༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 21
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > བོན་སྒོ། > 3 འཕན་ཡུལ་འབུམ་གྱི་བོན་སྒོ།
3 འཕན་ཡུལ་འབུམ་གྱི་བོན་སྒོ།
བྱམས་མ་ཆེན་མོ་རྩ་བའི་འབུམ་ལས་ཡེ་གཤེན་བཀོད་པ་དོན་གྱི་འབུམ་ཞེས་བྱ་བ་གཞུགས་སོ།།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-04-26] [རྩོམ་པ་པོ།:སྟོན་པ་གཤེན་རབ།] [གཟིགས་ཐེངས:]

     དེ་ནས་ཡང་སྟོན་པ་གཤེན་རབ་ཀྱིས་ཡེ་གཤེན་ཆེན་པོ་རྩལ་སྟོབས་སེང་གེའི་ཤུགས་ཅན་ལ་བཀའ་བརྩལ་པ།  དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཡུམ་ཆེན་མོ་བདེ་བར་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས།  བྱམས་མ་ཆེན་མོ་འདི་ནི་ཡེ་གཤེན་གཡུང་དྲུང་སེམས་དཔའ་ཆེན་པོ་རྣམས་ཀྱི་སྣང་བ་ལ།  ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཡུམ་དུ་བསྟན་ནས།  ཡེ་གཤེན་བཀོད་པ་དོན་གྱི་འབུམ་གཏན་ལ་ཕབས་ནས།  ལྟ་བ་རྣམ་པར་དག་པས་ཐམས་ཅད་གཡུང་དྲུང་གི་ས་ལ་བཀོད་དོ་ཡེ་གཤེན་བཀོད་པ་དོན་གྱི་འབུམ་ཆེན་མོ་དེ་ཡང་།  ཚིག་བཞི་ཚིགས་སུ་བཅད་པ་གཅིག་གིས་བསྡུས་ནས་བཤད་པ་ནི།  སྤྱོད་པ་ཀློང་ནས་མས་འཛེག་ཅིང་།  ལྟ་བ་དབྱིངས་ནས་ཡས་ཕུབ་སྟེ།  སྙིང་རྗེ་ཆེ་ལ་གཞི་བླངས་ནས།  ཐབས་ནི་ཕ་རོལ་ཕྱིན་བཅུ་སྤྱོད།  ཞེས་བྱ་བ་ཡེ་གཤེན་རྣམས་ཀྱིས་དགོངས་པ་དེ་ཡོངས་སུ་འདུས་པར་བཤད་ནས།  དང་པོ་ཡེ་གཤེན་པའི་སྤྱོད་པ་ཟབ་མོ་ལ་སླབས་པ་ལ།  ཡེ་གཤེན་ཆེན་པོ་ཞེས་པའི་ངེས་ཚིག་ནི།  ཡེ་ནས་སྣང་ཞིང་སྲིད་པ་ཐམས་ཅད་ཡེ་གཤེན་གྱི་དགོངས་པ་ཡིན་ཏེ།  བརྟགས་ན་གཞན་གང་ཡང་མེད་པའི་ཕྱིར་རོ།།  བརྟག་པའི་གནས་གཉིས་ཏེ།  ཡུལ་དང་ཤེས་པའོ།།  ཡུལ་ལ་བརྟག་ན་འདི་ལྟ་སྟེ།  ཀུན་རྫོབ་སྣང་བ་ཧོམ་ཧོམ་པ།  