༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > སློབ་གསོ། > 1 སྤྱི་ཚོགས་སློབ་གསོ།
1 སྤྱི་ཚོགས་སློབ་གསོ།
གསེར་གྱི་སྒྲོན་མེའི་འོད་སྣང་ལྷ་ལྡན་ཕྱོགས་སུ་སྤྲོས་པའི་གནས་བསྡུས།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2021-01-01] [རྩོམ་པ་པོ།:ཁྲ་གཡུང་རིན།] [གཟིགས་ཐེངས:]

1609511280382250.jpg


གང་འདུལ་དེ་སྟོན་འཕྲིན་ལས་ཡོངས་རྒྱས་ཤིང་།།

གང་མཛད་འགྲོ་ཀུན་བདེ་བའི་སྤྱོད་བཟང་ཅན།།

གང་མོས་སྣོད་དང་འཚམ་པར་གདམས་མཁས་པའི།།

གང་གིས་འགྲན་བྲལ་གསེར་གྱི་སྒྲོན་མེ་སྔགས།།


1609511453858247.jpg


དེ་ཡང་དུས་ཀྱི་སྟོན་པ་ཆེན་པོ་ ༧ སྐྱབས་རྗེ་ཨ་ཤག་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་མཆོག   བསྟན་ལ་ལྷག་བསམ་དུང་ལས་དཀར་ཞིང་སེམས་རྒྱུད་དད་མོས་ཀྱིས་ཡོངས་སུ་ཕྱུག་པའི་དབུས་ལྷ་ལྡན་ཉི་མའི་གྲོང་གི་སྦྱིན་པའི་བདག་པོ་སྦྲ་ཆེན་མངའ་ལ་ཕུན་ཚོགས་དང་གཉན་རོང་ཞང་ཞུང་བཟོད་པ།  སྦྲ་ཆེན་མགོ་ཤུལ་ཨོ་དགའ། སྦྲ་ཆེན་རྨེའུ་ལྷུན་གྲུབ་རྡོ་རྗེ། སྦྲ་ཆེན་གབ་ལྕག་ག་གསལ། སྦྲ་ཆེན་འབྲིང་རྒྱུད་གཡུང་དྲུང་འོད་ཟེར། འབྲི་རུ་རོ་ཚེ་རིང་ནོར་བུ། འབྲི་རུ་ཞུ་རྣམ་རྒྱལ་དབང་གྲགས། འབྲི་རུ་ཁ་ཧོ་ལྷ་རྒྱལ། སྟེང་ཆེན་ཨ་ཤག་སྟོབས་རྒྱལ། སྟེང་ཆེན་དོམ་ཚ་ཚེ་དབང་གཡང་རྒྱས།    ཨ་ཤག་བསམ་གྲུབ་ནོར་བུ།  ནང་མ་ཉི་མ། འབྲི་རུ་ཐུབ་བསྟན་ཉི་མ་སོགས་ཀྱིས་གདན་ཞུས་ལྟར་ཕེབས་ཏེ།  སྤྱིར་ལོ་༢༠༢༠ལོ་ཟླ༡༢པའི་ཚེས༢༥ནས་དབུ་བཙུགས་ཏེ་ཚེས༣༡བར་ཉིན་བདུན་གྱི་རིང་ལ་ཐེངས་བཅུ་པའི་ཨ་དཀར་འབུམ་སྒྲུབ་འཚོགས་མཛད་ཡོད་ལ།    ལོ་སྔོན་མ་ཅི་བཞིན་སྦྲ་ཆེན་དང་སྟེང་ཆེན། གཉན་རོང་། འབྲི་རུ།  ཚ་རོང་སོགས་ཕྱོགས་གང་ས་ནས་འཛོམས་པའི་དད་ལྡན་རྣམ་པ་དང་།  བླ་མ་སྟོན་འཁོར་ཡོངས་ནས་ཉིན་ལྟར་ཨ་དཀར་སྒོམ་བཟླ་ལ་བརྩོན་ཞིང་།   ཐུན་མཚམས་སུ་གདུལ་བྱ་གང་ལ་གང་མོས་ཀྱི་ཚུལ་དུ་སྔོན་འགྲོ་དང་འཕོ་རླུང་སོགས་ཀྱི་ཁྲིད་དང་སྐྱབས་འགྲོ། བསྙེན་སྙུང་། དགེ་བསྙེན་བཅས་ཀྱི་སྡོམ་པ་གནང་བ་དང་།    