༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 7
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 6 བསྟོད་ཚིག
6 བསྟོད་ཚིག
རྒྱལ་ཀུན་འདུས་ཞལ་སྨན་སློབ་བསྟན་འཛིན་རྣམ་དག་གི་བླ་མ་རྒྱང་འབོད་བྱིན་རླབས་ཆུ་གཏེར་ཞེས་བྱ་བ་བཞུགས་སོ།།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2025-08-06] [རྩོམ་པ་པོ།:རུ་ཚ་རྔུལ་ཚའི་བུ་ཕྲུག] [གཟིགས་ཐེངས:]

རྒྱལ་ཀུན་འདུས་ཞལ་སྨན་སློབ་བསྟན་འཛིན་རྣམ་དག་གི་བླ་མ་རྒྱང་འབོད་བྱིན་རླབས་ཆུ་གཏེར་ཞེས་བྱ་བ་བཞུགས་སོ།།

 

    འདྲེན་པ་མཚུངས་མེད་བརྒྱུད་གསུམ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།།

    ཐོག་མར་ཆགས་ལུགས་ལྔ་ལྡན་གྱི་ཕྱག་རྒྱ་བཅའ་ལ། སྐྱབས་རྗེ་དཔོན་གསས་བླ་མ་མཆོག་བསྐལ་པ་ཁོལ་བུ་ཆུང་གི་འདྲེན་པའི་དེད་དཔོན་ཆེན་པོ་ཡིན་པ་ལ་ཡིན་པའི་འདུ་ཤེས་དང་། རྒྱལ་བསྟན་རིག་གཞུང་མཐའ་དག་གི་བདག་ཉིད་ཆེན་པོ། རྒྱུད་ལུང་མན་ངག་གི་མངའ་བདག །བརྒྱུད་གསུམ་བོན་གྱི་མཛོད་འཛིན་ཅན་ལ་བཀའ་དྲིན་རྗེས་སུ་དྲན་པའི་བཅོས་མིན་གྱི་དད་པ་དྲག་པོའི་ངང་ནས།

    རང་ཉིད་ཀྱི་སྤྱི་གཙུག་སེང་ཁྲི་ཉི་ཟླ་པདྨའི་གདན་ཐོག་ཏུ་དུས་བབ་བསྟན་འགྲོའི་སྐྱབས་མགོན་དཔོན་གསས་བླ་མ་མཆོག་ངོ་བོ་རིགས་བརྒྱ་འདུས་པ་མཁྱེན་བརྩེའི་བདག་ཉིད་ཆེན་པོ་ཡིན་པ་ལ། སྣང་ཚུལ་སྐུ་མདོག་དཀར་གསལ་རབ་བྱུང་གི་ཆ་བྱད་ཅན་ཞབས་གཉིས་སྐྱིལ་ཀྲུང་དུ་བཞུགས་ཤིང་། ཕྱག་གཡས་མཉམ་བཞག་གི་སྟེང་དུ་བོན་གྱི་སྡེ་སྣོད་གླེགས་བམ་འཛིན་པ། གཡོན་པས་ཐུགས་ཀར་བརྡ་རྟགས་གཡུང་དྲུང་ཆག་་ཤིང་བསྣམས་ཤིང་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པ་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་ཉམས་རྟགས་གཟི་བརྗིད་དང་ལྡན་པ། སྟོང་ལ་འགག་མེད་། གསལ་ལ་དངོས་མེད་མཁྱེན་བརྩེ་ནུས་པའི་བདག་ཉིད་ཆེན་པོར་སྒོམ་ལ།

བླ་མ་མཁྱེན་ནོ།། བླ་མ་མཁྱེན་ནོ།། བླ་མ་མཁྱེན་ནོ།།

མ་བཅོས་སྤྲོས་བྲལ་བདེ་ཆེན་བོན་སྐུ།།

འགག་མེད་གསུང་དབྱངས་ལོངས་སྤྱོད་རྫོགས་སྐུ།།

གང་འདུལ་སྣ་ཚོགས་འཕྲིན་ལས་སྤྲུལ་སྐུ།།

སྐུ་གསུམ་འདུས་ཞལ་དཔོན་གསས་བླ་མ།།

འདྲེན་མཆོག་བསྟན་འཛིན་རྣམ་དག་མཁྱེན་ནོ།། བླ་མ་མཁྱེན་ནོ།། ལན་གསུམ།

 

