༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2021 ལོའི་ཟླ 4 ཚེས 17
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > དམངས་སྲོལ། > 1 རོང་བའི་དམངས་སྲོལ།
1 རོང་བའི་དམངས་སྲོལ།
སྐྱབས་རྗེ་བླ་མ་མཆོག་རིན་སྤུངས་དགོན་སོགས་ཁམས་སྡེ་དགེ་ཕེབས་པའི་གནས་བསྡུས།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2021-01-11] [གཟིགས་ཐེངས:]

 སྐྱབས་རྗེ་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་རིན་སྤུངས་

དགོན་སོགས་ཁམས་སྡེ་དགེ་དང་དཔལ་ཡུལ་དུ་

ཕེབས་པའི་གནས་བསྡུས།


1610361878666000.jpg

         མཁས་བཙུན་བཟང་པོའི་རྣམ་ཐར་འཆང་ཞིང་སྲིད་ན་མངོན་པར་འཕགས་ཤིང་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བ་ལ་གཞན་དྲིང་མི་འཇོག་པའི་ཁྱུང་པོ་སྟེང་ཆེན་དགོན་གྱི་བླ་རབས་ཉེར་བདུན་པ་ཚོགས་གཉིས་རྒྱ་མཚོ་ནོར་བུའམ་ཨ་ཤག་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་མཆོག  །ཁམས་རིན་སྤུངས་དགོན་གྱི་དབུ་བླ་མཆོག་སྤྲུལ་བཤད་སྒྲུབ་བསྟན་འཛིན་དང་རུ་བླ་དོན་གཡང་རྣམ་གཉིས་ཀྱིས་ལོ་མང་རིང་སྡེ་དགོན་གཉིས་ཀྱི་ཚབ་མཛད་ནས་ཞུས་པར་བརྟེན། ད་ལོ་རིན་སྤུངས་དགོན་པས་བདེ་འདུས་སྨན་སྒྲུབ་སྒྲུབ་ཆེན་འཚོགས་པ་དང་བསྟུན། ཉེར་ཆར་རྗེ་བླ་མ་མཆོག་ལྷ་ས་ནས་གེ་སར་གནམ་གྲུ་ཐང་དུ་ཕེབས་ཤིང་། དེ་ནས་སྡེ་དགེ་བརྒྱུད་ནས་རིན་སྤུངས་དགོན་དུ་ཆིབས་བསྒྱུར་མཛད།

1610361909533550.jpg

1610361984586986.jpg

1610362005277734.jpg

1610362026107800.jpg

        རིན་སྤུངས་མཆོག་སྤྲུལ་བཤད་སྒྲུབ་བསྟན་འཛིན་དང་རུ་བླ་དོན་གཡང་རྣམ་གཉིས་གཙོས་གྲྭ་བཙུན་རྣམས་དང་ལྷ་སྡེ་ཡོངས་ཀྱིས་ཆིབས་བསུ་ལྷ་མི་དགྱེས་པར་ཞུས་ཤིང་། སྔ་དྲོར་བླ་མ་མཆོག་བདེ་འདུས་སྨན་སྒྲུབ་ཆེན་མོའི་དབུ་བཞུགས་མཛད་དེ་བྱིན་འབེབས་སོགས་མཛད་པ་དང་། ཕྱི་དྲོ་དགོན་དེའི་བཤད་སྒྲུབ་འདུས་པ་ཡོངས་ལ་བླ་མ་མཆོག་ནས་བཀའ་སློབ་ཟབ་རྒྱས་གནངས། དེ་ནས་གྲྭ་བཙུན་སྡེ་དགོན་ཡོངས་ལ་ཤེས་རབ་སྨྲ་སེང་གི་བཀའ་དབང་བསྐུར་ཅིང་དབང་དམ་བསླབ་བྱ་ཚེ་འདི་ཕྱི་གཉིས་ལ་ཕན་པའི་ཞལ་གདམས་ལེགས་པར་སྩལ་བ་དང་། དབུ་བླ་མཆོག་སྤྲུལ་བཤད་སྒྲུབ་བསྟན་འཛིན་དང་རུ་བླ་དོན་གཡང་རྣམ་གཉིས་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དེབ་གཟུགས་རེ་དང་གཡུང་དྲུང་བོན་གྱི་ཞལ་ཐང་ཀུན་འདུས་ཆེན་མོ་རེ་ཕུལ་བ་དང་། འདུས་པ་ཡོངས་ལ་འགྱེད་དང་མང་ཇ་ལེགས་པར་བཏང་སྟེ་དགོན་དེར་ཞལ་འདེབས་སྒོར་མོ་ཁྲི་གཅིག་བཞག་པ་མཛད། དགོན་འདིའི་ཕྱོགས་ནི་རྒྱལ་སྲས་གོ་སྡེ་འཕགས་པའམ་གཤེན་སྲས་ལྷ་རྗེ་དང་གྲུབ་ཐོབ་ཤར་པ་རྣལ་འབྱོར། ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན་སོགས་བླ་ཆེན་སྐྱེས་ཆེན་དུ་མའི་གདན་ས་ཡིན།

