
འབུམ་རམས་པའི་ངོ་སྤྲོད་མདོར་བསྡུས།
བསོད་ནམས་དར་རྒྱས། བརྒྱ་ལོ་ཉེར་གཅིག་པའི་མགོར་ནག་ཆུ་སྦྲ་ཆེན་རྫོང་ཡེ་སྟོད་དམར་ཆེན་བརྒལ་དུ་སྐྱེས་ཤིང་། ༢༠༠༦ནས་སློབ་གྲྭར་འགྲིམ་མགོར་བརྩམས་ཤིང་༢༠༡༡ ལོར་བྱ་མང་ཤའང་ཆ་ཚང་སློབ་ཆུང་དང་པོ་ནས་སློབ་མཐར་ཕྱིན་ཞིང་། ༢༠༡༤ལོར་སྦྲ་ཆེན་སློབ་འབྲིང་ནས་དམའ་འབྲིང་སློབ་མཐར་ཕྱིན། ༢༠༡༧ལོར་བོད་ལྗོངས་ལྷ་ས་སློབ་འབྲིང་ནས་མཐོ་འབྲིང་སློབ་མཐར་ཕྱིན་ཞིང་། ༢༠༢༡ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་ནས་དངོས་གཞི་བསླབ་གནས་ཐོབ། ༢༠༢༤ལོར་བོད་ལྗོངས་སློབ་ཆེན་ནས་རྩོམ་རིག་ཤེས་རམས་པའི་བསླབ་གནས་ཐོབ། ༢༠༢༥ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་གི་འབུམ་རམས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད། ཞིབ་འཇུག་ཁ་ཕྱོགས་ནི་བོན་གྱི་རིག་གནས་དང་བོད་ཀྱི་རྩོམ་རིག་ཡིན་ནོ། །



འདི་ལོར་སྦྲ་ཆེན་རྫོང་བྱ་མང་ཤང་གི་ཁོངས་གཏོགས་ཡེ་ཐ་སྟོད་ཤོག་གསུམ་གྱི་ནང་ཚན། མམ་ཐ་ཤོག་ཀའི་གྲོང་ཚོ་དང་པོའི་འགོ་པ་ཚང་གི་ཚ་བོ། བསོད་ནམས་དར་རྒྱས་མཆོག་བོན་གྱི་རྩོམ་རིག་ཞིབ་འཇུག་པ་འབུམ་རམས་པའི་ཡིག་རྒྱུགས་འཕྲོད་པར། ཡེ་ཐ་སྟོད་ཤོག་གསུམ་གྱི་སྡེ་དགོན་ཚང་མ་དགའ་སྤྲོ་ཚད་མེད་བྱུང་། ལྷག་ཏུ་ལྷ་སྡེ་གྲོང་ཚོ་ཉི་ཤུ་རྩ་གཅིག་ནང་ནས་རིག་གནས་ཀྱི་ཕྱོགས་ལ་དགའ་དད་སྤྲོ་བ་ཟབ་པའི་མི་སྣ་སྐོར་ཞིག་གིས་མ་གྲོས་བསམ་པ་གཅིག་མཐུན་ངང་“གོ་སྒྲིག་ཚོགས་ཆུང”འཛུགས་གཉེར་བྱས་ཤིང་ཚོགས་གཙོ་འབྲུག་རྣམ་རྒྱལ་མཆོག་དབུས་པའི་ཚོགས་མི་ཡོངས་ནས་འབད་འབུང་ཆེན་པོས་གྲ་སྒྲིག་ཚགས་ཚུད་པོར་བྱས་པར་མ་ཟད། ལུང་དཀར་དགོན་བླ་མ་རིན་པོ་༧ཚུལ་ཁྲིམས་འབྱུང་གནས་མཆོག་ནས་ཐུགས་ཁུར་ཆེར་བཞེས་ཀྱི་བཀའ་སློབ་ལམ་སྟོན་འོག། སྦྲ་ཆེེན་རྫོངས་སློབ་གསོ་ཅུད་དང་། བྱ་མང་ཤང་སྲིད་གཞུང་། བྱ་མང་ཤང་སློབ་ཆུང་། བོད་ལམ་ཐང་སློབ་འབྲིང་། དགོན་ལྷ་སྡེ། ཡུལ་མི་སྡེ་བཅས་མཉམ་རུབ་ཐོག། སྤྱི་ཟླ་༧-༢༦ ཉིན་མཛད་སྒོ་དངོས་སུ་སྤེལ་བ་སྟེ། རྟ་མཆོག་རླངས་འཁོར་གྱིས་བསུ་མ་དང་། མཁས་མང་འདུས་པ་རྒྱ་མཚོའི་བགྲོ་གླེང་། ཡུལ་མི་དགའ་ཉེ་སྤུན་མཆེད་ཀྱིས་གསོལ་སྟོན་ཟབ་རྒྱས་བཤམས་པའི་ཁར། སྦྲ་ཆེན་སྦྱིན་བདག་ཆེན་པོ་ནོར་བུ་དབང་འདུས་མཆོག་གིས་རང་ཡུལ་དུ་འབུམ་རམས་པ་ཐེངས་དང་པོ་ཐོན་པའི་དགའ་ཚོར་དང་། སློབ་གསོ་མཐོང་ཆེན་བགྱིས་ཕྱིར་ཁོང་གིས་དམངས་སྒོར་ཁྲི་བཅུ་ཐམ་པ་བྱ་དགའ་བསྩལ་བ་མ་ཟད། རྗེས་སུ་འབུམ་རམས་པ་དུ་ཐོན་ན་དམངས་སྒོར་ཁྲི་བཅུ་ཐམ་པ་བྱ་དགའ་སྤྲད་པའི་དམ་བཅས་ཕུལ། དོན་དེར་ཡུལ་མི་ཀུན་པོ་དགའ་ཚོར་ཚད་མེད་བྱུང་བ་མ་ཟད། དྲྭ་རྒྱའི་མཐོང་ལམ་དུ་ཚ་ཚ་འུར་འུར་བྱས་ཡོད་པ་རེད། ཡུལ་མི་ཚོས་འདི་ལྟར་དགའ་བ་ཚད་མེད་ཀྱིས་དགའ་སྟོན་བགྱིས་པ་དང་། དཀའ་བ་ཚད་མེད་ཀྱིས་གྲ་སྒྲིག་གནང་བ་དེ་ཡང་སླད་ཕྱིན་ཕ་ཡུལ་སྦྲ་ཆེན་ཡུལ་གྱི་གཞོན་སྐྱེས་ཚོར་མིག་དཔེ་བཟང་པོ་ཞིག་སྟོན་ཕྱིར་དང་། ཕ་ཡུལ་སྦྲ་ཆེན་སྔར་ལས་ལྷག་པའི་ཤེས་རིག་གི་མཛེས་ལྗོངས་གསར་པ་ཞིག་གཏོད་ཕྱིར་ཡིན་པས། ན་གཞོན་རྣམས་ཀྱིས་འདི་ལྟར་བརྩོན་པ་བགྱིས་པའི་རེ་སྐུལ་བྱས་ཡོད་པ་རེད། ལྷན་རྒྱས་ཐུགས་རྗེ་ཆེ། ཐ་ཚན་མུ་གཙུག་སྨར།




གོ་སྒྲིག་ཚོགས་ཆུང་ནས་༢༠༢༥-༧-༢༨་སྤེལ།