༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 2
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > ལོ་རྒྱུས། > 1 གནའ་རབས།
1 གནའ་རབས།
བླ་མ་ཚེ་དབང་ལྷ་རྒྱལ་མཆོག་གི་རྟོགས་བརྗོད་མདོར་བསྡུས་བགྲེས་པོའི་ཞལ་རྒྱུན་དྲི་མ་མེད་པ།།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2021-12-24] [རྩོམ་པ་པོ།:ཤེལ་ཞིག་ཚེ་རིང་དགེ་འགྲུབ། ] [གཟིགས་ཐེངས:]

༧ གསང་ཤེལ་ཚང་གི་ཡབ་མེས་བླ་མ་ཚེ་དབང་ལྷ་རྒྱལ་མཆོག་གི་རྟོགས་བརྗོད་

མདོར་བསྡུས་བགྲེས་པོའི་ཞལ་རྒྱུན་དྲི་མ་མེད་པ།།


1640314328924128.jpg

རྣམ་དཀར་ཚོགས་གཉིས་རབ་ཏུ་རྫོགས་པ་ལས།

ཆེ་བཙུན་རྒྱལ་བའི་གདུང་ལས་ལེགས་འཁྲུངས་ཤིང་།

ཡང་ཟབ་བླ་མེད་ཐེག་པའི་དཔལ་ལྡན་པ།

སྔགས་འཆང་ཚེ་དབང་ལྷ་རྒྱལ་ཞབས་ལ་འདུད།


          དེ་ཡང་ཇི་སྐད་དུ། ལོ་རྒྱུས་ཁུངས་ནས་མ་བཤད་ན། ཡིད་མི་ཆེས་པའི་རྒྱུ་རུ་འགྱུར་ཞེས་པས།  དམ་པ་མཆོག་གི་རྣམ་པར་ཐར་པ་ཅུང་ཙམ་སྤྲོ་ན།  སྒྲོན་མེའི་བསྐལ་པ་བཟང་པོར་རྩོད་ལྡན་ཚེ་ལོ་བརྒྱ་པའི་མགོན་པོ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་ཉིད་སྔོན་ཚེ་སྤྲུལ་སྐུ་བསོད་ནམས་དབང་དྲུང་དུ་ཐུགས་མཆོག་བསྐྱེད་ནས་སྨོན་ལམ་ཆེན་པོ་བཏབ་པ་བཞིན་དུ་གདུལ་དཀའ་འདུལ་ཕྱིར་གཟིགས་ཚད་ལྔ་དང་དགོངས་ཚད་ལྔ་ཡིས་འཇིག་རྟེན་གྱི་ཁམས། ནུབ་ཕྱོགས་ཀྱི་གླིང་ཆེན།  ཆུ་བོ་བཞི་འདུས་ཀྱི་འགོ་མ། ལྷོ་འཛམ་བུ་གླིང་གི་དམིག  རྟག་གཟིགས་འོལ་མོ་ལུང་རིང་གི་དབུས་རྒྱལ་ས་བར་པོ་སོ་བརྒྱད་དུ་ཡབ་དམུ་རིགས་གཤེན་གྱི་གདུང་འཛིན་རྒྱལ་བོན་ཐོད་དཀར་དང་ཡུམ་ལྷ་མོ་ཐུགས་རྗེ་བྱམས་མའི་སྤྲུལ་པ་ཡོ་ཕྱི་རྒྱལ་བཞེད་མ་གཉིས་ཀྱི་སྲས་སུ་ཤིང་ཕོ་བྱི་བ་ལོར་སྐུ་སྐྱེ་བ་བཞེས་ཏེ། གཤེན་རྒྱལ་ཉིད་སྔོན་འདས་པའི་དུས་བསྐལ་པ་རྫོགས