1610362282603471.jpg

1610362301676615.jpg

1610362320104895.jpg

          དེ་ནས་དཔལ་ཡུལ་མདོ་སྨད་དབལ་ཟླ་ཁྱུང་གསུམ་གྱི་ནང་ཚན་ཁམས་ཟླ་ཁྱུང་དགོན་པའི་ལས་སྣེ་རྣམས་ཀྱིས་གདན་འདྲེན་ཞུས་པ་བཞིན་ཕེབས་ཏེ། དེར་ཡོད་ཀྱི་གྲྭ་བཙུན་རྣམས་དང་ལྷ་སྡེ་ཡོངས་ཀྱིས་བསུ་བ་ལེགས་པར་བྱས། དགོན་པའི་སྤྲུལ་སྐུ་མཆོག་ལ་རྒྱལ་བའི་བཀའ་འགྱུར་དེབ་གཟུགས་གཅིག་དང་ཞལ་ཐང་ཀུན་བཏུས་བཅས་ཕུལ་བ་མ་ཟད། དགོན་པར་ཞལ་འདེབས་སྒོར་ཁྲི་གཅིག་སྟོང་ལྔ་ཕུལ། གྲྭ་བཙུན་རྣམས་ལ་སྐུ་འགྱེད་མང་ཇ་ཕུལ་བ་དང་བླ་མ་མཆོག་ནས་སྡེ་དགོན་གཉིས་ལ་སྒྲིབ་སྦྱོང་མུན་སེལ་སྒྲོན་མེའི་བཀའ་དབང་བསྐུར། དབང་དམ་བསླབ་བྱ་དང་སྔོན་འགྲོ་འབུམ་དགུའི་ཁྲིད་ལུང་། སྙིང་པོའི་བཟླས་ལུང་སོགས་ཀྱི་ཁྲིད་ལུང་སྩལ། དགོན་དེ་ནི་བླ་མ་ནམ་མཁའི་ཐོག་བཟུང་དང་ཨ་ཟླ་ལྷ་བཙན་སོགས་ཟླ་ཁྱུང་བླ་རབས་རིམས་བྱོན་གྱི་གདན་ས་ཡིན་ཞིང་། ལོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ལྷ་ཁང་ལྡེབ་རིས་དག་རིག་གསར་སྐབས་འཐོར་ཞིག་ཏུ་མ་སོང་བའི་ལྡེབ་རིས་རྙིང་པ་མ་ཉམས་པར་མཇལ་རྒྱུ་ཡོད་འདུག།