རྣམ་པར་དཔྱད་ན་བདེན་མེད་དེ།  དངོས་རྣམས་རྟག་པའི་སྙིང་པོ་ཅན།  དེ་སྔ་མ་སྲིད་ད་མི་འབྱུང་།  དཔེར་ན་མིག་ཡོར་ལྟ་བུ་ཡིན།  རྣམ་དཔྱོད་ཤེས་རབ་མིག་ཡོད་ན།  ཐམས་ཅད་སྟོང་པ་མ་ལགས་པ།  ཉི་ཚེའི་ཕྱོགས་ཉིད་བརྟག་པའི་གཞི།  དངོས་པོ་ཞེས་བྱ་ངས་མ་མཐོང་།  དཔེར་ན་ནམ་མཁའ་ལྟ་བུ་ཡིན།  ཡོངས་སུ་བརྟག་པ་ངས་བལྟས་ན།  མ་དག་འཁྲུལ་བའི་ཉིང་འཁྲུལ་བརྩེགས།  མེད་པ་ཡོད་པར་འཁྲུལ་བའི་བློས།  རང་ལ་རང་བཞིན་སྣང་བ་ཤར།  དཔེར་ན་གཟུགས་བརྙན་ལྟ་བུ་ཡིན།  དེ་ལྟར་འཁྲུལ་པ་ཀུན་བཅོམ་ཡང་།  དངོས་ཞེན་བསྙོན་པ་བཟློག་པའོ།  ཅི་བསྙེད་བསྟན་ཀྱང་མི་གོ་ནས།  གཟུགས་དང་བེམ་རིག་ཕྲ་རབ་རྡུལ།  དངོས་རྣམས་བསྙོན་པར་མི་ནུས་ཕྱིར།  རྟག་པའི་རང་བཞིན་ཡིན་ཞེ་ན།  ཁྱོད་རང་འཁྲུལ་པའི་རྣམ་རྟོག་དེ།  དཔེར་ན་སྒྲ་བརྙན་ལྟ་བུ་ཡིན།  ཞེས་ཕྱི་རོལ་ཡུལ་ལ་བདེན་འཛིན་བཀག་ནས།  གཤེན་གྱི་དགོངས་པ་བསྟན་པ་ལ་གཉིས་ཏེ།  དངོས་སེམས་སམ་བློ་ཡིན་པར་བསྟན་པ་དང་།  དེའི་མཐའ་གཤེན་གྱི་དགོངས་པ་ལས་མེད་པར་བསྟན་པའོ།  སེམས་དང་སེམས་འབྱུང་སྣ་ཚོགས་ལ།  རང་བཞིན་དུ་མ་ཅིར་སྣང་ཡང་།  ངོ་བོ་གཅིག་ལས་མ་མཆིས་པ།  དངོས་པོ་མ་གྲུབ་ཐིག་ལེ་གཅིག།  མ་རྟོགས་འཁྲུལ་པའི་བློ་ཅན་གྱིས།  རྟོག་པ་རབ་རིབ་ཅིར་མཐོང་ཡང་།  བརྟགས་ནས་སྙིང་པོ་གཞན་མེད་དེ།  འཁྲུལ་བྲལ་དེ་ཉིད་དོན་དམ་ཡིན།  ཡེ་ནས་གནས་པའི་སེམས་ཉིད་ཡིན།  ཤེས་པས་རྣམ་པར་དཔྱད་བྱས་ན།  ཤེས་པ་ལས་ནི་གཞན་ཡོད་མིན།  གཞན་མེད་ཕྱིར་ན་ཉག་གཅིག་སྟེ།  དེ་ནི་རིག་པའི་ཡེ་ཤེས་སོ།  དེ་ནི་ཐམས་ཅད་སེམས་སུ་བསྟན་པའོ།  །དེ་ནས་སེམས་ཡེ་གཤེན་ལས་འགྲོ་ས་མེད་པ་བསྟན་པ་ནི།  མ་རྟོགས་བདུད་ཀྱི་ལས་རྣམས་དང་།  ལོག་རྟོག་མུ་སྟེགས་ཕྱིན་ཅི་ལོག  །ཐེ་ཚོམ་ཅན་གྱི་ལུང་མ་བསྟན།  བྱ་བ་སྣ་ཚོགས་གང་བྱས་ཀྱང་།  མཐར་ཐུག་བཞག་ནས་བསྟན་པ་ཡི།  དངོས་རྣམས་ཞེན་པ་གང་ཡང་མེད།  ངན་སོང་གསུམ་དང་ལྷ་གནས་དང་།  སྐྱེ་འགྲོའི་བྱ་བ་ཀུན་ཚང་བ།  ཀུན་སྤྱོད་ཀུན་གྱི་སྙིང་པོ་རུ།  ཟོ་ཆུའི་རྒྱུན་བཞིན་འཁོར་བར་སྣང་།  དེས་ན་བཞག་ན་མཐར་ཐུག་གོ   །བརྟན་ཞིང་བདེ་ཆེན་མི་འགྱུར་བ།  འདོད་ན་གཤེན་རབ་དགོངས་པ་འདི།  མཉམ་པར་ཞོགས་དང་མྱོང་བས་གྲུབ།  ཆེ་བརྟན་ནམ་མཁའི་དབྱིངས་བཞིན་གནས།  འཁྲུལ་སྒྲིབ་གློ་བུར་སྤྲིན་ལྟར་དེངས།  སེམས་ཅན་ཡོངས་ཀྱི་མཐའ་བསྟན་པ།  འདི་ལས་འགྲོ་ས་མེད་པར་བཤད།  ཅེས་བསྟན་པ་ནི།  དང་པོ་ཡེ་གཤེན་དུ་སྣང་བ་ཐམས་ཅད་བསྒྲུབས་པའོ།  །ཡེ་གཤེན་ཆེན་པོའི་དེ་ལྟ་བུའི་སྤྱོད་པ་ཟབ་མོ་ལ་འཇུག་པ་ལ་གསུམ་སྟེ།  དང་པོ་སེམས་བསྐྱེད་པ་དང་།  བར་དུ་ཚོགས་བསགས་པ་དང་།  ཐ་མར་སྤྱོད་པ་ཟབ་མོ་ལ་བསླབ་པར་བྱའོ།  །སེམས་བསྐྱེད་པའི་གཡུང་དྲུང་གི་ཡན་ལག་དགུ་ནི།  བསྐྱེད་པའི་རྒྱུ།  བསྐྱེད་པའི་རྟེན།  བསྐྱེད་བྱའི་ཡུལ།  བསྐྱེད་པའི་ཐབས།  བསྐྱེད་པའི་གནས།  བསྐྱེད་པའི་ཚུལ།  བསྐྱེད་པའི་དོན།  བསྐྱེད་པའི་སྟོབས།  བསྐྱེད་པའི་འབྲས་བུའོ།  །རྒྱུ་ནི་སེམས་དེ་ཡང་སེམས་སུ་གནས་པའི་དོན་གྱི་བསྐྱེད་ན།  གོང་བཞིན་གཤེན་གྱི་དགོངས་པར་གྱུར་བ་ཚེགས་མེད་དེ།  མུན་པ་ལོ་སྟོང་ལོན་ཀྱང་།  སྒྲོན་མའི་རྐྱེན་སྐད་ཅིག་གིས་འགྱུར་བ་བཞིན་ཡིན་པས།  སེམས་བསྐྱེད་པའི་རྟེན་ལྷ་དང་མིའི་འགྲོ་བ་རྣམས།  བསྐྱེད་བྱའི་ཡུལ་རྫོགས་པའི་སངས་རྒྱས།  བསྐྱེད་པའི་ཐབས་སྨོན་འཇུག་གི་སེམས།  བསྐྱེད་པའི་གནས་འཁོར་བའི་རྒྱ་མཚོ།  བསྐྱེད་པའི་ཚུལ་གཞན་དོན་ལྡན་པ།  བསྐྱེད་པའི་དོན་དམན་པ་བླ་མེད་དུ་འགྱུར་བ།  བསྐྱེད་བྱེད་ཀྱི་སྟོབས་སེམས་པའི་སྤྱོད་པ་ཟབ་མོ་ལ་བསླབ་པས།  བསྐྱེད་པའི་འབྲས་བུ་རང་དོན་དང་ལྡན་མ་མྱོང་བ།  