་ལྡན་ཞེས་བྱ་བར་བྲམ་ཟེའི་ཡུལ་བེ་ན་གྷུ་ཏ་བྱ་བ་ན་ཡབ་བྲམ་ཟེ་བདེ་མཆོག་གཡུང་དྲུང་དང་། ཡུམ་བྲམ་ཟེ་མོ་བདེ་བ་ལྕམ་ཞེས་བྱ་བ་དེ་གཉིས་ཀྱི་སྲས་སུ་བྲམ་ཟེའི་ཁྱེའུ་བློ་ལྡན་གཤེན་སྲས་བྱ་བར་སྐྱེས་ནས་ཡོད་པའི་དུས་སུ་སྟོན་པ་གཤེན་ལྷ་འོད་དཀར་གྱིས་ཁྱེའུ་ཁྱེད་འདི་ནས་ཚེ་འཕོས་ནས། འཛམ་བུ་གླིང་གི་སྙིང་པོར་སྐུ་འཁྲུངས་ཏེ། གཡུང་དྲུང་བོན་གྱི་བསྟན་པ་འཛུག་པར་འགྱུར་བས། དེའི་ཚེ་གཡུང་དྲུང་བོན་གྱི་དོན་རྒྱས་པར་ཤོད་ཅིག་ཅེས་ལུང་བསྟན་གྱི་བཀའ་ཆབ་གཙུག་ཏུ་བབས་པ་བཞིན་དུ་མཆོག་ཉིད་ཀྱིས་གྲུབ་མཐའི་རྒྱལ་པོ་མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་རིན་པོ་ཆེའི་ཡང་བཅུད་ལུང་རྟོགས་ཀྱིས་བསྡུས་པའི་བསྟན་པ། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ་འདུལ་གཉེན་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་། འཁྲུལ་རྟོག་སུམ་བརྒྱ་དྲུག་ཅུ་ལ་གསས་མཁར་སུམ་བརྒྱ་དྲུག་ཅུ། གོལ་སྒྲིབ་བརྒྱ་རྩ་བརྒྱད་ལ་དྲང་དོན་བརྒྱ་རྩ་བརྒྱད།  རྟོག་ཚོགས་ཞེ་ལྔ་ལ་ཐེག་པ་ཞེ་ལྔ། འཁྲུལ་ལོ་དགུ་ལ་ཐེག་པ་རིམ་དགུ། དུག་ལྔ་ལ་སྒོ་བཞི་མཛོད་ལྔ།  དུག་གསུམ་ལ་ཕྱི་ནང་གསང་གསུམ།  རིག་པ་དང་མ་རིག་པ་ལ་དྲང་དོན་དང་ངེས་དོན་གཉིས།  ཉོན་མོངས་འཁྲུལ་བ་ལ་ཡེ་ཤེས་ཉག་གཅིག་སོགས། འཁོར་གྱི་དམ་པ་སྤོབས་པ་ཆེ་བའི་ཞུ་འཁོར་གཡུང་དྲུང་སེམས་དཔའ་རྣམས་གཙོས་པའི་སྐྱེ་བོ་ཀུན་ལ་སོ་སོ་རང་རང་གི་སྒྲ་སྐད་ཇི་བཞིན་དུ། བཀའ་རྒྱ་ཆེ་བ། ལུང་གྲངས་མང་བ། མན་ངག་མདོ་འདུས་པ་སོགས་བོན་ཆར་སྩལ་བ་དེ་དག་མ་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོ་གནང་མཁན་གྱི་སྟོད་ཀྱི་བླ་མ་ཆེ་དྲུག།  བར་གྱི་གདུང་རྒྱུད་བཅུ་གསུམ།   སྨད་ཀྱི་མཁས་པ་མི་བཞི།  རིག་འཛིན་ལོ་པཎ་གཤེན་བརྒྱད།   གཏེར་སྟོན་གཤེན་གྱེར་རྨ་དབྱིལ།  