
ལྡོང་མདོ་ཚེ་རིང་གཡང་འཕེལ་ཁོང་ནི(1921——2010)ཡབ་ལྡོང་མདོ་བསོད་ནམས་ཚེ་དབང་དང་ཡུམ་རྒྱ་བཟའ་གཡང་མཚོ་གཉིས་ཀྱི་སྲས་སུ་ཁྱུང་པོ་སྟེང་ཆེན་ཁྲ་ལུང་ཚུན་ནག་རུ་སྟོད་དུ་སྐྱེས། ཁོང་གི་ཡབ་དམ་པ་བསོད་ནམས་ཚེ་དབང་ནི་བར་ཆད་ཀྱི་རྐྱེན་པས་དགུང་ལོ་37ཙམ་ནས་ཚེ་ལས་འདས་ཤིང་། སྐབས་དེ་དུས་ལྡོང་མདོ་ཚེ་རིང་གཡང་འཕེལ་ཁོང་སྐུ་ན་ཧ་ཅང་ཕྲ་ཡང་། ཨ་མྱེ་ལྡོང་མདོ་འབུམ་དགས་གསོ་སྐྱོང་གནང་ཤིང་། དགུང་ལོ་7ཐོག་རིག་གནས་ཀྱི་རྨང་གཞི་ཡི་གེ་འབྲི་འདོན་བསླབས་ནས་ཚེགས་མེད་དུ་མཁྱེན། དགུང་ལོ་9ནས་རི་མོའི་རྨང་གཞི་ཐིག་དང་ཕྱག་ཚད་མཐར་ཕྱིན་པར་སྦྱངས་པ་མ་ཟད། བོད་ཀྱི་སྲོལ་རྒྱུན་རི་མོའམ་ལྷ་བྲིས་རི་མོར་ཤིན་ཏུ་མཁས་པར་གྱུར། ལྡོང་མདོ་ཚེ་རིང་གཡང་འཕེལ་ཁོང་གི་སྐུ་ཚེའི་སྟོད་དུ་བཅོས་བསྒྱུར་མ་བྱས་པའི་སྔོན་ཙམ་ནས་བཤད་ན་ནག་སྟོད་གྲོང་ཚོ་དེ་ག་རང་དུ་ལྷ་བྲིས་རི་མོར་བྱང་ཆུབ་པའི་ཁོང་གི་དགེ་ཕྲུག་ཚད་ལྡན་གྱི་ལྷ་བྲིས་པ་བཅུ་ཕྲག་ཁ་ཤས་གསོ་སྐྱོང་གནང་ཞིང་། ཁོང་གཙོས་པའི་ཁྱུང་ཡུལ་གྱི་ལྷ་བཟོ་ཚོགས་པ་རྣམས། ཧོར་ཚོ་ཁག་དང་། དབུས་གཙང་སྟོད་སྨད། དེ་བཞིན་ཁྱུང་ཡུལ་སྟོད་སྨད་བར་གསུམ་གྱི་ལྷ་སྡེ་དཔོན་ཁག་ཁག་ཚོའི་ལྷ་ཁང་གི་ལྡེབས་རིས་དང་། ཤིང་ཚོན་རི་མོ། ཐང་སྐུ་སོགས་ལྡོང་མདོའི་ལྷ་རྒྱུད་འཛིན་པའི་དགེ་སློབ་ཚོས་འབྲི་བཞེངས་མ་གནང་ས་མེད་པ་ལྟ་བུ་ཆགས་ཡོད། དེ་ཡང་རིག་གསར་གོང་དུ་ཀོ་རྒྱལ་དགོན་ལ་ལྷ་བཟོ་བཞི་བཅུ་ལྷག་ཙམ་གྱིས་རྣམ་རྒྱལ་ལྷ་ཁང་གི་ལྡེབས་རིས་འབྲི་སྐབས་ཚེ་རིང་གཡང་འཕེལ་ཁོང་ལོ་ན་བཅུ་བདུན་ཙམ་ལས་མ་སོང་ཡང་། རི་མོའི་འབྲི་རྩལ་ལ་ཤིན་ཏུ་བྱང་ཆ་ལྡན་པ་མ་ཟད་ཀུན་གྱི་སྨོན