འཁོར་བ་མ་སྟོང་བར་དུ་སེམས་ཅན་གྱི་དོན་བྱེད་པའོ།  །དེའི་ཚིག་ནི།  ཡེ་གཤེན་ཆེན་པོ་བདག་ལ་དགོངས་སུ་གསོལ།  བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི།  རྫོགས་པའི་སངས་རྒྱས་རྣམས་ཀྱིས་སྤྱད་པ་ཅི་བཞིན་དུ།  གཡུང་དྲུང་སེམས་དཔའི་སྤྱོད་པ་ཟབ་མོ་ལ་སྤྱོད་པར་བྱའོ།  །འཁོར་བའི་བོན་རྣམས་འཁོར་བ་ལ་གནས་པར་མི་བྱའོ།  འཁོར་བའི་བོན་རྣམས་ལ་འཁོར་བ་ལ་གནས་པར་མི་བྱའོ།  །འཁོར་བའི་བོན་རྣམས་ཀྱིས་ཀྱང་འཁོར་བ་ལ་གནས་པར་མི་བྱའོ།  །རྣམ་པར་བྱང་བ་མྱ་ངན་ལས་འདས་པ་ཡང་དག་པའི་དོན་ལ་སྤྱོད་ཅིང་སྤྱད་པར་བྱའོ།  །དེ་ན་སེམས་བསྐྱེད་ཅིང་གཡུང་དྲུང་སེམས་དཔའི་སྤྱོད་པ་ལ་འཇུག་པར་བྱའོ།  །གཉིས་པ་ཚོགས་བསགས་པ་ནི།  རྒྱུ་བསོད་ནམས་དང་འབྲས་བུ་ཡེ་ཤེས་གཉིས་ལས།  རྒྱུ་མཆོག་དད་གུས་མཆོག་ལྡན་པས།  གཡུང་དྲུང་སེམས་དཔའི་དོན་འབུམ་བཞིན་འདུས་བྱས་རིན་ཆེན་མན་ཌལ་དུ།  ཡོ་བྱད་ལྷ་དང་གཤེན་གྱི་ལོངས་སྤྱོད་ཐམས་ཅད་བཤམས་ནས།  གཡུང་དྲུང་རྣམ་པར་དག་བཞིན་དུ།  དང་པོ་སྤྱན་འདྲེན་དགྱེས་པ་བསྐྱེད།  བཞུགས་སུ་གསོལ།  བྱིན་འབེབས་ཕྱག་ཀྱང་འཚལ།  སྡིག་བཤགས་ཡི་རང་འཁོར་ལོ་བསྐུལ།  ཁྲུས་གསོལ་མཆོད་འབུལ་སྐུ་ཡང་བསྟོད།  གསུང་བསྒྲུབ་ཐུགས་བསྐུལ་ཡོནཏན་བརྗོད།  ལས་བཅོལ་བཀྲ་ཤིས་སྨོན་ལམ་གདབ།  མཆོད་པ་ཆ་དགུ་ཡོངས་ལ་འགྱེད།  དེ་དག་འདུས་བྱས་ཡིན་མོད་ཀྱང་།  འདུས་མ་བྱས་པའི་གཡུང་དྲུང་སེམས།  གོང་དུ་བསྟན་བཞིན་ཡེ་ཤེས་ཀྱི་ཚོགས་ལ་གནས་པར་བྱའོ།  །གསུམ་པ་སྤྱོད་པ་ཟབ་མོ་ལ་བསླབ་པ་ནི།  སྤྱིར་གཡུང་དྲུང་སེམས་དཔའི་བསླབ་པ་སུམ་བརྒྱ་དྲུག་བཅུ།  ཁྱད་པར་བརྒྱ་དང་རྩ་བརྒྱད་དང་།  བསྡུས་པ་ཉི་ཤུ་རྩ་བརྒྱད་ལ་ཡང་དག་པར་བསླབ་ཅིང་།  ཡོངས་སུ་བསྡུས་པའི་སེམས་བསྐྱེད་མ་བཞི་ནི།  འཁོར་བའི་བོན་རྣམས་འཁོར་བ་ལ་གནས་པར་མི་བྱ་སྟེ།  