ཕྱི་རྒྱུད་མདོ་འབུམ་འདུལ་བའི་མངའ་བདག །

ནང་རྒྱུད་བཀའ་གཏེར་དཀྱིལ་འཁོར་ཀུན་འདུས།།

གསང་རྒྱུད་སྡེ་སྣོད་མཐའ་དག་མཛོད་འཛིན།།

རྒྱུད་གསུམ་འདུས་ཞལ་དཔོན་གསས་བླ་མ།།

འདྲེན་མཆོག་བསྟན་འཛིན་རྣམ་དག་མཁྱེན་ནོ།། བླ་མ་མཁྱེན་ནོ།། ལན་གསུམ།

 

ཡིན་ཚུལ་སྒྲིབ་བྲལ་རྫོགས་པའི་སངས་རྒྱས།།

སྣང་ཚུལ་གདམ་ངག་གསུང་རབ་བོན་སྡེ།།

ཤར་ཚུལ་སྐྱེས་མཆོག་གཡུང་དྲུང་སེམས་དཔའ།།

མཆོག་གསུམ་འདུས་ཞལ་དཔོན་གསས་བླ་མ།།

འདྲེན་མཆོག་བསྟན་འཛིན་རྣམ་དག་མཁྱེན་ནོ།། བླ་མ་མཁྱེན་ནོ།། ལན་གསུམ།

 

སྐུ་མཆོག་སྐྱབས་མགོན་དཔོན་གསས་བླ་མ།།

གསུང་མཆོག་ནུས་རྩལ་ཡིད་དམ་རྒྱ་མཚོ།།

ཐུགས་མཆོག་དངོས་གྲུབ་གནས་གསུམ་མཁའ་འགྲོ།།

རྩ་གསུམ་འདུས་ཞལ་དཔོན་གསས་བླ་མ།།

འདྲེན་མཆོག་བསྟན་འཛིན་རྣམ་དག་མཁྱེན་ནོ།། བླ་མ་མཁྱེན་ནོ།། ལན་གསུམ།

 

རྣམ་དག་རྨད་འབྱུང་བསླབ་པ་ཚུལ་ཁྲིམས།།

ཡེངས་མེད་རང་གསལ་བསླབ་པ་ཏིང་འཛིན།།

སོ་སོར་དོན་རྟོགས་བསླབ་པ་ཤེས་རབ།།

བསླབ་གསུམ་འདུས་ཞལ་དཔོན་གསས་བླ་མ།།

འདྲེན་མཆོག་བསྟན་འཛིན་རྣམ་དག་མཁྱེན་ནོ།། བླ་མ་མཁྱེན་ནོ།། ལན་གསུམ།

 

སྡེ་སྣོད་གཞུང་བརྒྱ་འཆད་པའི་གཙང་པོ།།

རིག་གཞུང་གཅེས་སྐྱོང་རྩོད་པའི་སེང་གེ།།

གཞུང་ལུགས་གསལ་བྱེད་བརྩོམ་པའི་བང་མཛོད།།

ཚུལ་གསུམ་འདུས་ཞལ་དཔོན་གསས་བླ་མ།།

འདྲེན་མཆོག་བསྟན་འཛིན་རྣམ་དག་མཁྱེན་ནོ།། བླ་མ་མཁྱེན་ནོ།། ལན་གསུམ།

 

དག་སྣང་ཕྱོགས་མེད་ཀུན་བསགས་མང་ཐོས།།

ལེགས་ཉེས་འགལ་འདུ་རྟོགས་པ་དཔྱད་བསམ།།

སོ་སོར་ཡིན་ལུགས་རྩོད་བྲལ་དོན་སྒོམ།།

ཤེས་གསུམ་འདུས་ཞལ་དཔོན་གསས་བླ་མ།།

འདྲེན་མཆོག་བསྟན་འཛིན་རྣམ་དག་མཁྱེན་ནོ།། བླ་མ་མཁྱེན་ནོ།། ལན་གསུམ།

 