1610362743375128.jpg

1610362769921336.jpg

1610362788440208.jpg

1610362854745084.jpg

1610362877455257.jpg

1610362960856194.jpg

1610362985464491.jpg

          དེ་རྗེས་བླ་མ་མཆོག་གཙུག་འོད་བླ་བྲང་གི་བླ་མ་དག་དབང་གིས་གདན་ཞུས་མཛད་ཅིང་དེར་ཕེབས་ནས་རབ་གནས་དང་ཐུགས་སྨོན་མཛད། དེ་ནས་འཛིང་ཞུ་ཚང་ཁ་རག་དགོན་པའི་དབུ་བླ་མཁན་རིན་པོ་ཆེ་ཀུན་དགའ་བློ་གྲོས་ཀྱིས་གདན་ཞུས་བཞིན་ཕེབས། གོང་གི་དབུ་བླ་མཆོག་དང་བླ་གྲྭ། དེ་བཞིན་ལྷ་སྡེ་ཡོངས་ཀྱིས་ཆིབས་བསུ་སེང་ཕྲེང་དད་གུས་ཆེན་པོས་བསུ་བ་ཞུས་ཤིང་། དེར་ཡོད་ཀྱི་གྲྭ་ཚང་རྣམས་ལ་མང་ཇ་དང་སྐུ་འགྱེད་ཕུལ། མཁན་པོ་མཆོག་ལ་བཀའ་འགྱུར་དེབ་གཟུགས་དང་ཞལ་ཐང་ཀུན་འདུས་སོགས་ཕུལ།  བླ་མ་མཆོག་ནས་བོན་འབྲེལ་དུ་སྙིང་པོ་རྣམ་གསུམ་བཟླས་ལུང་དང་། འབུམ་དགུའི་ཁྲིད་ལུང་མདོ་བསྡུས་སོགས་བོན་ཁྲིད་ལེགས་པར་མཛད། དེར་བླ་མ་མཆོག་གིས་དགོན་པར་ཞལ་འདེབས་དངུལ་སྒོར་ཁྲི་གཅིག་ཕུལ་བའོ།། དགོན་དེའི་ས་ཆ་ནི་ཡང་དག་གྲུབ་པའི་གནས་དགུའི་ནང་ཚན་ཁ་རག་གསང་ཕུག་ཡིན་ཞིང་། མདོ་སྨད་ཁ་རག་ཞུ་ཚང་གདུང་རབས་རིམ་བྱོན་གྱི་གདན་ས་ཡང་ཡིན། གཡས་ཕྱོགས་ཨ་ཐང་ཞེས་པ་རུ་གྱང་རལ་ཆེན་པོ་ཞིག་འདུག་པ་དང་། དེ་ནི་ཨ་ཐང་དགོན་པ་ཞེས་འགྲོ་མགོན་དམ་པ་རང་གྲོལ་དང་གྲུབ་ཐོབ་ཨ་ཐང་རྩྭ་གཟན་གཉིས་ཀྱི་གདན་ས་ཡིན། དམ་པ་རང་གྲོལ་གྱིས་རྒྱལ་མཆོག་ལི་བྱིན་ཧ་ར་དམ་ལ་བཏགས་ས་ཡང་ཡིན་ཞིང་། ད་ལྟར་གྱང་རལ་མ་གཏོགས་མེད། གཡས་ཕྱོགས་ལུང་པའི་ཕུ་ལ་གྲུབ་ཐོབ་ཨ་ཐང་རྩྭ་གཟན་འཁྲུངས་ས་ཡོད་པར་བཤད།