བརྒྱུད་འཛིན་བྲུ་ཞུ་སྤ་རྨེའུ།   གཡས་རུའི་སྟོན་པ་བཅོ་བརྒྱད།  སྨན་རིའི་མཁན་རབས་རིམ་བྱོན།  མདོ་ཁམས་ཞིག་པོ་བཅོ་བརྒྱད་སོགས་མང་པོ་ཡོད་པའི་ནང་ནས་ཞིག་པོ་བཅོ་བརྒྱད་ཀྱི་ཡ་གྱལ། ཡེ་ཉིད་སྟོན་པ་ཀུན་ཏུ་བཟང་པོ་ནས་ད་ལྟའི་བར་དུ་བརྒྱུད་པའི་རྐང་མ་ཆད་ཅིང་། བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བའི་ཤེལ་དཀར་ཞིག་པོའི་གདུང་ལས་ཡབ་མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཤེལ་སྟོན་ཤེས་རབ་མཆོག་དང་། ཡུམ་དགེ་སེམས་དང་ལས་བརྩོན་ཆེ་ཞིང་དད་གུས་ཀྱི་ངང་རྒྱུད་བལ་ལས་འཇམ་པ་བླ་ཚང་བཟའ་བདེ་མཚོ་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༢༧བོད་མེ་སྟག་ལོར། སྤྱིར་ཞང་བོད་ཀྱི་མཁས་གྲུབ་དུ་མའི་བོན་འཁོར་བསྐོར་སའི་ཞིང་མཆོག་དང་། ཁྱད་པར་དུ་ཞིག་ཆེན་གདུང་ལས་མངོན་པར་འཁྲུངས་པའི་སྐྱེས་བུ་དམ་པ་དུ་མའི་ཕ་ས་མ་མཚེར་དུ་གྱུར་པ། དངུལ་རྫ་ཟལ་མོའི་སྒང་སྟོད། གནས་མཆོག་སྤུ་རྒྱལ་གངས་རིའི་འདབས་རོལ།   དྭངས་གཙང་གཡུ་མཚོ་སྔོན་མོའི་ཉེ་འགྲམ། ཁྱུང་སྟོད ག་ཐ་སྒང་རུའི་ཡུལ་གྲུ་ཆེན་མོ་སྟེ། སྐམ་ཆེན་ཉི་མ་ཡར་བུག་ཏུ་འབོད་པའི་གནས་མཆོག་དེར། སྙན་པའི་དུང་ཆེན་སྟོང་ཁམས་ཡོངས་ལ་ཁྱབ་བདལ་དུ་གྱུར་ཅིང་ཉམས་རྟོགས་ཡོན་ཏན་གྱིས་མངོན་པར་ཕྱུག་པའི་བསྟན་པ་འཛིན་པའི་སྐྱེས་ཆེན་ཤེལ་ཞིག་བླ་མ་ཚེ་བརྟན་མཆོག་དང་།  ཤེལ་བཟའ་གཏེར་སྟོན་རིན་ཆེན་མཚོ་མོ།  ཤེལ་སྲས་བླ་མ་ཤེས་རབ་། ཤེལ་བླ་གཙུག་རྒྱལ། ཤེལ་བླ་རྣམ་གྲགས་ལ་སོགས་མཁས་གྲུབ་དུ་མའི་འཁྲུངས་གཞིས་གསང་ཤེལ་ཚང་གི་བླ་བྲང་ཕྱྭ་གཡང་རང་འཁྱིལ་ཁང་དུ་མཛེས་སྐུ་ཉི་མ་གཞོན་ནུ་ལེགས་པར་འཁྲུངས། 