འཁོར་བ་སྡུག་བསྔལ་གྱི་རང་བཞིན་འདི་ལ།  ཤེས་རབ་ཀྱིས་སྡུག་བསྔལ་དུ་ཤེས་པས།  སྲིད་པ་ལ་གནས་པར་མི་བྱ་སྟེ།  ཆགས་པའི་ཉོན་མོངས་པ་དྲུག་བཅུ་སྤོང་།  འཁོར་བའི་བོན་རྣམས་ལ་འཁོར་བར་གནས་པར་མི་བྱ་སྟེ།  མ་རིག་པའི་མུན་པ་ཉིང་འཁྲུལ་དུ་ཤེས་པས།  རིག་པའི་ཡེ་ཤེས་བདག་མེད་ལ་འབྱོངས་ནས།  མ་རིག་པ་ཆེན་པོ་དྲུག་བཅུ་སྤོང་། འཁོར་བའི་བོན་རྣམས་ཀྱིས་འཁོར་བ་ལ་གནས་པར་མི་བྱ་བ་ནི།  ཐེག་དམན་པ་རང་ཉིད་ཞི་བདེར་གཉེར་བ་ནི།  དམྱལ་བར་གནས་པ་བས་ཀྱང་སངས་རྒྱས་ལ་རིང་སོང་བས།  ཐུགས་རྗེ་ཞི་ལ་མི་གནས་པར་འཁོར་བ་མ་སྟོང་བར་དུ་འགྲོ་དོན་བྱེད་ནས།  རང་དོན་དང་བདག་དུ་ལྟ་བ་དང་།  དམན་པའི་ཐེག་པ་ལ་སོགས་པ་ངན་སྤྱོད་ལྔ་བཅུ་རྩ་གསུམ་སྤོང་།  རྣམ་པར་བྱང་བ་མྱ་ངན་ལས་འདས་པ་ཡང་དག་པའི་དོན་སྤྱོད་ཅིང་སྤྱད་པར་བྱ་བ་ནི།  བླ་ན་མེད་པ་འདི་ཉིད་ཡོངས་སུ་མི་དོར་བ་བྱ་བ་ནི།  འཁོར་བའི་ཕྱོགས་བཞི་བཅུ་རྩ་དྲུག།  ལྟ་ལོག་གི་ཕྱོགས་དྲུག་བཅུ་རྩ་དྲུག།  བདུད་ཀྱི་ལས་སྤྱོད་བཅུ་བདུན།  དམན་པའི་ལྟ་སྤྱོད་བརྒྱད་ཅུ་རྩ་བརྒྱད།  དེ་ལ་སོགས་པ་ཐམས་ཅད་སྤངས་ནས།  དབྱིངས་དང་ཡེ་ཤེས་མཁའ་ལ་མཉམ་ཞིང་།  ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་ལ་བསླབ་པར་བྱའོ།།  དེ་ནི་སྤྱོད་པ་གཡུང་དྲུང་གི་ཀློང་ནས་མས་འཛེགས་པ་བསྟན་པའོ།།  །།དེ་ནས་ལྟ་བ་དབྱིངས་ནས་ཡས་ཕུབ་པར་བྱ་བ་ལ་གསུམ་སྟེ།  ལྟ་བའི་ངོ་བོ་དང་།  ཉམས་སུ་ལེན་ཚུལ་དང་།  ཡོན་ཏན་ནོ།  །དང་པོ་ལྟ་བའི་ངོ་བོ་ནི།  ཡེ་ནས་གཤེན་རབ་ཀྱི་དགོངས་པ་འདི་རང་བཞིན་རྣམ་པར་དག་པ་སྟེ།  དྲི་མ་དང་བྲལ་ཀུན་མཁྱེན་གྱིས།  ཐ་དད་སྒྲིབ་མེད་མངོན་སུམ་གསལ།  བོན་སྐུ་རྣམ་དག་མཐའ་ཡས་པས།  ཤེས་བྱའི་མཐའ་ལ་མི་གནས་ཏེ།  ཐམས་ཅད་ཀྱིས་སྟོང་སྐྱེ་འགག་མེད།  