འཆད་རྩོད་རྩོམ་གསུམ་གྱི་འཁོར་ལོ་གསུམ་གྱིས་རྒྱལ་བ་གཤེན་གྱི་བསྟན་པ་རིན་པོ་ཆེ་སྲིད་པའི་བླ་རུ་མངོན་པར་འདེགས་པའི་ཁྱུང་དབུས་བོན་གྱི་འདུས་སྡེ་ཆེན་མོ་དཔལ་གཤེན་བསྟན་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་ངམ་ཁྱུང་པོ་སྟེང་ཆེན་དགོན་ནས། འདི་གའི་བཤད་གྲྭ་བ་རྣམས་ལ་ལོ་ལྟར་བཞིན་གཞུང་ཆེན་མདོ་སྔགས་རྫོགས་གསུམ་གྱི་འཇུག་སྒོ་ཚད་མ་རིག་པའི་གནས་ལ་ཆེད་སྦྱོང་གི་དུས་ཚིགས་བཀོད་འདུམ་བགྱིས་ཏེ་ཚད་མའི་རིགས་སྒྲ་ཆེན་མོ་འཚོགས་བཞིན་ཡོད་པ་ལྟར།
སྤྱི་ལོ་༢༠༢༡ལོའི་ཟླ་༦པའི་ཚེས་༡༧ནས་བཟུང་སྤྱི་ཟླ་༧པའི་སྤྱི་ཚེས་༢བར་བདུན་ཕྲག་གཉིས་ཀྱི་རིང“ལུང་རིགས་བསྟན་རྒྱས་གླིང་”དང“སྒྲ་ཚད་ཀུན་ཁྱབ་གླིང”ཞེས་བཤད་གྲྭའི་སློབ་གཉེར་བ་རྣམས་གླིང་ཚན་གཉིས་སུ་དགར་ཏེ་སྐབས་བཅུ་གཉིས་པའི་ཚད་མའི་རིགས་སྒྲ་ཆེན་མོ་འཚོགས་པ་དང་། དེ་ཡང་ཐེངས་འདིའི་དཔེ་ཁྲིད་དང་ཆེད་སྦྱོང་གི་ཡིག་ཆ་གཙོ་བོ་གཡས་རུ་སྟོན་པ་བཅོ་བརྒྱད་དུ་གྲགས་པའི་ནང་ཚན་བོན་གྱི་སྤྱན་ལྡན་ཆེན་མོ་འགྲོ་མགོན་བློ་གྲོས་རྒྱལ་མཚན(༡༡༩༨-༡༢༦༣)གྱིས་མཛད་པའི<ཚད་མ་ཀུན་བཏུས>ལེའུ་བརྒྱད་ཀྱིས་གྲུབ་པའི་བདག་ཉིད་ཅན་དེ་ཉིད་ཡིན་ཞིང་། བཤད་གྲྭའི་མཁན་པོ་དགེ་བཤེས་ཚུལ་ཁྲིམས་དགེ་རྒྱས་དང་བཤད་གྲྭའི་སློབ་དཔོན་དགེ་བཤེས་བློ་གྲོས་རབ་གསལ། ཚོགས་གཙོ་དགེ་བཤེས་སྦྱིན་པ་གཙུག་ཕུད། བཤད་གྲྭའི་དགེ་རྒན་དགེ་བཤེས་རྣམ་དག་དོན་ལྡན། བཤད་གྲྭའི་དགེ་རྒན་དགེ་བཤེས་གཡུང་དྲུང་རིན་ཆེན། བཤད་གྲྭའི་དགེ་རྒན་དགེ་བཤེས་གཡུང་དྲུང་དབང་ལྡན། བཤད་གྲྭའི་དགེ་རྒན་དགེ་བཤེས་ཤེས་རབ་ཕར་ཕྱིན། བཤད་གྲྭའི་དགེ་རྒན་དགེ་བཤེས་གཡུང་དྲུང་འོད་ཟེར་བཅས་ནས་ཚད་མ་ཀུན་བཏུས་ཀྱི་ལེའུ་བརྒྱད་ལས་ཚིག་དོན་གང་ཅིའི་དཀའ་གནད་ཀྱི་སྐོར་རྣམས་གྲོས་སྡུར་དང་གསེད་བཀྲོལ་མཛད་དེ་སློབ་ཁྲིད་བསྐྱངས་གནང་མཛད་པ་དང་། ཉིན་རེར་སྔར་དགོང་གི་འཆད་ར་དང་ཕྱི་དྲོ་ཆུ་ཚོད་༢ནས་༣.༣༠བར་གླིང་ཚན་གཉིས་པོ་དམ་བཅའ་བ་དང་རིགས་ལམ་པ་རེས་མོས་མཛད་དེ་དམ་བཅའ་འཚོགས་གནང་ཡོད་ཅིང་།



ཉིན་དང་པོར་ལུང་རིགས་བསྟན་རྒྱས་གླིང་གི་རིགས་སྨྲ་བ་བཞི་དམ་བཅའ་བཞུགས་ཤིང་།

ཀུན་ཁྱབ་གླིང་ཚང་གིས་རྟགས་གསལ་གྱི་མཆོད་པ་ཕུལ་བ།




ཉིན་གཉིས་པར་སྒྲ་ཚད་ཀུན་ཁྱབ་གླིང་གི་རིགས་སྨྲ་བ་བཞི་དམ་བཅའ་བཞུགས་ཤིང་།

བསྟན་རྒྱས་གླིང་ཚང་གིས་རྟགས་གསལ་གྱི་མཆོད་པ་ཕུལ་བ།




རིགས་སྒྲའི་མཐའ་མཇུག་གི་ཉི་མ་གཉིས་ཀྱི་རིང་ཐུག་ཆེན་དམ་བཅའ་ཆེན་མོ་འཚོགས་ཏེ་༧ དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་མཆོག་དང་། བཤད་གྲྭའི་མཁན་པོ་ཚུལ་ཁྲིམས་དགེ་རྒྱས། བཤད་གྲྭའི་སློབ་དཔོན་བློ་གྲོས་རབ་གསལ་རྣམ་གསུམ་གཙོས་དགེ་རྒན་རྣམ་པ་དཔང་པོར་བཞུགས་ཐོག་ཉིན་དང་པོར་ལུང་རིགས་བསྟན་རྒྱས་གླིང་གི་རིགས་སྨྲ་བ་བཞི་དམ་བཅའ་བཞུགས་ཤིང་། ཀུན་ཁྱབ་གླིང་ཚང་གིས་རྟགས་གསལ་གྱི་མཆོད་པ་ཕུལ་བ་དང་། ཉིན་གཉིས་པར་སྒྲ་ཚད་ཀུན་ཁྱབ་གླིང་གི་རིགས་སྨྲ་བ་བཞི་དམ་བཅའ་བཞུགས་ཤིང་བསྟན་རྒྱས་གླིང་ཚང་གིས་རྟགས་གསལ་གྱི་མཆོད་པ་ཕུལ་ཏེ་༧ དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་མཆོག་ནས་གླིང་ཚན་སོ་སོའི་ཁྱབ་ལོག་གསལ་བསྒྲགས་དང་ལོ་འདིའི་ཚད་མའི་རིགས་སྒྲ་ཆེན་མོར་སྔར་ལས་ལྷག་པའི་མཇུག་འབྲས་བཟང་པོ་ཐོབ་པར་བསྔགས་བརྗོད་གནང་ཏེ་སྐབས་བཅུ་གཉིས་པའི་ཚད་མའི་རིགས་སྒྲ་ཆེན་མོ་ཁ་དགེའི་ངང་མཇུག་གྲུབ་པའོ།།
དྲུང་མིང་པ་ལྷ་ཆ་ནས།