ཕྱི་ནང་གསང་གསུམ་དབང་གི་བང་མཛོད།།

བརྒྱུད་གསུམ་ཉག་ཐག་ལུང་གི་བདག་ཉིད།།

རིས་མེད་དྭངས་སྤྲོ་མན་ངག་འབྱུང་གནས།།

རྣམ་གསུམ་འདུས་ཞལ་དཔོན་གསས་བླ་མ།།

འདྲེན་མཆོག་བསྟན་འཛིན་རྣམ་དག་མཁྱེན་ནོ།། བླ་མ་མཁྱེན་ནོ།། ལན་གསུམ།

 

རིང་གོམས་རྒྱལ་བསྟན་འཕྲིན་ལས་སྐུ་མཆོག །

དུས་བབ་ཞལ་གདམ་སྨིན་གྲོལ་གསུང་མཆོག །

མ་བཅོས་རང་གྲོལ་བདེ་ཆེན་ཐུགས་མཆོག །

གསང་གསུམ་འདུས་ཞལ་དཔོན་གསས་བླ་མ།།

འདྲེན་མཆོག་བསྟན་འཛིན་རྣམ་དག་མཁྱེན་ནོ།། བླ་མ་མཁྱེན་ནོ།། ལན་གསུམ།

 

བཅུ་ཕྲག་རིག་གནས་རྒྱལ་བའི་བསྟན་པ།།

རང་རྐང་འཛིན་ཞིང་འཛལ་གླིང་ཀུན་ཏུ།།

ཉི་ཟླའི་འོད་མཉམ་ཁྱབ་བདལ་མཛད་རྗེས།།

སྙིང་ནས་དྲན་བཞིན་གསོལ་བ་བཏབ་པས།།

བླ་མའི་བྱིན་རླབས་ད་ལྟ་སྩོལ་ཤིག །བླ་མ་མཁྱེན་ནོ།། བླ་མ་མཁྱེན་ནོ།། བླ་མཁྱེན་ནོ།།

 

རྩ་གསུམ་བོན་སྐྱོང་རིགས་བདག་འདུས་ཞལ།།

མཚན་ལྡན་བླ་མར་གདུང་འབོད་དགེ་བས།།

གང་གིས་བསྟན་འགྲོའི་དོན་ཆེན་འགྲུབ་ནས།།

རིང་མིན་མངོན་བྱང་ཀློང་དུ་གྲོལ་མཛོད།།

 

       ཅེས་གསོལ་བ་བཏབ་པས་འདྲེན་མཆོག་དཔོན་གསས་བླ་མའི་གསང་བ་གསུམ་ནས་སྐུ་གསུང་ཐུགས་ཀྱི་ངོ་བོ་འོད་དང་བཅས་ཏེ་ཡིག་འབྲུ་ཨ་ཨཱོྃ་ཧཱུྃཾ་གསུམ་ཤར་ཞིང་མཆེད་དེ་རང་གི་གནས་གསུམ་དུ་ཐིམས་པས་གདམ་ངག་བྱིན་རླབས་ཀྱི་སྣོད་དུ་རུང་བར་གྱུར་ནས།  བླ་མ་མཆོག་སྐུ་གསལ་ལམ་མེ། ཞལ་འཛུམ་མུལ་ལེ། ཐུགས་དགའ་ཡལ་ལེ་བ་ལ་ཤེས་པ་གཏད་དེ། རིམ་བཞིན་བླ་མ་མཆོག་སྐུ་ཇེ་ཆུང་ཇེ་གསལ་དུ་གྱུར་ཏེ། སྤྱི་གཙུག་ནས་མར་ཕེབས་ཏེ་མགྲིན་པར་བབས །དེ་ནས་སྙིང་ཀར་ཕེབས་ཏེ་སླར་ཡང་ཇེ་གསལ་ཇེ་ཆུང་དུ་གྱུར་ནས། བདག་གི་ལུས་ངག་ཡིད་གསུམ་དང་གཉིས་སུ་མེད་པ་དབྱེར་མེད་གཅིག་དུ་གྱུར་ནས་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་དངོས་འགྲུབ་ཐོབ་ཅིང་ངོ་བོ་སྤྲོས་པ་དང་བྲལ་བ། མ་བཅོས་རང་ལུགས་ཡེ་བབ་ཆེན་པོའི་ཀློང་དུ་བཞག་ལ། སྟོང་གསལ་འཛིན་མེད་བདེ་བ་ཆེན་པོའི་ངང་སྐྱོང་བ་ནི་བླ་མར་གསོལ་བ་བཏབ་པའི་ཉིང་དགོས་དང་། བོན་སྒོ་ཕྱི་ནང་གསང་གསུམ་གྱི་གནད་དོན་གཅིག་ཏུ་དྲིལ་བ་ཡིན་པ་བླ་མའི་གསུང་ལས་ཐོས་སོ།།