སྣང་སྟོང་སྤྲོ་བསྡུ་རྟག་ཆད་བྲལ།  དངོས་འཛིན་ཞེན་པ་ནམ་མཁར་སྟོར།  གཟུང་ཡུལ་བློ་ཡི་ཞེན་པ་བཅོམས།  རྩལ་མེད་ཡེ་སངས་རྒྱས་པ་ལ།  ལྷ་མེད་སྐུ་དང་ཞིང་ཁམས་མེད།  སྣང་བར་རྟོག་པས་བཀྲིད་པ་ལ།  ལྷ་ཡི་སྐུ་དང་རྣམ་པར་སྣང་།  དེ་ལྟར་གནས་པའི་ཡེ་གཤེན་པ།  ཁས་ལེན་དང་བྲལ་ངར་འཛིན་སྟོར།  གལ་ཏེ་ངའོ་དྲི་ལྡན་ན།  ཡོན་ཏན་རྒྱ་མཚོ་སྐམ་པར་འགྱུར།  དེས་ན་དྲི་མ་ཀུན་བཅོམས་པའི།  ཡང་དག་ལྟ་བའི་ལྟད་མོ་ཆེ།  མ་མཐོང་ཡུལ་ཀུན་འདིས་མཐོང་ཞིང་།  གཞོམ་ཞིག་འགལ་ཟླ་ཀུན་ལ་གྲོལ།  དེ་ནི་ལྟ་བའི་ངོ་བོ་བསྟན་པའོ།།  དེ་ནས་ཉམས་སུ་ལེན་ཚུལ་ནི།  སྦྱོར་བ་གཡུང་དྲུང་སེམས་ལྡན་པས།  དངོས་གཞི་མི་དམིགས་སྟོང་པ་ཉིད།  རྗེས་ལ་རྣམ་དག་སུམ་ལྡན་པས།  ཡུན་རིང་གོམས་པར་བྱས་པ་སྟེ།  རི་མཐོ་ས་གཙང་དབེན་གནས་སུ།  བཅོས་སླད་བྲལ་བར་བྱས་ལ་སྒོམས།  དེ་ལ་གོང་འཕེལ་ཁྱད་པར་འགྱུར།  སེམས་ཅན་རྣམས་ལ་སངས་རྒྱས་འབྱུང་།  དེ་ནས་ཡོན་ཏན་བསྟན་པ་ནི།  གང་ཞིག་དམན་པའི་ཐེག་པ་ལ།  བསྐལ་པ་གསུམ་དུ་འབད་པ་བས།  ཡེ་གཤེན་ཆེན་པོའི་ཐེག་པའི་ཕྱིར།  གོམ་པ་གསུམ་འདོར་བསོད་ནམས་ཆེ།  དྲན་པའི་ངན་སོང་སྒོ་ཁེག་ཅིང་།  སྐད་ཅིག་བསྒོམས་པའི་མི་ལུས་ཐོབ།  ཡང་དག་ངང་ལ་གནས་འགྱུར་ན།  ཚེ་འདི་ཉིད་ལ་སེམས་དཔའ་འགྱུར།  རང་དོན་སྤངས་པས་གཞན་དོན་འགྲུབ།  གཞན་དོན་བྱས་པས་སངས་རྒྱས་མཉེས།  ཐུགས་རྗེ་ཆེ་བས་ཀུན་འདྲེན་འགྱུར།  དེ་ནི་ལྟ་བ་ཡས་ཕུབ་ནས།  དམན་པའི་ལྟ་བ་གཞན་ཞིག་གོ   །དེ་ནས་ཚིགས་བཅད་གསུམ་པོའི་དོན།  སྙིང་རྗེ་ཆེ་ལ་གཞི་བླངས་ཏེ།  དེ་དོན་རྣམ་པ་གསུམ་ཡོད་པ།  སེམས་ཅན་ལ་དམིགས་སྙིང་རྗེ་ནི།  དམྱལ་བ་ཡི་དྭགས་བྱོལ་སོང་སོགས།  སྡུག་བསྔལ་མྱོང་བ་ཐམས་ཅད་ཀུན།  རང་གི་དྲིན་ཅན་མ་གྱུར་མེད།  འདི་དག་ལ་དམིགས་སྙིང་རེ་རྗེ།  དེ་དོན་བྱང་ཆུབ་ཆེན་པོ་བྱ།  