༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 5 ཚེས 20
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > དགོན་གནས། > 1 གནས་རི།
1 གནས་རི།
གསང་བྲག་སེང་གེ་འགྱིང་རིའི་གསོལ་འདེབས་ངོ་མཚར་མཐོང་གྲོལ་བཞུགས།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-04-28] [རྩོམ་པ་པོ།:མུ་ལ་རང་གྲོལ་རྩལ།] [གཟིགས་ཐེངས:]

གསང་བྲག་སེང་གེ་འགྱིང་རིའི་གསོལ་འདེབས་ངོ་མཚར་མཐོང་གྲོལ་བཞུགས། 


ཨེ་མ་ཧོ།
རྣམ་དག་འགྱུར་མེད་བོན་སྐུའི་ཀློང་ཡངས་ནས།།
སྣ་ཚོགས་ལྷུན་གྲུབ་རྫོགས་སྐུའི་དཀྱིལ་འཁོར་ཤར།།
མ་ངེས་འགྲོ་འདུལ་སྤྲུལ་སྐུའི་འོད་ཟེར་འཕྲོ།།
མཁའ་སྤྱོད་དག་པའི་གནས་ལ་གསོལ་བ་འདེབས།།
 
སྔོན་ཚེ་ཡེ་སངས་རྒྱས་ཀྱི་ཐུགས་ལས་སྤྲུལ།།
བར་དུ་ཡུམ་སྲས་གཤེན་གསུམ་བྱིན་གྱིས་བརླབས།།
གསང་བ་སྦས་པའི་ཞིང་མཆོག་ཁྱད་པར་ཅན།།
འགྲོ་འདྲེན་དག་པའི་གནས་ལ་གསོལ་བ་འདེབས།།
 
དབལ་བོན་སྟག་ལ་མཁར་འཕུར་གནས་འདིར་བབ།།
སྟག་སེང་ཁྱུང་གསུམ་སྤྲུལ་ནས་བྱིན་གྱིས་བརླབས།།
སྐུ་གསུམ་ཁྲོ་བོའི་སྐུ་གཟུགས་སྦས་པའི་གནས།།
དུས་མཐའི་འགྲོ་འདྲེན་གནས་ལ་གསོལ་བ་འདེབས།།
 
འཆི་མེད་གཙུག་ཕུད་སྟག་ལ་མེ་འབར་དང་།།
གསང་འདུས་ཐུགས་འཛབ་རང་བྱོན་འབུར་དུ་དོད།།
ལྕེ་ཚ་མཁར་བུ་བྲག་ལ་ཟང་ཐལ་ཕུག།
ངོ་མཚར་ཁྱད་འཕགས་གནས་ལ་གསོལ་བ་འདེབས།།
 
གསང་སྔགས་རྒྱུད་སྡེ་ཟབ་མོའི་གཏེར་ཁ་དང་།།
དྲན་པའི་སྒྲུབ་ཕུག་ཁ་རག་བདུད་རྩིའི་ཆུ།།
ཅོ་ཟའི་ཕྱག་བྲིས་མ་ཡིག་རང་བྱོན་སོགས།།
གྲུབ་རྟགས་དཔག་མེད་གནས་ལ་གསོལ་བ་འདེབས།།
 
སྟོང་རྒྱུང་འཕུར་རྗེས་ཤ་རིའི་རྫུ་འཕྲུལ་གྱི།།
གྱད་ཀྱི་ཕ་བོང་གྱིམ་ཚའི་གཅན་སྤྱང་རྗེས།།
སྟག་ལའི་སྒོམ་ཕུག་ཁྲོ་བོའི་གསང་འཛབ་སྒྲོགས།།
མཐོང་ཚད་གྲོལ་བའི་གནས་ལ་གསོལ་བ་འདེབས།།
 
ཚེ་དབང་གསང་ཕུག་ཚེ་རྫས་གཏེར་ཁ་དང་།།།
ཟབ་བེར་ཕྱག་ཆ་མཁའ་འགྲོའི་གསང་མཚལ་སོགས།།
གཞན་ཡང་གཏེར་ཁ་དཔག་མེད་མངའ་བ་ཡི།།
ཟབ་མོ་གསང་བའི་གནས་ལ་གསོལ་བ་འདེབས།།
 
དྲེལ་དམར་སྐུ་རྗེས་མཁའ་འགྲོའི་ཚོགས་གླིང་དང་།།
ཞི་ཁྲོའི་དཀྱིལ་འཁོར་ས་བཅུའི་མཐོང་ལམ་གསལ།།
རིག་འཛིན་ཚོགས་ཞིང་བྲག་ཕུག་ཟང་ཐལ་གླིང་།།
ཐོད་པ་བོར་ཆོག་གནས་ལ་གསོལ་བ་འདེབས།།
 
དེ་ལྟར་གསོལ་བ་བཏབ་པའི་བྱིན་བརླབས་ཀྱིས།།
ཕྱི་ཡི་དགྲ་གདོན་ནད་མུག་འཁྲུགས་རྩོད་ཞི།།
ནང་གི་དུག་གསུམ་དུག་ལྔའི་རྟོགས་ཚོགས་འཇོམ།།
གསང་བ་ང་བདག་གཟུངས་འཛིན་རང་གྲོལ་གནས།།
རིག་སྟོང་བློ་འདས་རྗེན་པ་འཆར་བ་དང་།།
ཕ་མས་གཙོར་བྱས་མཁའ་མཉམ་འགྲོ་བ་ཀུན།།
གདོད་མའི་རྒྱལ་ས་ཆེ་ལ་རིག་པར་ཤོག།


     ཅེས་གསང་བྲག་སེང་གེ་འགྱིང་རིའམ་སྒམ་སྐེད་བྲག་དཀར་གནས་ཀྱི་གསོལ་འདེབས་འདི་ཉིད་གོ་ན་ཤེལ་རྡོ་ནས་བསྐུལ་མ་གནང་བ་བཞིན་དུས་མཐའི་ཟབ་གཏེར་འཆང་བ་མུ་ལ་རང་གྲོལ་རྩལ་གྱིས་ཐོལ་ཤར་གཤེན་གྱི་འབྱུང་ལྡན་༣༠༡ལོའི་ཉག་མ་༣༡རབ་བྱུང་༡༧ཤིང་རྟ་ལོའི་ཟླ་བ་༥་པའི་ཚེས་བཟང་གི་ཉིན་ཕབ་པ་ཐོག་མའི་ཡི་གེ་བ་ནི་ལྷ་ལྡོང་ཚེ་དབང་སྐལ་བཟང་གིས་སུག་བྲིས་བགྱིས་པའོ།། དགེའོ།། བཀྲ་ཤིས།།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།