཡི་གེའི་གཟུགས་སུ་མངོན་བྱོན་པ།།

ཀུན་གྱིས་བཀུར་འོས་བརྟེན་འགྱུར་པར་སྐྲུན་སོགས།།

ཀུན་ཕན་གཡས་འཁྱིལ་རི་མོས་མཐོ་སྒང་ཁྱབ།།

 

ཕྱི་རུ་གསེར་འཕྲུ་རྔ་ཐུག་རབ་མཛེས་ཤིང༌།།

ནང་དུ་གསེར་གདུང་གསུང་རབ་ལེགས་བལྟམས་པའི།།

མཁའ་མཉམ་འགྲོ་བའི་ཕྱག་སྐོར་དད་རྟེན་དུ།།

བརྗིད་ཆགས་དཔལ་འབར་གཙུག་ལག་ཁང་ཆེན་བཞེངས།།

 

མི་གཙང་ཆང་རག་ཁ་དུ་ཤ་ཁྲག་སོགས།།

སྐྱེ་འགྲོའི་བདེ་སྐྱིད་བརླག་པའི་ལོག་སྤྱོད་དག །

མྱུར་དུ་སྤོངས་ཞེས་ཤ་ཚའི་འབོད་སྐུལ་གྱིས།།

ལོག་ཞུག་ཁྲི་འབུམ་སེམས་ལ་བདེ་སྐྱིད་བསྐྲུན།།

  

མཐོང་གྲོལ་གཟི་བྱུར་ཕྲ་རྒྱན་རབ་མཛེས་པའི།།

སྲོག་མེད་གསེར་གདུང་ཁྲི་འབུམ་བཞེངས་པ་ལས།།

ལྷག་པའི་བསླབ་གསུམ་གཟུངས་ཞུགས་ཚད་ལྡན་པའི།།

སྲོག་ལྡན་དགེ་འདུན་གསོན་པོ་ཁྱེད་ཀྱིས་བཞེངས།།

 

ལྷ་འབྲི་རྟེན་བཞེངས་འབྱོར་ལྡན་བུ་མོས་ནུས།།

གྱེར་རྡུང་གཏོར་བཟོ་གྲོང་ཆོག་རྒེ་པོ་མཁས།།

བསྟན་པའི་སྙིང་པོ་བཤད་སྒྲུབ་སྒོམ་པའི་སྡེ།།

སྐྱོང་བ་འདི་ནི་སྐྱེ་བོ་ཕལ་གྱིས་མིན།།

 

བླ་མེད་བླ་ཆེན་འགའ་ཡི་ཡང་སྲིད་དུ།།

ཆེས་བཀུར་ཆེས་མཐོའི་ཁྲི་རུ་མངའ་གསོལ་བའི།།

ཚིག་བཤད་ཚིག་གི་སྤྲུལ་སྐུ་མ་ཡིན་ཀྱང༌།།

དོན་དམ་དོན་གྱི་སྤྲུལ་སྐུ་ཁྱེད་མིན་སུ།།

 

མི་ཆེན་བླ་མའི་ཁྱིམ་དུ་མ་སྐྱེས་ཤིང༌།།

ཆེ་རྒྱུད་རུས་པའི་བཤད་གཡམ་མེད་ན་ཡང༌།།

ཕྱི་ནང་གསང་བའི་དབང་ལུང་ཁྲིད་ཀྱི་རྒྱུད།།

འཛིན་པ་ཁྱེད་ལ་དོན་གྱི་གདུང་རྒྱུད་ཡོད།།

 

བསྟན་སྤེལ་ནེ་ཙོའི་ཁ་བཤད་མཁས་ན་ཡང༌།།

དཔྱོད་ལྡན་དྲན་དབང་སྟོང་གི་སྤྱན་ལམ་དུ།།

ལེགས་བྱས་རྣམ་སད་བུ་མོའི་གར་བསྒྱུར་ཚེ།།

ཚོགས་དྲུག་མེ་ཏོག་གཡོ་བའི་ལྡིང་ཁང་ནས།།


སེམས་ཀྱི་བུང་བ་དགའ་བའི་འཕུར་ལྡིང་རྩེན།།

མཐོ་རློམ་སྐྱེས་སྤྲུལ་གཙུག་གི་རལ་ཀློང་ནས།།

ལེགས་བྱས་སྟོན་ཟླ་གཞོན་ནུའི་དཔལ་ངོམས་ཚེ།།

སྐལ་དམན་ཡི་དྭགས་རྒེ་པོའི་སྙིང་ཚིགས་ཀྱང༌།།


སྐལ་ལྡན་ཀུན་ད་དགའ་བའི་འཛུམ་རྒྱ་གྲོལ།།

གྲགས་འདོད་སླང་ངའི་དྲི་མས་མ་གོས་ཤིང༌།།

ངོ་བསྟོད་བཅོས་མའི་འཛུམ་མདངས་མ་གྲོལ་བའི།།

དད་པའི་གཤིས་ལ་རྫོགས་པའི་སྲུབ་ཀ་ནས།།


དུང་སེམས་འོ་མའི་རླབས་ཕྲེང་གྱེན་དུ་འཕྱུར།།

གསང་གསུམ་ཟླ་བའི་མ་མ་ལས་ཐོན་པའི།།

རབ་དཀར་སྤྲིན་གྱི་ཅོད་པན་གཡོ་བ་ཡི།།

མཛད་ཕྲིན་ག་པུར་འཛག་པའི་བདུད་རྩི་འོད།།


ཉེར་འཚེ་ར་ཧུའི་གཡུལ་ལས་རྒྱལ་གྱུར་ཅིག།

བསྟན་དོན་ལག་ལེན་འབྱོང་ལ་ཆེས་དཀོན་ཚེ།།

བསྟན་པའི་བླ་སྲོག་འཛིན་པའི་ཨ་མའི་བུ།།

བསྟན་མཐོང་མིག་ལྡན་མི་ཡིས་གཙུག་ཏུ་བཀུར།།


བོན་གཤེན་བསྭོ་སྒྲ་ལས་དྲངས།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།