        ཆུང་ནས་དད་པའི་སེམས་བསྐྱེད། རྒྱུན་དུ་དགེ་བའི་ལས་བརྩོན་ཞེས་པ་ལྟར་སྐུ་ན་ཆུང་དུས་ནས་ཁྱེའུ་ཕལ་ཆེ་བ་དང་འདྲ་བར་ལེ་ལོ་དང་རྣམ་གཡེང་གི་དབང་གིས་རྩེད་མོ་དང་ལོག་སྤྱོད་ཀྱི་ལས་ལ་མ་བྲེལ་བར་ཞང་པོ་དམ་པ་ཉིད་ཀློག་སློབ་པའི་དགེ་རྒན་དུ་བསྟེན་ནས་ཤེས་བྱ་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་འབྲི་ཀློག་ཐད་ལ་འབད་པ་ལྷོད་མེད་གནང་པས་དཀའ་ཚེགས་མེད་པར་མཁྱེན། དེ་ནས་ཅུང་ཙམ་ནར་སོན་རྗེས་ཐུགས་རྒྱུད་ལ་མི་ཕྱེད་པའི་ངེས་འབྱུང་སྐྱེས་ཏེ་༧ཤེལ་སྟོན་ཚེ་དབང་བདེ་ཆེན་སྙིང་པོའམ་ག་ཤེལ་ཁྲི་ཆེན་མདུན་དུ་བོན་ཞུ་བར་བཅར།  དེའི་རྗེས་སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་༧གྲུབ་ཐོབ་བཟོད་པ་བསྟན་པའི་རྒྱལ་མཚན་རིན་པོའི་ཆེའི་མཚན་སྙན་རིང་མོ་ཐོས་ཏེ།  ལ་ལུང་དུ་མའི་བང་རིམ་དང་ལམ་འཕྲང་བརྒྱུད་དེ། ལྷ་དང་དྲང་སྲོང་འདུ་བའི་དབེན་གནས། མཁས་གྲུབ་སྐྱེས་ཆེན་བཞུགས་སའི་ཞིང་ཁམས།  བཤད་སྒྲུབ་རྒྱལ་མཚན་བསྒྲེང་སའི་ལྟེ་གནས། རིག་འཛིན་དཔལ་བོ་དགྱེས་པའི་གནས་ཆེན།  མ་སྲིང་མཁའ་འགྲོ་རྩེན་པའི་བྲོ་ར་སྟེ། གཡུང་དྲུང་དཔལ་གྱི་རི་ལ་ཆིབས་བསྒྱུར་གནང་བས། སྔོན་བསགས་ལས་སྨོན་བཟང་པོའི་མཐུ་སྟོབས་ཀྱིས་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དཔལ་ཡོན་གཅིག་ཏུ་བསྡུས་པ།  རྣལ་འབྱོར་བ་གྱེར་ཆེན་ཟླ་མེད་ཀྱི་དངོས་གཟུགས་༧སྐྱབས་རྗེ་བཟོད་པ་རིན་པོའི་གསེར་ཞལ་སེར་པོའི་དཀྱིལ་འཁོར་མཇལ་བའི་སྐལ་བཟང་ཐོབ།  དུས་དེ་ནས་བཟུང་༧གྲུབ་དབང་བཟོད་པ་རིན་པོ་ཆེ་མཆོག་ཉིད་མཉེས་པ་གསུམ་གྱི་སྒོ་ནས་བཀའ་དྲིན་བཞི་རྫོགས་ཀྱི་རྩ་བའི་བླ་མ་རུ་བསྟེན་ཏེ།   ལོ་ངོ་བཅུ་ཕྲག་རིང་ལ་ཕ་ས་སྨུག་པོ་རྒྱབ་ཏུ་བསྐྱུར་གཞན་ཡུལ་སྐྱ་མོ་དང་དུ་བླངས་ནས་ཐུན་མོང་སྔོན་འགྲོའི་ཨ་ཁྲིད་ཀྱི་རིམ་པ་ལྟར་ཁྲིད་རིམ་རྣམས་མ་ལུས་པར་དངོས་གྲུབ་ཏུ་ཞུས་ནས། དཀའ་བ་ཁྱད་དུ་བསད། ངལ་བ་དོན་དུ་བླངས་ཏེ་སྔོན་འགྲོ་འབུམ་དགུ་དང་། དངོས་གཞི། རྩ་རླུང་། མུན་མཚམས། ཐོད་རྒལ།  