རྐྱེན་ལ་དམིགས་པའི་སྙིང་རྗེ་ནི།  བོན་རྣམས་རང་བཞིན་བདེན་མེད་ལ།  དེ་དོན་མ་རྟོགས་དགྲ་དང་བགེགས།  འབད་རྩོལ་བྱས་ནས་གནོད་བྱས་པས།  རང་ལ་རང་གིས་རྔན་བགྲང་ཡིན།  མ་རྟོགས་པ་འདི་སྙིང་རེ་རྗེ།  མི་དམིགས་པ་ཡི་སྙིང་རྗེ་ནི།  ཡེ་གཤེན་དགོངས་པ་སྤྲོས་བྲལ་ངང་།  རང་རིག་རྟོགས་པའི་ནུས་མཐུ་ཡི།  མ་རིག་ལོག་རྟོག་འགྲོ་བ་ལ།  ཚད་མེད་སྙིང་རྗེ་བདལ་པར་འགྱུར།  རྒྱས་པ་རྒྱ་ཆེའི་འབུམ་དུ་ལྟོས།  འདི་རྟོགས་སྙིང་རྗེ་བྱམས་གཉིས་བསྐྱེད།  བྱམས་བྱས་རང་བཞིན་དགའ་བར་གྱུར།  དགའ་མགུ་བཏང་སྙོམས་ཆེན་པོ་འཆར།  ཚད་མེད་གཅིག་གིས་གཅིག་བསྐྱེད་འབྱུང་།  དེ་ནས་ཚིགས་བཅད་བཞི་པའི་དོན།  ཐབས་ནི་ཕ་རོལ་ཕྱིན་བཅུ་སྤྱོད།  འདི་དོན་གསལ་བར་བསྟན་པ་ནི།  དམིགས་མེད་སྦྱིན་པ་མ་གོད་ཡོངས་ལ་ཁྱབ།  མི་གཡོ་མི་འཁྲུགས་སྤྱོད་ཚུལ་ཁྲིམས་དང་ལྡན།  སེམས་བཟང་མི་གཡོ་ཡན་ལག་བསམ་པའི་ཟིན།  རྟོགས་བཟང་མི་འཁྲུལ་དཔའ་ཞིང་བརྟན་པ་སྟེ།  སྤྱོད་མཛེས་ཚུལ་བཟང་ཁྲིམས་ཐུབ་ཡོན་ཏན་ལྡན།  བདེ་ལྡན་བཟོད་པ་འགོགས་པའི་བྱུང་ཚོར་མེད།  རང་གཞན་གཉིས་ཀ་བདེ་བ་ལྡན་པར་ནུས།  གཞན་གྱི་དང་བླང་བཟོད་པ་སྟེ།  བོན་རྣམ་རང་བཞིན་མེད་རྟོགས་བྱུང་ཚོར་འགོག   །ཐོགས་མེད་བརྩོན་འགྲུས་གསལ་འཁྱུག་འོད་དང་ལྡན།  དགེ་རྣམས་ཡང་དག་ཐོག་པ་མེད་པར་འགྲུབ།  བསླབ་པ་གསུམ་ལྡན་ཡོན་ཏན་གསལ་བར་བྱེད།  ཉོན་མོངས་གསལ་ཞིང་འགྲོ་སྒྲོལ་འདི་བཞིན་ནོ།  འགྱུར་མེད་ཏིང་འཛིན་གཡུང་དྲུང་བསམ་གཏན་མཆོག །ནང་གི་སེམས་ཉིད་གཡོ་འཁྲུགས་འགྱུར་བ་མེད།  བརྩོན་པའི་ཏིང་འཛིན་རབ་ཞི་གཡུང་དྲུང་ལྟར།  བོན་གྱི་སྙིང་པོ་བསམ་གཏན་ཐེག་པའི་མཆོག   །རྒྱུ་ལྔའི་བླ་མེད་ལྔ་རྫོགས་འབྲས་བུ་ལྔ།  མ་རྩལ་ལྷུན་གྲུབ་རྩལ་ཆེན་སྟོབས་དང་ལྡན།  སྔར་སྦྱངས་ལྔས་འཕངས་རང་ལ་རྩོལ་མེད་ཡོད།  