      ཞེས་པའི་བླ་མ་རྒྱང་འབོད་བྱིན་རླབས་ཆུ་གཏེར་འདི་ནི་སྨན་སློབ་ཡོངས་འཛིན་སྨྲ་དབང་སྐྱབས་རྗེ་ ༧ བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱ་ཕྲག་གཅིག་ལ་བསྟན་འགྲོའི་དོན་ཆེན་གྱི་འཕྲིན་ལས་ཟབ་རྒྱས་བསྐྱངས་རྗེས། དགོངས་པ་བོན་ཉིད་དབྱིངས་ཀློང་ཆེན་པོར་ཐིམས་ནས་དགུང་ཞག་ཞེ་ལྔ་ཉིན། ཁྱུང་དཀར་སྟེང་དགོན་བཀའ་བརྟེན་དཔེ་རྙིང་ཁང་གི་ལས་བཟོ་བ་རུ་ཚ་ཚུལ་ཁྲིམས་ལུང་རྟོགས་དྲི་མེད་པས། དབྱར་གསེང་གི་སྐབས་དེར་ཀོང་པོ་ཀླུ་ནང་ཞེས་པའི་ཁོར་ཡུག་མཛེས་ལ་སྤང་ལྗོངས་ནགས་ཚལ་ཆུ་བོ་གངས་རི་མེ་ཏོག་དཀར་དམར་སེར་སྔོ་རྣམ་པ་སྣ་ཚོགས་ཕན་ཚུན་འགྲན་པ་བཞིན་དུ་ལང་ཚོ་གསར་པ་བཞད་ལ་ངོམ་ཞིང་། ཉམས་དགའ་ལ་ཡིད་དུ་འོང་བའི་གནས་དེར་སྐྱབས་རྗེ་སྟེང་དགོན་བླ་མ་སྟོན་འཁོར་མཉམ་དུ་དབྱར་གྱི་དཔལ་ཡོན་ལོངས་སུ་སྤྱོད་པའི་སྐལ་བ་ཤར་བའི་བར་གསེང་ནས། བཀྲ་ཤིས་སྒང་གྲོང་ཚོ་གསེར་འབྲུག་ཁྱིམ་ཚང་མགྲོན་ཁང་གི་ཐོག་རྩེག་གསུམ་པ་སྒོ་ཨང་གསུམ་པའི་ཉལ་ཁང་། བདེ་སྐྱིད་ཀྱི་སྣང་ཚོར་ཟད་པ་མེད་པར་སྟེར་ཞིང་དགའ་སྤྲོ་མཐོང་སྨོན་གླིང་ནས་སྤྱི་ཟླ་བདུན་པའི་ཚེས་ཉེར་བདུན། ཧོར་ཟླ་དྲུག་པའི་ཚེས་གསུམ་གཟའ་ཉི་མ་སྐར་མ་མཆུ་ཉིན་དཀྱུས་ཐོས་གཅིག་ཏུ་གསོལ་བ་བཏབ་པས་བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །དགེའོ།། བཀྲ་ཤིས་སོ།།

2025 / 7 / 27 / ༦ / ༣




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།