འཕོ་ཁྲིད་སོགས་བསགས་སྦྱོང་རྟགས་མངོན་པར་ཐོན་པར་མཛད་པ་དང་། བགྲང་བྱ་དུ་མའི་རིང་ལ་རྣམ་གཡེང་དང་ལེ་ལོའི་དབང་དུ་མ་སོང་བར་ཐོས་དོན་རྒྱུད་ལ་འདྲེས་ཆེད་ཉམས་ལེན་ཆུ་བོའི་རྒྱུན་བཞིན་བསྐྱངས་ནས་བཞུགས་པས། ཕྱིའི་སྤྱོད་ཚུལ་དང་ནང་གི་ཡོན་ཏན། གསང་བའི་རྟོགས་པ་གང་ཐད་ནས་འཁོར་སློབ་རྒྱ་མཚོའི་དཀྱིལ་ནས་རྩེར་སོན་དུ་གྱུར་སྟབས། སྐྱབས་མཆོག་དམ་པ་རྩ་བླ་རིན་པོ་ཆེས་ཐུགས་དགྱེས་པ་ཆེན་པོའི་སྒོ་ནས་བཀའ་ཕྱི་ནང་གསང་གསུམ་དང་བོན་སྒོ་བཞི་མཛོད་ལྔའི་ཡང་བཅུད་དབང་ལུང་ཁྲིད་གསུམ་གྱི་མན་ངག་མ་ལུས་པར་བུམ་པ་གོ་བྱོས་ཚུལ་དུ་ཐུགས་གསང་ཡེ་ཤེས་དཔལ་བེའུའི་བཅུད་དུ་སྩལ་བ་མ་ཚད་བླ་མའི་མཚན་གྱི་ཅོད་པན་སྤྱི་གཙུག་བདེ་ཆེན་འཁོར་ལོར་གནང་། གཞན་ཡང་གནས་མཆོག་དེར་བཞུགས་རིང་༧དཔལ་ལྡན་བླ་མ་དམ་པ་གཡུང་དྲུང་ཡེ་ཤེས་ཆེན་པོའམ་གཡུང་དགའ་རིན་པོ་ཆེ་གཙོས་པའི་སྐྱེས་མཆོག་མི་ཡི་སེང་གེ་དུ་མའི་ཞབས་རྡུལ་དད་སེམས་གཡུང་དྲུང་གཙང་མས་སྤྱི་བོར་བླངས་ཏེ་མདོ་སྔགས་རྫོགས་གསུམ་གྱི་གདམས་ངག་གསེར་གྱི་ཡང་ཞུན་མང་དུ་ཞུས། དེ་ནས་ཀ་ལེགས་དགོན་དུ་འདྲེན་པ་ཆེན་པོ་༧ཤེལ་སྟོན་ཉི་མ་གྲགས་པ་བསྟན་པའི་རྒྱལ་མཚན་ནམ་ཀ་ལེགས་སྐུ་ཞོགས་ཉི་མ་བསྟན་རྒྱལ་རིན་པོ་ཆེ་མཆོག་གིས་ཁྲི་བཀོད་སོགས་ཟབ་རྒྱས་མཛད་པ་ལ་དམ་པ་མཆོག་གི་རྣམ་དཀར་དད་སྦྱིན་བླ་སྤྱི་འདུལ་སོགས་ཀྱིས་ལྷ་རྫས་སྤོས་དུད་གཙང་མས་མདུན་བསུས་ཏེ་སྐུ་འགྱེད་དང་མང་ཇ་སོགས་མཆོད་པ་རྒྱས་པར་ཕུལ་ནས་ཁོང་མ་ཡུམ་གྱི་དྲུང་དུ་བླ་རི་ཁར་གདན་འདྲེན་ཞུས།  