ལྷུན་གྲུབ་སྐུ་དང་ཞིང་ཁམས་བསམ་ཡས་འགྱེད།  རྩལ་ཆེན་སྟོབས་ལྡན་འགྲོ་བ་མ་ལུས་འདུལ།  དགེ་རྒྱས་ཡུམ་ཆེན་སྲིད་པའི་རྒྱལ་པོ་ཡིན།  དོགས་མེད་སྨོན་ལམ་མི་འགྱུར་རེ་དོགས་མེད།  ཉོན་མོངས་གཞི་བཅོམ་དོགས་པའི་མཐའ་དང་བྲལ།  སྨོན་ལམ་རྣམ་དག་ཡེ་ཤེས་ལྔ་དང་ལྡན།  མི་འགྱུར་བརྟན་ཐོབ་ཡང་དག་ས་ལ་གནས།  རྣམ་དག་ཡུམ་ཆེན་གནམ་ཕྱི་གུང་རྒྱལ་ཡིན།  ཐུགས་རྗེའི་གཙོ་མོ་ཐུགས་རྗེའི་བདག་ཉིད་ཅན།  ཐུགས་རྗེ་ཚད་མེད་བཞི་ལྡན་འགྲོ་ལ་བསྟན།  གཙོ་མོ་ཡུམ་ཆེན་སེམས་ཅན་དོན་ལ་དགོངས།  ཐུགས་རྗེའི་བདག་ཉིད་སེམས་ཅན་གཞན་ཕྱིར་གནས།  ཡེ་གཤེན་ཡུམ་ཆེན་ཐུགས་རྗེ་བྱམས་མ་ཡིན།  མ་ཆགས་པད་མ་གཉིས་མེད་ཐབས་དང་ལྡན།  མ་ཆགས་ཚོགས་ལམ་དོན་བཞིན་སྦྱོར་ལམ་གསལ།  གཉིས་མེད་མཐོང་ལམ་དོན་སྟོན་ཐབས་ལྡན་བསྒོམས།  ལམ་ལྔའི་བདག་ཉིད་ཐབས་ཀྱི་བྱམས་མ་ཡིན།  ཤེས་རབ་གསལ་བ་ཀུན་གྱི་ཡུམ་གཅིག་མ།  གཙོ་མོ་ཤེས་རབ་རྒྱལ་པོ་དྲི་མ་མེད།  གསལ་བའི་ཡེ་ཤེས་ཇི་ལྟ་ཇི་སྙེད་མཁྱེན།  ཀུན་གྱི་ཡུམ་གཅིག་སྙིང་རྗེའི་བདག་ཉིད་མ།  འདི་ལྡན་ཐེག་པ་ཆེན་པོ་བླ་མེད་དེ།  མ་རྟོགས་བདུད་དང་ལོག་རྟོག་མུ་སྟེགས་པ།  ཐེ་ཚོམ་ཐེག་དམན་མ་ལུས་བཤིགས་བྱེད་པའི།  རྟགས་དང་མཚན་མ་སེང་གེའི་ང་རོ་ཡིས།  འཁྲུལ་བའི་ལྟ་བ་ཀུན་འཇོམས་བླ་ན་མེད། ཡང་རྩེ་འདི་ཐོས་བླ་མེད་ཤེས་ནུས་ཡིན།  ཡེ་གཤེན་ཀུན་སྤྱོད་ཀུན་འདུས་འབུམ་བཞིན་ནོ།  དེ་ལྟར་ཕ་རོལ་དུ་ཕྱིན་པ་བཅུ་པོ་ལ་ཡང་།  ཡུམ་བཅུའི་སྐུ་དང་།  བོན་དང་།  ཡེ་ཤེས་རྩལ་སྟོབས་བླ་མེད་དཔག་དུ་མེད།  འདིར་ནི་ཉམས་ལེན་གྲུབ་མཐའི་མདོ་ཙམ་བསྟན་པའོ།།  རྒྱས་པ་རྒྱ་ཆེ་བའི་འབུམ་དུ་བསྟན་པ་ཡིན་ནོ།  བྱམས་མ་ཆེན་མོ་རྩ་བའི་འབུམ་ལས།  ཡེ་གཤེན་བཀོད་པ་དོན་གྱི་འབུམ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།