དེ་བཞིན་དགེ་སྒྲུབ་སྡིག་སྤང་གི་བསླབ་བྱ་གང་མང་མང་གསུངས་མཛད་པ་མ་ཟད།  ཕྱི་ཡི་གཙང་སྦྲ་འཕྲོད་བསྟེན། ནང་གི་བསམ་བློ་ཀུན་སྤྱོད་ཀྱི་སྐོར་ནས་རྒན་དར་གཞོན་གསུམ་ཚང་མའི་ལུས་སེམས་གཉིས་ཀྱི་བདེ་ཐང་མཐོར་འདེགས་གཏོང་ཐུབ་པའི་བསླབ་བྱ་དངོས་བྱུང་གཏམ་རྒྱུད་དཔེ་དང་སྦྲག་ནས་ཉན་སྤྲོ་བའི་བསླབ་བྱ་མི་ཉུང་བ་ཞིག་གནང་མཛད་ཡོད།  མདོར་ན་ཕྱི་མ་ལ་དགོས་པའི་དགེ་སྒྲུབ་སྡིག་སྤང་གི་སྐོར་དང་།   ཚེ་འདི་ལ་མཁོ་བའི་གཙང་སྦྲ་འཕྲོད་བསྟེན་གྱི་སྐོར་ནས་རྒྱལ་གཅེས་ཆོས་གཅེས་དང་ལྡན་པའི་བཀའ་སློབ་ལམ་སྟོན་ཟབ་ཅིང་རྒྱས་པ་གནང་མཛད་པ་དང་།  སྒྲུབ་པ་བསྐྱང་བའི་རིང་བླ་སློབ་ཡོངས་ཀྱིས་དཀར་ཟས་དང་གུང་ཚིགས་མཛད་ཅིང་།    རྗེ་བླ་མ་མཆོག་ནས་དེར་འདུས་པའི་དད་སྦྱིན་ཡོངས་རྫོགས་ལ་ཞལ་འདོན་གཅེས་བཏུས་དང་སྔོན་འགྲོ་བསགས་སྦྱོང་གི་སྐོར། ལེགས་བཤད་ཞལ་གདམ་བཅས་ཀྱི་དེབ་ཆུང་རེ་གནང་མཛད་པ་དང་།   གཙོ་བོའི་འགན་ཁུར་སྦྱིན་བདག་རྣམ་པས་ཨ་དཀར་སྒྲུབ་པ་འཚོགས་མཁན་ཡོངས་ལ་སྒྲུབ་པའི་རིང་ཉིན་ལྟར་གྱི་གསོལ་ཟས་ཕུལ་བ་མ་ཟད།   གེ་ཁོད་སྒྲུབ་གཞུང་དང་གཟུངས་སྒྲུབ་རྣམ་གསུམ་བཅས་ཀྱི་གསུང་པོད་རེ་ཕུལ་བ་དང་།  དད་སྦྱིན་རྣམ་པས་ཀྱང་བར་བར་ལ་འགྱེད་དང་མང་ཇ་སོགས་ཚོགས་བསགས་མཆོད་འབུལ་རྒྱ་ཆེར་གནངས་བའོ།།  རྗེས་བྱ་སྐབས་སུ་སྒྲིབ་སྦྱོང་མུན་སེལ་སྒྲོན་མ་དང་ཚེ་སྒྲུབ་སོགས་ཀྱི་བཀའ་དབང་གནང་བ་བཅས།  "ཡོན་བདག་དང་མཐུན་པར་བཅོས་སོ" གསུང་པ་ཇི་བཞིན་གང་ལ་གང་དགོས་ཀྱི་མཛད་པ་རླབས་ཆེན་བསྐྱངས་བ་སྟེ། འགོ་བཀྲ་ཤིས་ཤིང་མཇུག་དོན་ལེགས་པར་གྲུབ་པ་ལགས་སོ།།


 1609511475670530.jpg


སྙན་ཐོབ་ཆོ་ལོའི་མཐའ་ལ་མ་ལྷུང་ཞིང་།།

རྨོངས་ལས་མུན་ནག་ལག་སྙོབ་མ་ཡིན་པར།།

སྒོ་གསུམ་རྣམ་པར་དག་པའི་མཆོད་ཡོན་ཀུན།།

ཚེ་བསོད་དཔལ་གྲགས་དབྱར་མཚོ་ལྟར་འཕེལ་ཤོག།

 

ཅེས་ཁྲ་གཡུང་རིན་གྱིས་ལྷ་ལྡན་ཉི་མའི་གྲོང་ནས་བསྡུས་སོ།།  ༢༠༢༡/༡/༡




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།