སྐབས་དེར་མཆོག་ཉིད་ཀྱི་སྐྱབས་འོག་ཏུ་ཚུད་པ་རིགས་གསུམ་གདུལ་བྱའི་རེ་འདོད་ལྟར་གསང་སྔགས་ཆོ་གའི་ཕྱག་ལེན་སྐོར་སོགས་གང་དགོས་ཞང་པོ་ཚང་ནས་དངོས་འགྲུབ་ཏུ་བསྩལ་ནས་བགྲང་བྱ་འགའི་རིང་འགྲོ་དོན་མཛད། དེ་རྗེས་ཙ་རི་དང་། ཁ་བ་དཀར་པོ། ཀོང་པོ་བོན་རི། གངས་རི། རྒྱ་གར་སོགས་སུ་གནས་མཇལ་ལོ་མང་རིང་ཕེབས། མཐར་ཕ་ས་སྨུག་པོར་ཕྱིར་ཞབས་པད་འཁོད་པས་ཉེ་འབྲེལ་དང་ཡུལ་མི་ཀུན་གྱིས་ཁབ་བཞེས་དགོས་པའི་སྐུལ་མ་ཞུས་པ་ལྟར་འོ་ལེ་ཁ་སྒོམ་འཕྲད་ཚང་གི་སྲས་མོ་གཤེན་བཟའ་ག་འཛོམས་ལྕམ་དུ་བཞེས་ཤིང་ཁྱུང་པོ་འབུམ་རྗེ་གྲགས་པའི་རྫོང་གཞི་བཅོ་བརྒྱད་ཀྱི་ཡ་གྱལ་དམར་པོ་རླུང་ཐབ་ཁྲག་གིས་རྡུང་ཞེས་པའི་གདོང་སྔོན་པོའི་བྲག་གླང་ཆེན་འཕྲེད་དུ་འགྱིང་བ་ལྟ་བུ་དེའི་སྤྱི་གཙུག་ཏུ་བླ་བྲང་བཞེངས་ནས་བཞུགས།  སྐབས་ཤིག་ལ་བསམ་ཡུལ་ལས་འདས་པའི་དུས་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་ནས་ཁོང་མཆོག་ལོ་བཅུ་གཅིག་ལྷག་བཙོན་ཁང་དུ་ཁྲིད་ཀྱང་རྐྱེན་ངན་གྲོགས་ཤར་ཚུལ་དུ་བཙོན་གྲོགས་བྱ་བྲལ་ཉི་མ་ཚུལ་ཁྲིམས་སོགས་བླ་མ་མང་པོ་དང་འཕྲད་ནས་ཕན་ཚུན་ཉམས་སྡུར་བྱེད་རྒྱུའི་སྐལ་བཟང་ཐོབ།  དེ་ནས་དུས་ཇེ་བཟང་དུ་གྱུར་ཏེ་བཙོན་གྲོལ་ཐོབ་པར་བསྟེན་ཕ་དགོན་གྲགས་པ་ཅན་སྒང་རུ་དར་རྒྱས་དགོན་གྱི་ཁྲི་འཛིན་ཁྱུང་པོ་བླ་མ་བསྟན་པ་རྒྱལ་མཚན་མཆོག་དང་ཤེལ་ཞིག་བླ་མ་བསྟན་འཛིན་གྲགས་པ་རྣམ་གཉིས་ཀྱི་དགོངས་བཞེད་ལྟར་དར་རྒྱས་དགོན་གྱི་ཀྲུང་རེན་སོགས་ཀྱི་འགན་བཞེས།  ལྷད་མེད་ལྷ་བསམ་དཀར་པོའི་སྒོ་ནས་རང་ནུས་ཡོད་དགུས་ཕྱག་ལས་གནང་བ་མ་ཟད་རང་ཁྱིམ་ཕུག་མོ་ཆེའི་དགོན་པ་ལའང་གཟིགས་རྟོགས་མི་དམན་པར་མཛད་ཅིང་དམ་ཚིག་གིས་འབྲེལ་པའི་ཁམས་འདིར་འདྲེན་པ་ཆེན་པོ་ཞིག་གི་མཛད་བཟང་བསྐྱངས།  དད་ལྡན་ཚོའི་ཐུགས་དམ་བསྐང་ཕྱིར་འདུར་བཅའ་རྒྱུ་དང་།  དབལ་ཆུ་བསྐོལ་རྒྱུ་སྟག་ལ་སྔ་ལུགས་སོགས་མདོར་ན་སྔ་དར་རིག་འཛིན་གོང་མ་རྣམས་ཀྱི་མཛད་བཟང་སྐྱོང་སྐབས་གཞན་དང་མི་འདྲ་བར་རྟགས་དང་རྫུ་འཕྲུལ་སྣ་ཚོགས་དད་ལྡན་ཚོའི་གཟིགས་བྱེད་དུ་བཤམས་པ་དང་།  