
བོན་སྨྱུག་འཛིན་ནས།
མཆེད་མོ་ལགས། ཁམས་བཟང་། དེ་རིང་ངེད་ཅག་སློབ་གླིང་ནས་དངོས་སུ་གུང་སེང་གི་ཉིན་མོ་ཡིན་པས། ཅུང་དལ་ཁོམ་འདྲ་བྱུང་སོང་བས་བཙུན་མའི་སྣང་བརྙན་སྐོར་ནས་དྲི་བ་ཁ་ཤས་ཤིག་དྲི་བར་འདོད་པས། ཁྱེད་ལ་དུས་ཚོད་ཡོད་དམ།
ཞང་རིགས་སྨྲ། ལན།
བཟང་བཟང་། དུས་ཚོད་ཡོད་ད་ཡོད། རང་གི་ཤེས་ཚོད་ལན་འབུལ་འདོད་ཧ་ཅང་ཆེ། ཁྱེད་ཀྱིས་བཙུན་མའི་སྣང་བརྙན་སྐོར་ནས་དྲི་བ་གནང་རྒྱུ་དེ་ལ། དམིགས་ཡུལ་ཡག་པོ་གཅིག་ཡོད་པའི་ཡིད་ཆེས་དང་གུས་མོ་རང་ལ་བློ་སྐྱེད་རགས་པའི་ཕན་པ་ཡོད་ངེས་པས་བཀའ་དྲིན་ཆེ། མུ་མཐུད་ནས་དྲི་བ་གནང་རོགས།
བོན་སྨྱུག་འཛིན། དྲི་བ་དང་པོ།
དེང་སྐབས་མི་ལ་ལ་ཞིག་གིས་བཙུན་མ་ནི་དེང་རབས་འདིའི་གད་སྙིགས་དང་ཐ་ཤལ་གྱི་རིགས་སུ་ངོས་འཛིན་བྱེད་བཞིན་ཡོད་པས། ཁྱེད་ལ་དེའི་ཐད་དགོངས་ཚུལ་གང་འདྲ་ཡོད།
ཞང་རིགས་སྨྲ། ལན།
ལགསོ། དེ་རེད། བདེན་པ་རེད། མི་མང་ཆེ་ཤོས་ངོས་འཛིན་དེ་འདྲ་ཞིག་ངོ་མ་བྱེད་ཀི། ངོས་འཛིན་དེ་འདྲ་ཞིག་བྱེད་དགོས་པའི་རྒྱུ་མཚན་ནི། དེ་སྔོན་གྱི་མི་རབས་མང་པོ་ཞིག་གིས་སྔོན་ལ་བུད་མེད་ཀྱི་རིགས་ལ་མཐོང་ཆུང་ཚད་མེད་བྱེད་ཀྱི་ཡོད་པ་ནི་ལོ་རྒྱུས་ཁ་ཤས་ལ་གསལ་འདུག དེའི་རྐྱེན་གྱིས་བཙུན་མ་ནི་བུད་མེད་ཀྱི་རིགས་རེད་ཟེར་ནས་གད་སྙིགས་དང་ཐ་ཤལ་འདྲ་བོ་ངོས་འཛིན་བྱེད་ཀི་ཡོད་ན་སྙམ། རྒྱུ་མཚན་གཞན་ཞིག་ནི་བཙུན་མ་ཕལ་ཆེར་ལ་ཤེས་ཡོན་གྱི་ཆུ་ཚད་དམའ་ཆེ་བའི་དབང་གིས། ཤེས་ཡོན་ཡོད་མཁན་ཚོས་ཤེས་ཡོན་བེད་སྤྱོད་བྱེད་མ་ཐུབ་པའི་རྐྱེན་གྱིས་དེ་འདྲ་ཞིག་ཆགས་སོང་བ་ཡིན་ནམ་སྙམ།
བོན་སྨྱུག་འཛིན། དྲི་བ་གཉིས་པ།
ད་ལྟ་བཙུན་མ་ཚོའི་ནང་དུ་བཀུར་འོས་པའི་བཙུན་མ་གཅིག་རྐྱང་མེད་རབས་དང་། འདས་ཟིན་པའི་བཙུན་མ་ཚོས་བཞག་པའི་བྱས་རྗེས་སོགས་གང་ཡང་མི་འདུག་ཅེས་བརྗོད་བཞིན་འདུག་བས་དེ་དག་དངོས་ཡོད་གནས་ཚུལ་ཡིན་ནམ།
ཞང་རིགས་སྨྲ། ལན།