་ཡུལ་དུ་གྱུར་ཏེ། སྐབས་དེར་ཀོ་དགོན་བླ་འཁོར་རྣམས་ཀྱིས་དབུ་མཛད་ཀྱི་གོ་གནས་ལ་བསྐོ་བཞག་གནང་། རྣམ་རྒྱལ་ལྷ་ཁང་གི་ལྡེབས་རིས་འབྲི་བའི་སྐབས་སུ་གཙོ་ལྷ་ཐོག་བརྩེགས་ཅན་ཞིག་དཀྱིལ་ཐིག་ཙམ་ལས་མ་བརྒྱབ་པར། བྲིས་མཛད་པས། ཐིག་ཕྱག་ཚད་དང་རི་མོའི་ལྷུ་ལྡེམ་མཉེན་སོགས་ཁོང་དུ་ཆུད་ཡོད་སྟབས་ལྷ་སྐུ་ཕྱག་ཚད་ལྡན་ཞིང་མཇལ་བ་ཙམ་གྱི་དད་པའི་སྤུ་ལོང་གཡོ་ནུས་པའི་ལྷ་སྐུ་ལྟ་ན་སྡུག་པ་ཞིག་གྲུབ་པ་སོགས། ངོ་མཚར་བའི་གཏམ་རྒྱུད་མང་པོ་བཤད་རྒྱུ་ཡོད། གཡུང་དྲུང་དཔལ་རི་དགོན་དུ་འདུ་ཁང་ནང་དུ་ལྡེབས་རིས་འབྲི་སྐབས་ཁོང་དང་། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་གཙོས་པའི་ལྷ་བཟོ་དྲུག་ཅུ་རེ་གཅིག་གིས་འདུ་ཁང་གི་ལྡེབས་རིས་འབྲི་བཞེངས་བྱས། དེ་བཞིན་མཐོང་གྲོལ་རི་ཁྲོད་དགོན་དང་། སྨོན་རྒྱལ་བླ་བྲང་། ཨ་བྲག་ཆབ་མདོ་དགོན་སོགས་སུ་ཕྱག་རྗེས་དུ་མ་བཞག་ཅིང་། ད་དུང་དམངས་གཙོ་བཅོས་བསྒྱུར་མ་གཏོང་སྔོན་ལ་ཚེ་རིང་གཡང་འཕེལ་གྱིས་ལྷ་བཟོ་ཉེར་བརྒྱད་ཁྲིད་ནས་རྩེ་དྲུག་དགོན་དུ་འདུ་ཁང་གི་ལྡེབས་རིས་སུ་སྟོན་པའི་མཛད་པ་རྣམས་ཁག་བཞེངས་ཤིང་། དབྱར་ལོ་གཅིག་གི་སྐུ་ཡོན་གང་ཡོད་པ་དག་ཞལ་འདེབས་ཕུལ་ཏེ་རྩེ་དགོན་དབུ་བླ་གར་དབང་རྣམ་རྒྱལ་གཙོས་བླ་གྲྭ་ཐུན་མོང་གིས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་བཏོར།
སྤྱི་ལོ་1966ལོའི་ཟླ་བ་5པ་ནས་རིག་གནས་གསར་བརྗེ་ཆེན་མོ་མགོ་བརྩམས་པས་རི་མོའམ་ཐང་སྐུ་འབྲི་མཚམས་ཆད། མི་ལོ་ཉི་ཤུ་ལ་ངལ་རྩོལ་བསྒྱུར་བཀོད་བྱས་ཏེ་སྒེར་ཚབས་ཀྱི་ཞྭ་མོ་གཡོགས། 