
དེ་ཡང་བོན་འཁོར་ཚིག་བཞིའི་མདོ་ལས། འཁོར་བ་ལས་ཐར་བདེ་ཐོབ་ཕྱིར། ཡང་དག་དོན་ལ་འཇུག་པ་ཡི། བོན་གྱི་འཁོར་ལོ་རྣམ་བཞི་ལ། ཞེས་པའི་བོན་གྱི་འཁོར་ལོ་རྣམ་བཞིའི་ནང་ཚན་འཆད་པ་བོན་གྱི་འཁོར་ལོའི་ཆར་གཏོགས་དང་། རྣམ་འབྱེད་འཕྲུལ་ལྡེ་ལས། བྱེད་པའི་མཆོག་གྱུར་སྐྱེས་བུ་ནི། འདི་རུ་དམན་པའི་ཆ་འཛིན་ཞིང་། ཟས་ནོར་འཁོར་ལ་ཆགས་པ་སྤངས། གཞན་ལ་མི་སྨོད་བདག་མི་བསྟོད། བཟོད་པའི་སྟོབས་ཀྱིས་དགྲ་ཕྱོགས་འཇོམས། ཐབས་ལ་མཁས་པའི་འགྲོ་བ་འདྲེན། ཐེ་ཚོམ་བགྲོ་གླེང་རྩོད་པ་མཁས། དམན་པའི་ཆ་བཟུང་འཕགས་པར་འགྱུར། ཞེས་སྐྱེས་བུ་དམ་པའི་མཛད་སྤྱོད་དུ་བགྲངས་པའི་བགྲོ་གླེང་གི་བགྱི་བ་འདི་ཉིད་སློབ་སྦྱོང་གི་ཐབས་ལམ་ཁྱད་དུ་འཕགས་པ་ཡིན་གཤིས། སྤྱི་སྒེར་གྱི་ཚོགས་པ་ཆེ་མ་ཆུང་གསུམ་ཀུན་ནས་དོ་སྣང་བྱེད་མུས་སུ་ལགས་ཤིང་། ལྷག་པར་དུ་འདི་གའི་སློབ་གླིང་ནས་ལོ་འཁོར་གྱི་བགྲོ་གླེང་དང་། ཟླ་འཁོར་གྱི་བགྲོ་གླེང་། བདུན་ཕྲག་གི་བགྲོ་གླེང་བཅས་འཚོགས་ཏེ་བགྲོ་གླེང་གི་བགྱི་བ་འདི་ཉིད་མེད་པ་ནས་ཡོད་པ་དང་ཡོད་པ་ནས་གོང་འཕེལ་གྱི་ཕྱོགས་སུ་འབད་དེ་ཐུགས་སྣང་རྒྱ་ཆེར་གནང་བཞིན་པ་ལྟར། དེ་རིང་སྟེ་ཕྱི་ལོ་༢༠༢༡ལོའི་ཟླ་༦པའི་ཚེས་༢༩ཉིན་གྱི་ཕྱི་དྲོ་ཆུ་ཚོད་༢པའི་ཐོག ༧ དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་མཆོག་གཙོས་དགེ་སློབ་འདུས་པ་རྒྱ་མཚོ་ཡོངས་བཀའ་འབུམ་རབ་རྒྱས་ཁང་དུ་འཛོམས་ཏེ་སྐབས་གཉིས་པའི་ཚད་མའི་བགྲོ་གླེང་ཆེན་མོ་དངོས་སུ་རྒྱས་འཚོགས་བྱས།