ལྷག་པར་དུ་སྐུ་ཚེ་མ་རྫོགས་བར་དུ་རང་ཡུལ་བླ་རི་ཁའི་སྤྱི་རིམ་སོགས་སུ་བླ་མ་དང་དབུ་མཛད་གཅིག་ཆོག་སོགས་ཀྱི་ཐུགས་འགན་བཞེས་ནས།  ཐུགས་བརྩེ་བ་ཆེན་པོས་ཉིད་ཀྱི་སྐྱབས་འོག་ཏུ་ཚུད་པ།  བླ་མ་ཉི་མ་གཡུང་དྲུང་། སྒོམ་པ་སྤོ་ཁྲེ་སྐལ་བཟང་། ཁྲོ་ཁྱུང་རྒྱལ་མཚན་ནོར་བུ། རྒྱལ་དགའ། ལམ་འོག་བོན་རྒན།  ཁྱུང་རུ་གཞན་ཕན།  སྒང་སར་རྡོ་རྗེ་ཐར་གྲགས།  བླ་འགྱུར་མེད་གཡུང་དྲུང་། སྐུ་མཆེད་བསོད་ནམས་གཡུང་དྲུང་། ཉིད་ཀྱི་སྐུ་སྲས་སྟོང་གསལ་འགྱུར་མེད་དམ་ཁྱི་སྐོགས་སོགས་མདོར་ན་ཤེས་རིག་པད་མོ་ནར་མ་སོན་བའི་གདུལ་བྱ་གང་དག་ལ་རྣམ་གསུམ་ཤེས་རབ་ལེགས་པར་བསྐྱེད་གནང་སྟེ་མཐར་སྤྱི་ལོ༡༩༩༩ལོར་དགུང་གྲངས་བདུན་ཅུ་དོན་གཉིས་བཞེས་སྐབས་བླ་བྲང་ཉམས་རྟོགས་འཕེལ་སའི་ཞིང་ཁམས་ནས་རྟགས་དང་མཚན་མ་ཀུན་གྱི་མཐོང་སར་བཞག་གསུང་པ་ལྟར་ཐུགས་དམ་གཡོ་བ་མེད་པའི་ངང་ནས་ཀུན་ཏུ་བཟང་པོའི་རྒྱལ་སར་བསྙེགས་པ་བཅས་སོ།།

          ཞེས་རྟོགས་བརྗོད་མདོར་བསྡུས་བགྲེས་པོའི་ཞལ་རྒྱུན་དྲི་མ་མེད་པ་འདི་ཉིད་དད་ལྡན་མང་པོའི་ཐུགས་དམ་བསྐོང་ཕྱིར་དང་མེས་པོ་དམ་པའི་སྐུ་ཚེའི་མཛད་རིམ་གཙང་ཆུ་སྔོན་མོའི་བཞུར་སྒྲ་རྗེས་འཇུག་བུ་སློབ་རྣམས་ཀྱི་སྙན་དབང་གསེར་གྱི་པད་མོའི་གསོས་སུ་སྨིན་སླད་དུ་དམ་པ་ཁོང་གི་རྣམ་ཐར་རབ་ཟབ་དལ་འབབ་མཛོད་ཆེན་ལས་རྩྭ་ལྗང་མཆོག་མའི་ཟིལ་པ་ཙམ་ཞིག་བླངས་ཏེ་བགྲེས་སོང་ལོ་བརྒྱད་ཅུ་ལྷག་ལོན་པའི་ཨ་འཚོ་བཟའ་བདེ་སྐྱིད་དང་བླ་ནོར་བུ་སོགས་ཀྱིས་ངག་རྒྱུན་ལྟར་དཔལ་ལྡན་བླ་མའི་སྐྱབས་འོག་པ་ཤེལ་འོད་དམ་ཚེ་རིང་དགེ་འགྲུབ་ཀྱིས་ཟླ་ཚེས་བཟང་པོ་ཉིན་དུང་ཤོག་དཀར་པོ་ལ་གཡུ་སྙུག་སྔོན་པོས་སྒྲོ་བཏགས་མེད་པར་ཡི་གེའི་གཟུགས་སུ་ཕབ་པའོ།།

རྩོམ་པ་པོ།   ཤེལ་ཞིག་ཚེ་རིང་དགེ་འགྲུབ།  




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།