1979ལོར་གྲལ་རིམ་གྱི་ཞྭ་མོ་ཕུད་ནས་འདྲ་མཉམ་གྱིས་དམངས་ཀྱི་འཚོ་བ་རོལ། དེ་རྗེས་ལྷ་ས་དང་ཆབ་མདོ་བཅས་ལ་ཕྱིན་ནས་སླར་ཡང་རི་མོའི་སྒྱུ་རྩལ་གྱི་ལས་ལ་འབད་པ་ལྷོད་མེད་གནང་ཏེ། སྤྱི་ལོ་1981ལོར་བོད་རང་སྐྱོང་ལྗོངས་ཀྱི་ཐེངས་དང་པོའི་རྩོམ་རིག་སྒྱུ་རྩལ་ཚོགས་འདུ་ཚོགས་པ་དང་། ཚོགས་འདུའི་སྟེང་ཨ་མདོ་བྱམས་པ་སྐབས་དང་པོའི་བོད་ལྗོངས་ཀྱི་རི་མོ་བའི་འཐུན་ཚོགས་ཀྱི་ཀྲུའུ་ཞིར་བདམས། དེ་དུས་ལྡོང་མདོ་དབུ་མཛད་ཆེན་མོ་ཚེ་རིང་གཡང་འཕེལ་ཁོང་ཡང་སྐུ་ཚེ་སྨད་ལ་སྤྱི་ལོ་1980ལོར་ཆབ་མདོ་ས་ཁུལ་རིག་གནས་ཅུས་ལ་ཕྱག་ལས་གནང་བ་དང་། གོ་རིམ་གྱི་སྒྲིག་བཀོད་ལྟར། ལྷ་སར་ལྗོངས་ཡོངས་ཀྱི་ལྷ་རིས་མཁས་ཅན་གྱི་འགྲན་རྩོད་ནང་ཞུགས་ཏེ་ཨང་དང་པོ་ཆབ་མདོའི་དབུ་མཛད་ཆེན་མོ་ཞེས་ཨ་མདོ་བྱམས་པས་མཚན་སྙན་གསོལ། ཆབ་མདོ་རིག་གནས་ཅུས་ལ་གཞུང་དོན་བསྒྲུབས་ཞོར་སློབ་ཚོགས་དུ་མ་གསོ་སྐྱོང་གནང་ཡོད་པ་ཐམས་ཅད་དེང་དུས་བོད་མདོ་དབུས་ཁམས་གསུམ་གང་སར་སྐད་གྲགས་ཆོད་པའི་རི་མོའི་སྒྱུ་རྩལ་པ་ཤ་སྟག་གྱུར་ཡོད། དེ་བཞིན་སྤྱི་ལོ་2003ལོའི་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་ཐུགས་དགོངས་ལྟར་ཁྱུང་ཡུལ་དུ་རི་མོའི་སློབ་གྲྭ་དབུ་ཚུགས་ཡོད་པ་དང་ཁོང་གིས་སློབ་མ་རྣམས་ལ་བཀའ་སློབ་གནང་དོན་མ་འོངས་པ་ཁྱེད་ཚོས་ཀྱང་སློབ་མ་བསྐྱང་དགོས་ལ། བོན་གྱི་ཐང་ག་འདི་ཐུན་མོང་མ་ཡིན་པའི་བྲིས་རྒྱུན་ཞིག་ཡིན་པས། ངེས་པར་དུ་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བཟོ་དགོས་ཚུལ་སོགས་གསུངས། མཐར་སྤྱི་ལོ2010ལོའི་ཟླ4པའི་ཚེས་13ཉིན་བོད་དུ་མིང་དུ་གྲགས་པའི་རི་མོ་བ་ཆེན་མོ་ལྡོང་མདོ་ཚེ་རིང་གཡང་འཕེལ་སྐུ་མྱ་ངན་ལས་འདས་སོ།། དབལ་ཁྱུང་བསོད་ནམས་ཀྱིས།
