ཁོང་ནི་ཡབ་བསེ་པ་ཚེ་རིང་དབང་གྲགས་དང་ཡུམ་ཚེ་གཡང་གཉིས་ཀྱི་སྲས་སུ་1963ལོར་ཁྲ་ལུང་ཤང་དུ་སྐུ་འཁྲུངས་ཤིང་། མིང་ལ་བསེ་པ་དབང་འདུས་བཀྲ་ཤིས་ཞེས་བཏགས།1970ལོར་རུ་ཁག་སློབ་གྲྭ་དང་ཁྲ་ལུང་ཤང་སློབ་ཆུང་རིམ་པར་འགྲིམས། 1971ལོ་སྟེ་རང་ལོ་བཅུ་གཉིས་ནས་མི་དམངས་ཀུང་ཧྲེའི་ལས་ཞོར་དྲིལ་བསྒྲགས་རུ་ཁག་ལ་ཞུགས་ཏེ། ཁྲེན་ཀོན་ཆུས་དང་ཤང་སོགས་ཀྱི་བྲོ་གར་སྒྱུ་རྩལ་ཐོག་ལ་ལོ་དྲུག་ཙམ་དཀའ་སྤྱད་འབད་བརྩོན་བྱས་མཐར། རང་ལོ་བཅུ་དགུའི་ཐོག་ལུས་ལ་ན་ཚ་དྲག་པོས་མནར་ཞིང་། ངལ་རྩོལ་གྱི་ནུས་ཤུགས་དང་། ལང་ཚོ་དར་སྨིན་གྱི་རེ་བ་གང་ཡང་མེད་པའི་དབང་པོ་སྐྱོན་ཅན་དུ་ཆགས་སོང་། ཡིན་ཡང་། མི་ཞིག་ཡིན་ཕྱིར། རིན་ཆེན་ཚེ་སྲོག་འདི་མ་ཤོར་ན། ཚེ་མཇུག་སྐྱེལ་བའི་ཐབས་ཤེས་ཤིག་བཙལ་དགོས་ཤིང་། ལས་དབང་ངན་པའི་འོག་ཏུ་མགོ་བོ་མ་སྒུར་བར། རི་མོ་སོགས་འབྲི་རྒྱུའི་གོ་སྐབས་བཙལ་བ་ཡིན། དེའི་སྐབས་ང་ཚོ་ཁྱུང་ཡུལ་སྟོད་སྨད་གང་སར་མཁས་བཙུན་བཟང་གསུམ་དང་། སྒྱུ་རྩལ་གསོ་རིག བཅའ་བཟོ་གཏོ་བཅོས། གྱེར་དབྱངས་འདོན་རྡུང་། དག་སྙན་རྩིས་སོགས། རིག་གནས་ཀུན་ལ་ཁྱད་དུ་འཕགས་པའི་ཤེས་བྱའི་བང་མཛོད་མཆིས་ཀྱང་། ཤེས་རབ་དགེ་ལེགས་རིན་པོ་ཆེའི་བཀའ་བགོས་ལྟར། ཁྱོད་ཀྱི་རང་གཞན་ཀུན་ལ་ཕན་ཐོགས་ཆེ་བའི་ལག་ཤེས་ཤིག་སྦྱང་འདོད་ཡོད་ན། ཤིང་པར་བརྐོ་རྒྱུའི་ལག་རྩལ་འདི་བྱང་ཆུབ་པར་ཞིག་སྦྱང་ན། འདི་ནི་གོང་གི་བླ་སྡེ་དགོན་ཁག་དང་། འོག་གི་མི་སེར་མང་ཚོགས་ཚང་མ་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཆེ་བའི་ལག་རྩལ་གལ་ཆེན་ཞིག་ཡིན་པས། འདི་ཤེས་ཐུབ་ན་རང་གཞན་ཀུན་ལ་ཕན་པ་ཆེ་ཚུལ་སོགས་ཞལ་ཏ་ནན་པོར་མཛད་དེ། དེ་ནས་བཟུང་ངས་མི་ཚེའི་ཕུལ་བྱུང་གི་པར་ཤིང་ལག་རྩལ་མཐའ་འཁྱོང་བ་ཞིག་སྦྱོང་རྒྱུ་སེམས་ཐག་བཅད་ནས། རང་ལོ་༢༡ནས་བློ་རྩེ་གཅིག་ཏུ་གཏད་དེ་སྦྱངས་པ་ཡིན། ཤིང་པར་བརྐོ་རྒྱུ་ལ་ཕུལ་བྱུང་ཞིག་སྦྱོང་དགོས་ན། སྔོན་ལ་པར་རྩ་རང་གིས་འབྲི་ཤེས་པ་དང་། ཐ་ན་པར་ཤིང་གཞོག་རྒྱུ་བཅས་རང་རྐྱ་ཐུབ་པ་ཆ་ཚང་སྦྱོང་དགོས་ལ། དེ་བཞིན་གསུང་རབ་ཞལ་བཀོད་སོགས་རྟོགས་ཐུབ་པ་ཞིག་དགོས། འདི་འདྲའི་སྣ་མང་རིག་གནས་ཕུལ་བྱུང་ཞིག་སྦྱོང་བ་ལ་དཀའ་ངལ་མི་ཉུང་བ་འཕྲད་སྲིད་ཡང་། རང་ཉིད་ཀྱིས་བརྩོན་འགྲུས་ཆེན་པོས་བཟོད་བསྲན་ཡུན་རིང་བྱས་ཏེ། མི་ལོ་སུམ་ཅུ་སོ་བདུན་རིང་རྒྱུན་འཁྱོངས་བྱས་པའི་ད་ལྟའི་གྲུབ་འབྲས་འདི་ཐོབ་སོང་། སྤྱིར་པར་རྐོ་རིག་གནས་འདི་སྔོན་མའི་རིག་གནས་ཡིན་པ་དང་། ལོ་རྒྱུས་ཡུན་རིང་བ། གདོད་མའི་སྲིད་པའི་བོན་ལྷ་གསོལ་འདྲེ་བཀར་ཡུག་ཕུད་གཏོ་བཅོས་དམར་མཆོད་འབུལ་བའི་སྲོལ་དེ་རྣམ་མཁྱེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་ནས་གཡུང་དྲུང་བོན་སྲོལ་བཏོད་དེ། དམར་མཆོད་ཚབ་ཏུ་ཟན་གྱི་མི་ནོར་ཡུལ་མཁར་དང་། བྱ་གཅན་རི་གཡང་། གཡང་ལུག་ར་སོགས་མཆོད་པ་འབུལ་བའི་སྲོལ་བཏོད་ནས། བཅའ་འདོན་ལའང་། ཆ་ཚང་མཛད་པ་བཟང་པོ་བཅོས་སྐྱོང་མཛད་ནས་ད་བར་རིག་གནས་འདི་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་གཅིག་དང་། བོད་རང་གི་རང་ལུགས་འཁྲུལ་མེད་གཅིག་ཡིན། ཡིན་ཡང་། རིག་གནས་གསར་བརྗེའི་དུས་རིག་གནས་འདི་ཉམས་རྒུད་ཆེན་པོ་སོང་སྟེ། གཅིག་ནས་པར་རྐོ་རྒན་རབས་བཞུགས་མེད་པ་དང་། གཉིས་ནས་སྔོན་མའི་བརྐོས་ཟིན་པའི་པར་ཤིང་ཉུང་ཤས་ཙམ་ལས་ཉར་ཚགས་ཐུབ་མེད་ཅིང་། གསུམ་ནས་པར་རྩའི་རི་མོ་འདི་འབྲི་ལུགས་པར་གཟུགས་གཡས་གཡོན་དང་། སྒང་གཤོང་འབུར་མཉེན་སོགས། རི་མོའི་ཁྱད་བོན་སོགས་ཞིབ་ཕྲ་བརྐོ་དགོས་པས། དཀའ་ངལ་ཕྲད་ཀྱང་ཡིད་ཐང་མ་ཆད་པ་དང་། ལྷོད་གཡེང་ཆད་ནས་རང་གར་གནས་མ་བསྡད་པར། ད་ལྟའི་བར་དུ་རྒྱུད་བསྐྱངས་པ་ཡིན། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་ཁྱུང་ཡུལ་དུ་ཞབས་འཁོད་སྐབས། གུས་རང་ཉིད་རྐང་ལག་སྟབས་བདེ་མེད་ཀྱང་། རིན་པོ་ཆེ་སྐུ་དངོས་སུ་གུས་པའི་ཁྱིམ་ལ་ཕེབས་པའི་ཚེ། རིན་པོ་ཆེ་ལ་གཏོ་པར་སྤྱན་བསྟར་ཞུས་པས། རིན་པོ་ཆེས་བསྟོད་བསྔགས་ཚད་མེད་གནང་བྱུང་ལ། བོན་པོ་ཡོངས་ནས་ཁྱེད་ལས་ལྷག་པའི་གཏོ་པར་རྐོ་མཁན་མེད་པས། ངེས་པར་དུ་རྒྱུད་འཛིན་དགོས། བོད་ཀྱི་རིག་གནས་འདི་རྩ་ཆེན་ཡིན་པས། བདག་གཅེས་བཟོ་དགོས་སོགས་བཀའ་བསླབ་མང་པོ་གནང་བྱུང་། སྔོན་མའི་པར་ཤིང་མེད་པའི་བོན་ལུགས་ལ་དགོས་མཁོ་ཆེ་བའི་པར་ཤིང་བརྐོ་དགོས་ལུགས་ཀྱི་ཞལ་བཀོད་དང་། རིན་པོ་ཆེ་ཁོང་ལ་ཡང་དགོས་མཁོ་ཆེ་བའི་པར་ཤིང་བརྐོ་དགོས་གསུངས་ཤིང་། པར་རྐོ་རིག་གནས་འདི་རྗེས་སུ་རྒྱུད་འཛིན་འཐོབ་པ་བྱ་དགོས་ཞེས་བཀའ་བསླབ་མང་དག་ཅིག་གནང་བྱུང་། དེ་བཞིན། རང་རེའི་ཁྱུང་ཡུལ་གྱི་དགོན་སྡེ་ཁག་ཏུ་དེ་སྔོན་མེད་པའི་ཟན་པར་རིགས་དང་གཏོ་རིམ་ཆེ་གྲལ་བཅའ་སྤྱད། གཏོ་ནག་རིགས་སོགས། ས་སྙིང་། ཁོད་པོ་གཏད་སྤྲུག། འཁྲུག་བཅོས་ཉེ་ལམ་སྡེ་བཞི། མཁའ་ཀློང་གསང་མདོས་སོགས། མདོར་ན། དགོན་སྡེ་ཁག་གིས་གང་དགོས་ཞལ་བཀོད་གནང་ལྟར་རང་ནུས་གང་ཡོད་ཀྱིས་བརྐོས་ཡོད་པས། ཚུར་རང་ལ་ཡང་གང་ཅིའི་ཐད་ནས་བླ་གྲྭ་དང་མི་དམངས་རྣམས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་ཡག་པོ་གནངས་བྱུང་། ད་དུང་། ཁོང་གིས་བརྐོས་པའི་གཏོ་ཤིང་འགའ་ནི་བོད་ཡུལ་ཙམ་མ་ཟད། ཕྱིའི་རྒྱ་ཁབ་ཀྱི་བཤམས་སྟོན་ཁང་འགའ་ནས་ཀྱང་མཇལ་རྒྱུ་ཡོད། ཡིན་ཡང་། རང་གི་ལུས་དང་འཚོ་བའི་ཆ་རྐྱེན་ཞན་པའི་རྐྱེན་གྱིས། ཕ་ཡུལ་དུ་རིག་གནས་འདི་སློབ་སའི་སློབ་གྲྭ་ཞིག་ནི་བཙུགས་མ་ཐུབ་པས། གུས་རང་ཉིད་ལ་པར་རྐོའི་སློབ་གྲྭ་འཛུགས་རྒྱུའི་ལོ་རྒྱུས་འབྲི་རྒྱུ་མེད་ན་ཡང་། པར་བརྐོ་བའི་ཞོར་དུ་སློབ་གྲྭར་འགྲོ་བའི་གོ་སྐབས་མ་ལྡན་པའི་ན་ཆུང་བྱིས་པ་དག་ལ་ཀ་མེད་སུམ་ཅུ་ནས་འགོ་བཙུགས་ཤིང་། མཐར་ཕྲུ་གུ་ཚོར་བོད་ཡིག་རྨང་གཞི་བརྟན་པོར་མ་འགྱུར་བར་དུ་བསླབས་པ་ཡིན་ཞིང་། མི་ལོ་དུ་མའི་རིང་ལ་སྦྱོང་འདོད་ཡོད་མཁན་ཚང་མ་ལ་སློབ་ཡོན་དང་ཆ་རྐྱེན་གང་ཡང་མི་དགོས་པའི་ཐོག་ནས་མཐོ་དམན་ལ་མ་ལྟོས་པ་ཚང་མ་ལ་སློབ་བཞིན་ཡོད། དེའི་ཁྲོད་ད་ལྟའི་ཆ་ལ་ཆོས་ཡིག་འདོན་རྗེས་དུས་མཁན་མང་པོ་ཡོད་ལ། དེ་བཞིན་སློབ་གྲྭའི་གུང་གསེང་རིང་སྦྱོང་འདོད་ཡོད་པ་ཚོར་བོད་ཡིག་འབྲི་ཀློག་གང་ཅིའི་ཐད་ལ་ཞབས་ཕྱི་སྒྲུབ་བཞིན་ཡོད་པ་བཅས་སོ། །
ཁོང་གིས་གསུངས་པར་ཇི་བཞིན་དབལ་ཁྱུང་བསོད་ནམས་ཀྱིས་ཡིག་ཐོག་ཏུ་ཕབ།