
དེ་ཡང་མིང་དུ་གྲགས་པའི་ལྷ་བཟོ་དབུ་ཆེན་ཧོར་ཚང་ནོར་བུ་གཡུལ་རྒྱལ་(ལོ་རྒྱུས་ཞིབ་ཕྲ་བརྒྱུད་ལམ་གཞན་དུ་གསལ།)གྱིས་གཉེར་སྐྱོང་གནང་བའི་«ཁྱུང་ཞང་ཞུང་ཐང་སྐུའི་སྒྱུ་རྩལ་འགན་ཁྲི་ཚད་ཡོད་ཀུང་སི་»ནི་སྒྱུ་རྩལ་ལས་རིགས་ལ་སྦྱོང་བརྡར་གནང་ས་ཞིག་དང་། དངོས་མིན་རིག་གནས་ཀྱི་གསོན་ཤུགས་སྤེལ་ས་ཞིག་ཡིན་པ་དང་། ད་སྔོན་སྟེང་ཆེན་རྫོང་རིག་གནས་ཅུས་ཀྱི་ཐུགས་ཁུར་རྒྱབ་སྐྱོར་འོག་ཕྱི་ལོ་ ༢༠༠༣ ནས་བཟུང་ད་བར་ལྷ་བཟོ་དབུ་མཛད་ཁོང་དང་ཁོང་གི་སྤུན་མཆེད་བསྟན་པ་ཉི་མ་གཉིས་ཀྱིས་གཙོ་འགན་བཞེས་ཏེ། ཁྱུང་ཞང་ཞུང་ལྡོང་ལུགས་རི་མོའི་སྒྱུ་རྩལ་སློབ་གླིང་གི་རྣམ་པའི་ཐོག་ནས་རི་མོའི་སྒྱུ་རྩལ་ལ་དགའ་ཞེན་དང་དོན་གཉེར་ཆེ་བའི་སློབ་མ་མང་པོའི་ཐུགས་རེ་བསྐངས་ཡོད་པ་དང་། སློབ་གླིང་དེ་ནས་བོད་ཀྱི་རི་མོ་ལ་ནང་བྱན་ཆུབ་པའི་སློབ་མ་མང་པོ་བསྐྱེད་བསྲིངས་གནང་ཐུབ་ཡོད་པ་མ་ཟད། སློབ་མ་མི་ཉུང་བ་ཞིག་ལྗོངས་དང་གྲོང་ཁྱེར་རིམ་པའི་སྒྱུ་རྩལ་འགྲན་ཞུགས་སྐབས་སྔ་ཕྱི་དུ་མར་མཉམ་ཞུགས་གནང་ཡོད། དེར་མཚུངས་རིས་མེད་ལྷ་བཟོ་དབུ་ཆེན་མང་པོས་ཁོང་ཚོའི་རི་མོའི་བྱང་ཚད་ལ་དམིགས་བསལ་གདེང་འཇོག་གནང་བ་ལྟར་གཟེངས་བསྟོད་ཕྱག་འཁྱེར་བཞེས་མཁན་གྱི་སློབ་མ་ཡང་མང་པོ་བྱུང་ཡོད། དེ་ཡང་རྩ་བའི་ལྷ་ཚུགས་ནི། མདོ་དྲི་མེད་ལས། “ཆག་ཚད་ཆ་བགོ་སྙོམས་པར་བྱ། །ཆག་ཚད་མ་ལྡན་ལྷ་རྣམས་ནི། །རྩི་ཤིང་ནགས་ཚལ་རི་མོ་འདྲ། །སངས་རྒྱས་དངོས་སུ་སྤྱན་དྲངས་ཀྱང་། །དེ་ལ་རབ་གནས་ཐེབས་མི་འགྱུར། ། ཆག་ཚད་ལྡན་པའི་ལྷ་རྣམས་ནི། །བརྩམ་ནས་སངས་རྒྱས་རབ་གནས་ཞུགས། སྤྱིར་ཡང་མཛེས་པར་མ་གྱུར་ན། །ཆག་ཚད་ཀྱིས་ཀྱང་ཅི་ཞིག་བྱ། །སྤྱན་ལ་མཛེས་ན་ཆག་ཚད་རབ། །རང་བཞིན་བྱོན་པའི་སྐུ་དང་མཚུངས། །”ཞེས་པའི་སྡོམ་ཚིག་ལྟར་སྐྱོན་ཡོན་འདོར་ལེན་བྱས་པའི་ལྷ་ཚུགས་ཏེ། སྐྱབས་མགོན་ཟླ་བ་རྒྱལ་མཚན་(1796-1862)གྱིས་ཆེ་བའི་ལེགས་བྱང་བསྩལ་བའི་ལྡོང་ལུགས་རི་མོ་འཁྲུལ་མེད་ཡིན་ཕྱིར་ལྷ་ཡི་ཐིག་རྩ་མདོ་རྒྱུད་གཞི་ལ་བཞག་གི་ཡོད་པ་ནི་སྲོལ་རྒྱུན་རྒྱུན་འཛིན་ཞེས་པའི་མིང་ཚིག་དོན་ལ་འབྱོར་བ་ཞིག་གོ།

