
བསྟན་སྦྱིན་ལྷག་བསམ་ཅན་གྱིས་བསྐུལ་བའི་ངོར།།
གཞན་དོན་གཟིགས་དགོངས་མཐོ་བའི་བླ་མ་ཡིས།།
ལྷ་སྔགས་བཟླས་བརྗོད་དབྱངས་ཀྱིས་གཞི་བཏིངས་ཤིང་།།
དགེ་བསྐུལ་བོན་གདམས་ཆར་དུ་བསྙིལ་འདི་རྨད།།
ཉེ་བའི་ཆར་སྦྲ་ཆེན་ཁྲོམ་ཚང་འགག་སྒོང་གི་བསྟན་སྦྱིན་ཆེན་མོ་གེ་ལྕག་ཚང་གིས་གདན་ཞུས་སྣེ་ལེན་དང་གྲ་སྒྲིག་འོག ༧ སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་མཆོག་ཚོགས་ཀྱི་དབུ་མགོན་དུ་བཞུགས་ཤིང་། འཁོར་གྱི་གྲྭ་ཚུལ་ཁྲིམས་རབ་བརྟན་དང་ཚུལ་ཁྲིམས་འབྱུང་གནས། ཞབས་ཕྱི་གཡུང་དྲུང་མཆོག་ལྡན་སོགས་གཙོས་པའི་འགག་སྒོང་གི་ལྷ་སྡེ་མང་ཚོགས་སྤྱི་ནས༢༠༢༠/༡༡/༡༡ཉིན་དབུ་བཟུང་སྟེ་འདི་ཟླའི་ཚེས་༡༧བར་དུས་ཡུན་ཉིན་བདུན་གྱི་རིང་ཨ་དཀར་འབུམ་སྒྲུབ་འཚོགས་ཡོད་ཅིང་། དེ་ཡང་སྔར་རྒྱུན་བཞིན་སྒོམ་བཟླའི་ཐུན་བར་རྣམས་སུ་རྗེ་བླ་མ་མཆོག་ནས་དད་ལྡན་རྣམས་ལ་ཕན་རླབས་ཆེ་ཞིང་གནད་ལ་སྨིན་པའི་དགེ་སྒྲུབ་སྡིག་སྤོང་དང་། གཙང་སྦྲ་འཕྲོད་བསྟེན་སོགས་དུས་སུ་འདོམས་པའི་བསླབ་བྱ་དང་། བོན་གདམས་ཀྱི་ཆར་རྒྱུན་བསྙིལ་ཏེ། དད་ལྡན་རྣམས་བྱིན་རླབས་ཀྱིས་སེམས་རྒྱུད་བརླན་པར་བྱས་པ་བཅས་ཀྱི་དགེ་བསྐུལ་མཛད་འཕྲིན་རྒྱ་ཆེར་བསྐྱངས་མཐར་ཁ་དགེ་བཀྲ་ཤིས་ངང་སླར་ཡང་གཞིས་དགོན་དུ་ཞབས་སོར་འཁོད་པ་བཅས་ཀྱི་གནས་བསྡུས་སུ་ལི་ཁྲི་ཐིགས་པ་འབོད་པ་དེས་བསྡུས་སོ།།





སྨྲས་པ། བླ་མ་བཟང་པོ་གར་ཕེབས་སར།།
བསླབ་གདམས་ཆར་གྱིས་སེམས་ཅན་གསོ།།
ལྷ་བྱ་ཁུ་བྱུག་གར་སླེབས་སར།།
གཞན་གསོས་དབྱངས་ཀྱིས་རྣ་དབང་གསོ།།
༢༠༢༠/༡༡/༡༨