
སྤྱི་ལོ་2021ལོའི་སྤྱི་ཟླ་7པའི་སྤྱི་ཚེས་3ནས་སྤྱི་ཟླ་8པའི་སྤྱི་ཚེས་1བར་ཏེ། འདི་ལོའི་དབྱར་གནང་གི་ངལ་གསོ་དང་དུས་མཆོད་ཀྱི་སྐབས་དང་བསྟུན། དུས་ཡུན་ཟླ་བ་གཅིག་ཙམ་ལ་ཉེ་བར་ཁྱུང་པོ་སྟེང་ཆེན་དགོན་གྱི་གསང་སྔགས་འཛིན་གྲྭས་སྔོན་འགྲོ་བསགས་སྦྱངས་བྱས་པ་དང་། ཉིན་ལྟར་བཞིན་སྐྱབས་སེམས་དང་གསོལ་འདེབས་རྣམ་གསུམ་ནས་དབུ་བརྩམས་ཏེ་ཐུན་བར་གྱི་དབུ་མཇུག་རྣམས་སུ་སྔོན་འགྲོའི་སྒོམ་རིམ་དང་ཨ་ཁྲིད་སྔོན་འགྲོའི་ཚིག་བཤད་བཅས་བཏང་ཏེ་སྒོམ་བཟླ་ཟུང་འབྲེལ་དུ་བསྐྱངས་ཤིང་། དགོང་མོར་ལུས་སྦྱིན་མཁའ་འགྲོའི་གད་རྒྱང་དང་ཚེ་སྒྲུབ་བདུད་ཟློག་སོགས་ཆག་མེད་དང་མཐར་སྔོ་བ་སྨོན་ལམ་གྱི་རྒྱས་བཏབ་སྟེ། ཟླ་བ་གཅིག་མ་ཟིན་ཙམ་གྱི་དུས་ཡུན་འདིར་སྔོན་འགྲོ་འབུམ་དགུ་ལས་ཕྱག་དང་སྐྱབས་འགྲོ་མནྜལ་གསུམ་པོར་ཞོགས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་འབད་དེ་འབུམ་རེའི་གྲངས་ལོང་བར་ཕུལ། གཞན་ཡང་འབུམ་དགུའི་ནང་ཚན་མ་ཏྲི། སལ་ལེ་འོད། དུ་ཏྲི་སུ་དང་། ཡིག་གེ་བརྒྱ་པ། བླ་མའི་རྣལ་འབྱོར་སོགས་ནི། རྒྱུན་ལྟར་གྱི་སློབ་སྦྱོང་གི་བར་གསེང་དང་ཁོམ་ལྕོགས་སུ་བསྟུན་ཏེ་གྲངས་ལོན་པར་འབུལ་དགོས་པའི་འཆར་ཅན་ལྟར་ལགས་ཤིང་། དེ་ལྟར་སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་ཀྱིས་གཞི་བཟུང་། དངོས་གཞི་མི་དམིགས་པས་ཟིན་པའི་བསགས་སྦྱོང་གིས་ལུས་བྱས། རྗེས་བྱ་སྔོ་བ་སྨོན་ལམ་རྣམ་པར་དག་པས་མཐར་བརྒྱན་པའི་དགེ་ཚོགས་གང་དག་གནས་སྐབས་མངོན་མཐོ་ལྷ་མིའི་རྟེན་དང་མཐའ་ཐུག་ངེས་ལེགས་བླ་མེད་ཀྱི་གོ་འཕང་བརྙེས་པའི་རྐྱེན་དུ་ཅི་ནས་ཀྱང་འགྲོ་ངེས་སོ།། ལྷ་ཆ་ནས།



ཁྱུང་པོ་སྟེང་ཆེན་དགོན་གྱི་གསང་སྔགས་འཛིན་གྲྭས་སྔོན་འགྲོ་གསོག་སྦྱོང་སྐབས་མནྡལ་འབུལ་བཞིན་པ།


ཁྱུང་པོ་སྟེང་ཆེན་དགོན་གྱི་གསང་སྔགས་འཛིན་གྲྭས་སྔོན་འགྲོ་གསོག་སྦྱོང་སྐབས་ཕྱག་འཚལ་བཞིན་པ།

ཁྱུང་པོ་སྟེང་ཆེན་དགོན་གྱི་གསང་སྔགས་འཛིན་གྲྭས་སྔོན་འགྲོ་གསོག་སྦྱོང་སྐབས་ཀྱི་དུས་ཚོད་རེའུ་མིག