དེ་ལྟར་དགེ་སློབ་ཡོངས་ཀྱིས་ལོ་ཟླའི་འཁོར་འགྲོས་སྒྱུ་རྩལ་རིག་པས་བསྐོར་ཞིང་པིར་གྱི་རྩེ་མོ་དལ་གྱིས་སྒུལ་ནས་ལྷ་དང་ལྷ་མོའི་གཟུགས་བརྙན་འབྲི་བཞེངས་ཆད་མེད་གནང་བཞིན་པ་ཡིན་ནའང་། ཉེ་བའི་ཟླ་ཤས་རིང་དགེན་ནོར་བུ་གཡུལ་རྒྱལ་ཁོང་གི་སློབ་མ་ལྷ་བྲིས་སྒྱུ་རྩལ་པ་དགེན་འབྲུག་ལྷ་ཉི་མ་དང་། སློབ་མ་དགེན་བསོད་ནམས་དར་རྒྱས་གཉིས་ལ་ལྷ་བྲིས་པ་དགེ་སློབ་ཡོངས་ཀྱིས་ཇི་ལྟར་རེ་བསྐུལ་ཞུས་པ་བཞིན་དགེན་འབྲུག་ལྷ་ཉི་མས་བོན་གྱི་དཀྱིལ་འཁོར་རྣམ་གྲངས་མི་ཉུང་བ་ཞིག་འབྲི་བཞེངས་གནང་སྟངས་བསླབས་པ་དང་། དགེན་བསོད་ནམས་དར་རྒྱས་ཀྱིས་ཞང་བོད་ཡིག་གཟུགས་འབྲི་རྩལ་ལ་སློབ་ཁྲིད་ནན་གྱིས་གནང་བས་སློབ་མ་ཚོས་ནམ་ཉིན་ལྟོས་མེད་འབད་བརྩོན་ལྷོད་མེད་གནང་མཐར་སྦྱང་འབྲས་མི་དམན་པ་ཐོབ་ཏེ། རྫོང་རིག་གནས་ཅུས་ཀྱིས་ཐུགས་ཁུར་རྒྱབ་སྐྱོར་དང་སྦྲགས་སློབ་མ་རྣམས་ཀྱིས་སྤུས་བཞེངས་བྱས་པའི་དཀྱིལ་འཁོར་ཚོན་རིས་སྦྲགས་མ་ཅན་གྲངས་ཉེར་ལྔ་ཙམ་དང་། ཁྱུང་བྲིས་དང་སྨར་བྲིས་ཡིག་གཟུགས་ཀྱི་ལེགས་བཤད་ཐང་ཀ་དང་བྱང་བུ་པར་སྒྲོམ་ཅན་ཡང་དེར་མཚུངས་ལེགས་གྲུབ་བྱུང་བ་དང་བསྟུན་དེ་རིང་དགའ་དད་སྤྲོ་གསུམ་གྱི་ངང་ནས་སློབ་མཇུག་སྒྲིལ་བའི་དུས་བཟང་མཛད་སྒོ་བསྐྱང་རྒྱུ་བྱུང་བ་ནི། དགེ་སློབ་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་ངང་འབད་འབུངས་བྱས་པའི་བླ་མེད་ཀྱི་གྲུབ་འབྲས་ཤིག་ཡིན་པ་འདིས་བོད་ཀྱི་ལོ་གསར་ལ་འཚམས་འདྲི་ཞིག་ཞུའོ།། །།
འཛིན་གྲྭའི་དོ་དམ་པ་ཚེ་དབང་དོན་འགྲུབ་ཀྱིས། 2021/2/11

སྒྱུ་རྩལ་དང་རིག་གནས་ལ་དུང་བ་ཟབ་ཅིང་ཕ་ཡུལ་དང་མི་རིགས་ལ་དགའ་ཞེན་ཆེ། །
དཀའ་ཚེགས་དང་འགལ་རྐྱེན་ལ་གདོང་ལེན་ནུས་ཤིང་བརྩོན་འགྲུས་དང་ཡར་ཐོན་གྱི་སྒུལ་ཤུགས་ཆེ། །

ཕུགས་འདུན་དང་རེ་སྙེག་ལ་མདུན་སྐྱོད་ཀྱི་སྤོབས་སེམས་ལྡན་པས་འཚོ་གནས་ལ་སྤྲོ་སྣང་ཆེ། །
ཁྲིམས་ལ་བཀུར་ཞིང་ནང་མིར་བརྩེ་བས་ཡིད་ཆེས་དང་འཆམ་མཐུན་གྱི་ལྟ་བར་བརྩི་མཐོང་ཆེ། །



སྐབས་འདིར་དྲ་ཐོག་ཏུ་སློབ་མ་རྣམས་ཀྱིས་བྲིས་པའི་དཀྱིལ་འཁོར་དང་ཡིག་གཟུགས་རེ་རེ་བཞིན་འགོད་རྒྱུའི་ས་མིག་མེད་སྟབས་དཔེ་མཚོན་རེ་གཉིས་ཙམ་གྱིས་འཐུས་པར་བྱས་ཡོད་པས་སློབ་མ་རྣམས་ཀྱིས་དེ་ལུགས་ཐུགས་སྣང་གནང་གལ་ཆེ་ཞུ།