
སྔོན་འགྲོའི་གཏམ།
ལོ་དེབォབོན་གཤེན་བསྭོ་སྒྲサའདོན་ཐེངས་དགུ་པ་འདི་ཉིད་ཀློག་པ་པོ་རྣམས་ཀྱི་གཟིགས་མོར་འབུལ་བའི་སྐབས་འདིར་ངེད་རྩོམ་སྒྲིག་ཁང་གིས་སྤུན་ཟླ་ཡོངས་ལ་འཚམས་འདྲི་ཞུ་བ་དང་དུས་མཚུངས། འདིར་ཞུ་བར་བྱ་བ་ནི། ལོ་དེབ་འདི་ཉིད་༢༠༡༡ལོ་ནས་འགོ་བཟུང་སྟེ་ད་བར་དུ་ལོ་ངོ་དགུ་ཡི་རིང་ལ་རྒྱུན་འཁྱོངས་བྱས་ནས་བཏོན་ཡོད་ཅིང་། ནང་གི་སྒྲིག་བཀོད་ཀྱི་ཆ་ནས་ཐོག་མའི་རྩོམ་ལུས་མ་འདྲ་བ་ཁག་ལྔ་ལས་རྗེས་སུ་ལྷུག་རྩོམ་གྱི་སྡེ་ཚན་ཁ་སྣོན་བརྒྱབ་པ་རེད་ལ། ཕྱི་ཤོག་ཇུས་འགོད་ཀྱི་ཐད་ནས་ཐོག་མའི་ཆར་གཡུང་དྲུང་བོན་ལུགས་ཀྱི་འདུལ་བའི་མཚོན་རྟགས་སྔོ་དམར་སེར་གསུམ་མཚོན་དོན་བཟུང་སྟེ་ལོ་རེ་བཞིན་བསྟར་གྱི་བསྒྱུར་བ་ལས་གཞན་གཏན་ཆགས་ཆེར་མེད་ཀྱང་། དུས་མཚམས་ཤིག་ནས་ལོ་དེབ་ཉིད་ཀྱི་རང་གཤིས་འཛིན་པའི་སླད་དུ་སྔོ་དམར་སེར་གསུམ་མཚོན་དོན་བཟུང་ཐོག་འགྱུར་བ་ཆེར་མ་བཏང་བར་རྩ་བའི་འཆར་འགོད་གཅིག་གི་ཐོག་ནས་རྒྱུན་འཁྱོངས་བྱས་ཡོད།
ལྷག་ཏུ་ད་ལོའི་ལོ་དེབ་ཀྱི་ཕྱིའི་ཇུས་འགོད་དང་ནང་གི་སྒྲིག་སྟངས་སོགས་གང་ཐད་ནས་རང་གི་ཁྱད་བོན་མ་ཉམས་པ་བྱས་རྟིང་དུས་རབས་ཀྱི་ཉེ་སར་བཅར་གང་ཐུབ་བྱས་ཏེ། འཛམ་གླིང་ལོ་དེབ་ཀྱི་མདུན་གྲལ་ལ་བསྙེག་པའི་ཤེས་འཇོན་མེད་ཀྱང་། ང་ཚོས་ཁོར་ཡུག་ཅིག་གི་ནུས་ཚོད་ཀྱི་འགན་འཁྲི་བླངས་ཏེ། ལོ་དེབ་ཀྱི་ཕྱི་ནང་གཉི་ཀ་ནས་ཚག་དམ་པ་དང་གཟིགས་བདེ་བ། མཐོང་དོད་པ། མཚོན་དོན་ལྡན་པ། དགོས་མེད་ཀྱི་རི་མོ་རྣམས་སྤངས་ཏེ་མདོར་ན་བདེན་དགེ་མཛེས་གསུམ་གྱི་ཕྱོགས་ལ་ཉེ་བར་བཅར་གང་ཐུབ་བྱས་ཡོད།
ཞོར་དུ་ཞུ་རྒྱུར། ད་ཐེངས་ངེད་རྩོམ་སྒྲིག་ཁང་ལ་བསྐུར་བའི་རྩོམ་ཡིག་མང་པོ་ཞིག་རྒྱུ་རྐྱེན་དུ་མའི་དབང་གིས་ཐེངས་འདིའི་ལོ་དེབ་ཐོག་ཏུ་འགོད་ཐུབ་མ་སོང་བས་དགོངས་འགལ་མེད་པ་མཛོད་ཅིག །དེ་ཡང་ང་ཚོས་ཐེངས་རྗེས་མའི་ཐོག་ཏུ་འགོད་ཐུབ་པའི་འབད་བརྩོན་ཞུ་རྒྱུ་དང་བཅས། བོད་ཡིག་གི་ཀློག་པ་པོ་དང་རྩོམ་པ་པོ། སྦྱིན་བདག་ལྷན་རྒྱས་ཀྱིས་ད་བར་དུ་ངེད་བོན་གཤེན་བསྭོ་སྒྲ་ཚང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། མཐར་ཡང་བོད་སྐད་ཡིག་གི་བསྟན་པ་སྔར་ལས་རྒྱས་ཤིང་འཕེལ་བའི་སྨོན་འདུན་ཞུའོ།།
རྩོམ་སྒྲིག་པ་ཁ་བ་ནས།