ཐོག་མར་བགྲོ་གླེང་གཙོ་སྐྱོང་བ་བསྟན་འཛིན་ཤེས་རྒྱལ་ནས་བགྲོ་གླེང་དབུ་འཛུགས་ཀྱི་གསུང་བཤད་གནང་བ་དང་འབྲེལ་བགྲོ་གླེང་བྱེད་པའི་དུས་ཡུན་དང་། དྲི་བ་འདོན་པའི་དུས་ཡུན་སོགས་གསལ་བཤད་མཛད་མཚམས་དགེ་བཤེས་གཡུང་དྲུང་དབང་ལྡན་མཆོག་གིས<འགལ་བའི་སྐོར>ནས་བགྲོ་གླེང་ཟབ་རྒྱས་གནང་བ་དང་། གཙོ་སྐྱོང་བས་ནང་དོན་ཕྱོགས་བསྡོམས་གནང་ཞིང་དྲི་བ་དྲིས་ལན་རྒྱས་པར་གྲུབ་མཚམས་སློབ་གཉེ་བ་ཀུན་བཟང་ལྷུན་གྲུབ་ཀྱིས<རྟོག་པའི་སྐོར་ནས་བསམ་ཚུལ་གླེང་བ།>ཞེས་པའི་ཁ་བྱང་ཐོག་ནས་བགྲོ་གླེང་གནང་ཞིང་། སློབ་གཉེར་བ་བཀྲ་ཤིས་འོད་ཟེར་གྱིས<ཡིད་ཤེས་ཀྱི་སྐོར>ནས་དང་། དགེ་བཤེས་ཤེས་རབ་ཕར་ཕྱིན་མཆོག་གིས<འབྲེལ་བའི་སྐོར>ནས་བགྲོ་གླེང་ལྷུག་པོར་གནང་ཞིང་དྲི་བ་དྲིས་ལན་སོགས་གྲུབ་རྗེས་ཆབ་བཞེངས་ཀྱི་བར་གསེང་བཏང་།






ཆུ་ཚོད་༤ པའི་ཐོག་དགེ་བཤེས་རྣམ་དག་དོན་ལྡན་མཆོག་གིས་གཙོ་སྐྱོང་འོག་སློབ་གཉེར་བ་བསྟན་འཛིན་ཤེས་རྒྱལ་གྱིས<ཚད་མའི་མཚན་ཉིད་སྐོར་གྱི་བསམ་ཚུལ་བྱིས་པའི་ཟློས་གར།>ཞེས་པའི་ཁ་བྱང་དང་འབྲེལ་ཏེ་བགྲོ་གླེང་གནང་བ་དང་། སློབ་གཉེར་བ་ཀ་དག་ལྷུན་གྲུབ་ཀྱིས<རྩོད་གཞིའི་སྐོར་ནས་གླེང་བ།> ཞེས་པ་ལས་འཕྲོས་ཏེ་བགྲོ་གླེང་གནང་ཞིང་། དགེ་བཤེས་གཡུང་དྲུང་འོད་ཟེར་མཆོག་གིས<བཀའ་ཚད་མའི་སྐོར>ནས་བགྲོ་གླེང་ཟབ་ཅིང་གནད་ལ་ཁེལ་བ་གནང་བ་དང་། གཙོ་སྐྱོང་བས་ནང་དོན་ཕྱོགས་བསྡོམས་ཀྱི་གསལ་ཁ་མཛད་དེ་དྲི་བ་དྲིས་ལན་སོགས་ལྷུག་པོར་གྲུབ་རྟིང་མཇུག་མཐར་༧ དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་མཆོག་གིས་ཕྱོགས་ཡོངས་ནས་མཛུབ་སྟོན་གྱི་བཀའ་སློབ་གནང་ཞིང་ཐེངས་འདིའི་ཚད་མའི་བགྲོ་གླེང་ཆེན་མོར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་བསྔགས་བརྗོད་གནང་བ་དང་། མ་འོངས་པར་སྔར་ལས་ལྷག་པའི་གྲུབ་འབྲས་ལོན་པར་སྐུལ་ལྕག་གནང་ཏེ་སྐབས་གཉིས་པའི་ཚད་མའི་བགྲོ་གླེང་ཆེན་མོ་མཇུག་ལེགས་པར་གྲུབ་པའོ།།
དྲུང་མིང་པ་ལྷ་ཆ་ནས།