1610363102410998.jpg

1610363126693905.jpg

1610363142750232.jpg

1610363163739491.jpg

          དེ་ནས་ལྕང་ལུང་དགོན་དུ་གདན་ཞུས་བཞིན་ཕེབས་ཏེ་མཆོག་སྤྲུལ་རིག་དགའ་འམ་གཡུང་དྲུང་བསྟན་འཛིན་སེང་གེ་དང་མཁན་ཚེ་དབང་འགྱུར་མེད། མཁན་པོ་གཤེན་བསྟན་ཉི་མ་རྣམ་པ་གཙོས་གྲྭ་ཚང་ཡོངས་རྫོགས་ཀྱིས་སེར་ཕྲེང་དང་ལྷ་སྡེ་རྣམས་ཀྱིས་དར་བསུ་སོགས་མཛད། གྲྭ་ཚང་རྣམས་ལ་མང་ཇ་སྐུ་འགྱེད་ཕུལ། བོན་འབྲེལ་དུ་འབུམ་དགུའི་ཁྲིད་ལུང་དང་སྙིང་པོ་རྣམ་གསུམ་བཟླས་ལུང་དྲན་པའི་གསོལ་འདེབས་ལུང་སོགས་བསྩལ། ལྕང་དགོན་སྒྲུབ་གྲྭ་རྣམས་ལ་ལམ་རིམ་བློ་སྦྱོང་དགོས་ཚུལ་དང་བླ་མེད་རྫོགས་པ་ཆེན་པོའི་ཉམས་ལེན་སྐྱོང་ཚུལ་དད་པ་ལ་གཞི་གཏན་པོ་དགོས་ཚུལ་སོགས་ཞལ་གདམས་སྩལ། དགོན་དེ་ནི་ལྕང་ལུང་མཁས་བཙུན་རིང་མོ་དང་ལྕང་སྤྲུལ་གཡུང་དྲུང་བསྟན་རྒྱལ་སོགས་བླ་རབས་རིམ་བྱོན་གྱི་གདན་ས་ཡིན། དེར་བླ་མ་མཆོག་ནས་ཞལ་འདེབས་སྒོར་ཁྲི་གཅིག་ཕུལ་མཛད།

1610363271500945.jpg

          ཕྱི་ཉིན་བླ་མ་མཆོག་ཤར་བུ་འབོར་རི་ཁྲོད་ཀྱི་མདུན་ཁོང་གི་སློབ་མ་གཡུང་དྲུང་རིག་འཛིན་གྱི་སློབ་ཁང་དུ་ཕེབས་པ་དང་། དགེ་སློབ་ཡོངས་ཀྱིས་ཁ་བཏགས་དཀར་པོས་བསུ་བ་ལེགས་པར་བྱས་ཤིང་དད་ལྡན་རྣམས་ལ་སྙིང་པོའི་བཟླས་ལུང་དང་བཀའ་སློབ་སོགས་བསྩལ། དགེ་སློབ་ཀུན་ལ་འགྱེད་སྐལ་ཕུལ།  བུ་འབོར་རི་ཁྲོད་ནི་གྲུབ་ཐོབ་ཤར་པ་རྣལ་འབྱོར། བུ་འབོར་ཏོག་གི་རྒྱལ་མཚན། ཁྱུང་པོ་བློ་གྲོས་རྒྱལ་མཚན། ཤར་ཆུང་རིན་ཆེན་རྒྱལ་མཚན་སོགས་ཀྱི་སྒྲུབ་གནས་ཡིན། ད་ལྟ་ཡང་རྟོགས་ལྡན་དཀོན་མཆོག་སོགས་མཚམས་རྒྱུད་མ་ཆད་པ་བཞུགས་འདུག །གཡོན་ཕྱོགས་སུ་བུ་ལའི་མཆོད་རྟེན་དགུ་བརྩེགས་སམ་གཡུང་དྲུང་རྣམ་བཀོད་ཅེས་པ་ཡི་དམ་སྟག་ལའི་གནས་རི་ཡིན་པའི་ཤོད་སྲོལ་འདུག  །དེ་ནི་བྲག་རི་ཤིན་ཏུ་མཛེས་ལ་ལྷུན་ཆགས་པ་ཞིག་འདུག་གོ།


བསྟན་འཛིན་བྱེ་བའི་དབུས་སུ་འོད་ལྷང་ངེར།།

བསྟན་སྤེལ་འཕྲིན་ལས་རླབས་རྒྱུན་ཟེར་འབུམ་བཅས།།

བསྟན་དད་ལྷ་མིའི་མགོན་དུ་སྦྱིན་མཛད་རྗེ།།

བསྟན་རྒྱུན་སྲིད་མཐར་གནས་ཕྱིར་བརྟན་པར་ཧྲུན།།


༢༠༢༡/༡/༩/ཉིན།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།