



ད་ཐེངས་ཁྱུང་པོ་སྟེང་ཆེན་དགོན་པའི་དབུ་མཛད་རྒན་གྲས་རྣམ་པ་ལྷན་ཅིག་ཏུ་འཛོམས་ཐོག །དམ་པ་ཁྱུང་ལུགས་ཀྱི་གསང་སྔགས་ཕྱག་ལེན་སྐོར་རྣམས་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཡོང་བ་སོགས་སྒོ་དུ་མ་ལ་དམིགས་ཏེ། ཁྱུང་ལུགས་ཀྱི་གསང་སྔགས་ཕྱག་ལེན་སྐོར་ལ་ཐུགས་འབྱོང་བའི་སྔོན་བྱོན་མཁས་གྲུབ་གོང་མ་རྣམས་ཀྱིས་བཏབ་པའི་ཡིག་སྣའི་རིགས་ཇི་སྙེད་ཅིག་བཞུགས་པ་དེ་རྣམས་དང་། དེ་བཞིན་ཕ་གཏམ་བུ་ལ་བསྒྲགས་པ་ལྟར་ཁྱུང་ཡུལ་གྱི་དབུ་མཛད་གོང་མ་རྣམ་པའི་ཞལ་གསུང་དྲོན་མོ་ནས་ཐོན་པའི་གསུང་སྒྲོས་སོགས་ལ་གཞི་བཅོལ་ཏེ། «དམ་པ་ཁྱུང་ལུགས་ཀྱི་གསང་སྔགས་ཕྱི་ནང་གསང་གསུམ་གྱི་ཕྱག་བཞེས་ཕྱོགས་གཅིག་ཏུ་བསྒྲིགས་པ་ཀུན་གསལ་མེ་ལོང»དང་། «ཁྱུང་ལུགས་ཀྱི་གྱེར་རྟ་སྔོན་མོ་འབྲུག་མགོའི་གདངས་དབྱངས»ཞེས་པ་འདི་གཉིས་ཕྱོགས་བསྒྲིགས་བྱས་ཏེ«དམ་པ་ཁྱུང་གི་ལུགས་ཀྱི་ཕྱག་བཞེས་དང་གྱེར་དབྱངས་བཞུགས་སོ། །»ཞེས་པ་གསུང་པོད་ཁྱུང་བྲིས་གློག་རྡུལ་ཡིག་གཟུགས་ཀྱི་ལམ་ནས་དངོས་སུ་པར་བསྐྲུན་ཞུས་ཡོད། དེང་གི་ཆར་ཁྱུང་པོ་ཡུལ་དུ་དགོན་གྲོང་གང་ས་ནས་དམ་པ་ཁྱུང་ལུགས་སུ་གྲགས་པའི་གསང་སྔགས་ཕྱག་ལེན་སྐོར་འདི་ཕྱག་ལེན་གནང་མཁན་ཉུང་བ་དང་ཤེས་མཁན་དཀོན་དུ་འགྲོ་བའི་སྐབས་འདིར། དམ་པ་ཁྱུང་གི་བླ་རབས་རིམ་བྱོན་དང་མཁས་གྲུབ་གོང་མ་རྣམས་ལས“རྡོ་ལ་ལག་བརྒྱུད་དང་ཆུ་ལ་ལམ་ཞུགས”ཀྱི་ཚུལ་དུ་ཡོང་བའི་ཐུན་མིན་གསང་སྔགས་ཀྱི་ཕྱག་ལེན་སྐོར་འདི་ད་ལྟ་དང་མི་རབས་རྗེས་མར་བརྒྱུད་སྤྲོད་སོགས་ཀྱི་ཆེད་དུ་ཕུལ་བ་ཡིན་ལ། སྤྱིར་ཆོ་གའི་ཕྱག་ལེན་རྣམས་ལ་བོན་ཕྱོགས་སུ་ཕྲན་བུ་མི་མཐུན་པ་བྱུང་ཡང་གཙོ་བོའི་ཆ་ནས་འཕྲིན་ལས་ཀྱི་གོ་རིམ་རྣམས་ཆོ་གའི་སྤྱི་གཞུང་གི་འགྲོས་ལྟར་འགྲོ་བ་ནི་རྒྱུད་སྡེའི་དགོངས་དོན་སོགས་གཅིག་ཏུ་བབས་པ་ལས་གཞན་མེད་མོད། འོན་ཀྱང་དམིགས་བསལ་སྐད་ཀྱི་བྱེ་བྲག་སྟེ་འདོན་རྟ་དབྱངས་གསུམ་མམ་གྱེར་དབྱངས་གདངས་གསུམ་ལ་ཁྱད་བོན་མངོན་སུམ་ལྡན་ཡོད་ཅིང་འདིར་གྱེར་རྟའི་རི་མོ་དང་བཅས་པ་གསལ་པོར་ཕབ་ཡོད་ལ། ཕྱག་བཞེས་ནང་དུ་སྤྱི་སྤུངས་དབལ་གསས་ཀྱི་དཔེས་མཚོན་སྤྱི་སྤུངས་སྐོར་རྣམས་ཀྱི་འཕྲིན་ལས་གོ་རིམ་ཕྱག་ཏུ་བཞེས་ཐབས་དང་། དེ་བཞིན་ཆབ་དཀར་དང་ཆབ་ནག་སྤྱི་ཡི་བོན་སྒོ་རྣམས་ཀྱི་འཕྲིན་ལས་ཀྱི་གོ་རིམ་སྤྱི་བབས་མཛུབ་མོ་རི་སྟོན་དུ་བྱས་ཡོད་ཅིང་འདི་ཕྱོགས་ལ་ཐུགས་མོས་ཡོད་མཁན་རྣམས་ལ་དགོས་མཁོ་ཇི་སྙེད་ཅིག་ཁ་སྐོང་ཐུབ་ཡོད་པ་བཤད་ཆོག །གཞན་ཡང་དམ་པ་ཁྱུང་ལུགས་ཀྱི་གསང་སྔགས་ཕྱག་ལེན་སྐོར་རྣམས་ནི། ཁྱུང་ཡུལ་དམངས་ཁྲོད་ཀྱི་བོན་གྱི་ཆོ་གའི་རིག་གནས་ཀྱི་ལྟེ་བ་ཡིན་པ་དང་། གནའ་སྲོལ་གྱི་གྲ་མ་ཉམས་ཤིང་གྲུ་མ་ཞིག་པའི་ཁྱད་བོན་མངོན་པར་གསལ་བས་ན་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཞིང་། ལྷག་པར་དུ་འདི་བཞིན་ཡབ་མེས་གོང་མ་རྣམ་པའི་མཛད་སྲོལ་རྣམས། མི་རབས་རྗེས་མ་དག་ལ་བརྒྱུད་སྤྲོད་བྱེད་རྒྱུ་ནི་རང་མི་རིགས་ཀྱི་ད་བཞུགས་གནའ་སྲོལ་ཤེས་རིག་དེ་དག་གི་རྐང་འཛིན་པ་རྣམ་པའི་ཕྲག་ཏུ་འཁྲི་བའི་འགན་ཁྲི་ཞིག་ལགས་པས། མི་རབས་ཕྱི་མ་རྣམས་ལ་བརྒྱུད་སྤྲོད་བྱས་ཏེ་རྒྱུན་འཛིན་དང་དར་འཕེལ་གྱི་ཕྱོགས་སུ་འབད་འབུངས་གནང་རྒྱུ་ཡང་ཤིན་ཏུ་ནས་ཀྱང་གལ་ཆེ་བར་སེམས་སོ། །



དགོས་མཁན་ཡོད་ན་འབྲེལ་གཏུག་བྱ་ཡུལ།
སྟེང་ཆེན་དགོན་དུ། 18389056389
སྟེང་ཆེན་རྫོང་ཐོག ། 18798983228
འདི་གའི་རྩོམ་སྒྲིག་ཚོགས་པ་ནས།