ལགསོ། དེ་དངོས་ཡོད་གནས་ཚུལ་ཡིན་དཀའ། དེང་སྐབས་བཙུན་མའི་ནང་ལ་བཀུར་འོས་པའི་བཙུན་མ་ངོ་མ་ཡོད་རེད། རེད་དེ། ཡོད་མག་ཟེར་མཁན་དེ་ཚོ་ནི། ཕྲག་དོག་དབང་གིས་ཚིག་ངན་དེ་འདྲ་ཤོར་ཡོང་སྲིད་ལ། ཡང་ལ་ལས་བཙུན་མ་ཁ་ཤས་ཀྱི་འགྲོ་ལུགས་མ་རེད་ས་མཐོང་བ་ལ། བཙུན་མ་ཚང་མ་སྡུག་པོ་ཡོད་རེད་ཟེར་ནས་ལབ་མཁན་མང་བས། དེ་ཚོ་བླུན་པོའི་སྐད་ཆ་དང་རྒྱུ་མཚན་མ་ཤེས་ནས་འུར་གཏམ་བཤད་མཁན་ལ་དགའ་མཁན་ཅི་ལ་མིན། འདས་སོང་བཙུན་མའི་ལག་རྗེས་ལོས་ཡོད། བཀའ་པོད་མང་པོ་འགྲེལ་བ་རྒྱབ་བཞག་ལེ་རིག་མ་མྱོང་རུང་། བླ་ན་མེད་པའི་རྫོགས་ཆེན་གྱི་གནས་ལུགས་ལ་ཉམས་ལེན་བྱས་ནས། མཐར་ཐུག་སངས་རྒྱས་ཀྱི་དགོངས་པ་མངོན་སུམ་དུ་རྟོགས་མཁན་བརྗོད་ཀྱིས་མི་ལང་པ་བྱུང་མྱོང་བ་རེད་ལགས།
བོན་སྨྱུག་འཛིན། དྲི་བ་གསུམ་པ།
འདས་སོང་གི་བཙུན་མ་བརྗོད་ཀྱིས་མི་ལང་བ་ཞིག་ཡང་རྩེ་བླ་མེད་ཀྱི་ལྟ་སྒོམ་ཉམས་སུ་བླང་སྟེ་སངས་རྒྱས་ཀྱི་དགོངས་པ་མངོན་སུམ་དུ་མཇལ་བ་དེ་དག་ལོ་རྒྱུས་གང་ཞིག་ཏུ་འཁོད་ཡོད་དམ།
ཞང་རིགས་སྨྲ། ལན།
ལགསོ། བོན་རང་ལུགས་ཀྱི་བསྟན་འབྱུང་འགའ་དང་། བདག་ཅག་སྟོན་པའི་མཛད་བཅུའི་འགྲེལ་བ་ཁ་ཤས་ནང་ལ་བཙུན་མ་མང་པོ་སངས་རྒྱས་ཡོད་པར་གསུངས་འདུག་ལགས།
བོན་སྨྱུག་འཛིན། དྲི་བ་བཞི་པ།
གདོད་ནས་ད་བར་བཙུན་མ་དང་གྲྭ་པ་གཉིས་ལྟ་སྟངས་ཧེ་བག་ཆེན་པོ་བྱེད་དགོས་པའི་རྒྱུ་མཚན་གང་ཞིག་ལ་ཐུག་ཡོད་དམ།
ཞང་རིགས་སྨྲ། ལན།
སྔ་མའི་དུས་སུ་བུད་མེད་ཆོས་སྤྱོད་མི་ཆོག་པ་དང་དགོན་པ་དང་སྒྲུབ་གནས་འགའ་ལ་འགྲོ་མི་ཆོག་པའི་རྒྱལ་པོས་བཀའ་ཁྲིམས་ངན་པ་མང་པོ་བཞག་ཡོད་སྐད། གལ་སྲིད་སོང་ན་ལུས་ལ་ན་ཚ་ཡོང་བ་དང་བཀྲ་མི་ཤིས་པ་ཡོང་རབས་བཤད་པའི་རྐྱེན་བྱས་ཏེ་ཕོ་མཆོག་མོ་དམན་དང་གྲྭ་མཆོག་ཇོ་དམན་གྱི་ལྟ་སྟངས་ད་བར་དུ་ལུས་ཡོད་པ་དེ་རེད། ཡང་སྐབས་ཞིག་ལ་བོད་རྒྱལ་འགའ་ཡི་གྲྭ་པ་ལ་ཐོབ་ཐང་ཧ་ཅང་ཆེན་པོ་སྤྲད་པ་དང་། རྒྱལ་པོ་རང་གི་བཙུན་མོ་དང་བུ་མོ་ལ་སོགས་བུད་མེད་ཀྱི་རིགས་ཡོངས་ལ་ཐོབ་ཐང་མེད་པ་མ་ཚད། དུད་ཚང་དེའི་བུ་མོ་དུད་ཚང་དེའི་ཁྱིམ་ཕུགས་ལ་འགྲོ་མི་ཆོག་པའི་ལུགས་སྲོལ་ཆགས་སོང་བ་རེད། རྒྱུ་མཚན་གཉིས་ཐད་ནས་ཞུས་ན། དུད་ཚང་གཅིག་ལ་བུ་གཅིག་དང་བུ་མོ་གཅིག་ཡོད་ན། བུ་དེ་སློབ་གྲྭ་ལ་འགྲོ་ནས་རིག་གནས་ཤེས་དགོས་རེད་ཟེར་བ་དང་། བུ་མོ་དེ་ཁྱིམ་ལས་བྱེད་མཁན་དང་ལྕི་བ་ལས་མཁན་འདྲ་བོ་ཞིག་ངོས་འཛིན་བྱེད་དང་བྱེད་བཞིན་པ་རེད། དང་པོ་ནས་ངོས་འཛིན་དེ་འདྲ་ཞིག་བྱས་པའི་སྟོབས་ཀྱིས་བཙུན་མ་ཡོན་ཏན་ཡོད་མཁན་ཞིག་ཡིན་ན་ཡང་ཡོན་ཏན་ཕྱི་ལ་ངོམ་མི་ཕོད་པ་རེད། དཔེ་ཆུང་ངུ་ཙམ་ཞུས་ན། གྲྭ་པ་ཞིག་ཡིན་ན་རྔ་རྡུང་ཤེས་ཙམ་ཞིག་ལས་མེད་ན་ཡང་། དེའི་ཡོན་ཏན་དེ་གཞན་ལ་སྟོན་པའི་སེམས་ཤུགས་ཡོད་པ་རེད། གཞན་གྱི་བསམ་ཚུལ་ལ་བཙུན་མ་དེ་ལ་ཡོན་ཏན་ཡོད་ས་མ་རེད་ང་དང་འདྲ་བོ་རེད་འདུག་སྙམ་ནས་གུས་བཀུར་བྱེད་ཀྱི་ཡོད་མག གྲྭ་བ་དེའི་རྔ་རྡུང་ཤེས་འདུག་ངས་དེ་ཡང་མི་ཤེས་ཁོང་ནི་མཁས་པ་ཞིག་ཡིན་ས་རེད་བསམ་ནས་གུས་བཀུར་བྱེད་པ་ཡིན་རེད་སྙམ། མི་དམངས་ཀྱིས་ལྟ་སྟངས་ཁྱད་པར་དེ་འདྲ་ཞིག་ཆགས་སོང་བ་རེད་སྙམ།
བོན་སྨྱུག་འཛིན། དྲི་བ་ལྔ་པ།
བཙུན་མ་ཚོའི་ཕྱོགས་ནས་མ་འདང་ས་གང་ཞིག་ཡོད་པ་དང་། དེའི་ཕྱོགས་ནས་ཡར་རྒྱས་ཅི་ལྟར་གཏང་དགོས།
ཞང་རིགས་སྨྲ། ལན།
ལགསོ། གཅིག་ནས་སེམས་སྤོབས་ཆུང་བས་སྐྱོན་ཆ་ཡོད་ན་ཐང་། གཉིས་ནས་རང་དང་རིགས་གཅིག་པའི་ཤེས་ཡོན་ཅན་དང་འཇོན་ཐང་ཅན་གྱི་བཙུན་མ་རྣམས་ལ་བརྩི་འཇོག་དེ་ཙམ་མེད་པའི་སྐྱོན་ཆ་ཡོད་ས་རེད། དེ་ཚོ་བྱེད་ཉེན་ས་མ་རེད་ལ། ངེས་པར་དུ་རང་དང་རིགས་གཅིག་པ་ལ་གུས་བཀུར་དགོས་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་ས་རེད་ལགས།
ཞང་རིགས་སྨྲ། ད་ང་རང་གིས་གང་ཐུབ་ཐུབ་ལན་རྒྱབ་པ་ཡིན། དེ་ཚོ་ལ་ནོར་བ་དང་འཁྲུལ་བ་ཡོད་སྲིད་པའི་དགོངས་དག་ཞུ། ངས་ཁྱེད་ལ་དྲི་བ་ཆུང་ཆུང་ཁ་ཤས་གཅིག་འདྲི་རྒྱུ་ཡོད་པས་ཁྱེད་ཀྱི་ལན་གནང་རོགས་ཞུ།
བོན་སྨྱུག་འཛིན། ལན། ལགསོ། ཤེས་ཚོད་ཀྱིས་ལན་འབུལ་ཡོང་།
ཞང་རིགས་སྨྲ། དྲི་བ་དང་པོ་ནི།
ཤེས་ཡོན་ཅན་གྱི་གྲྭ་ཇོ་གཉིས་ལ་དོན་དངོས་ཀྱི་ཐོག་ནས་ཁྱད་པར་ཡོད་རེད་དམ།
བོན་སྨྱུག་འཛིན། ལན།
ཤེས་ཡོན་ཅན་གྱི་གྲྭ་ཇོ་གཉིས་ལ་དོན་དངོས་ཐོག་ཁྱད་པར་གང་ཡང་མེད་པར་སྙམ། ཡིན་ཡང་། མི་བུ་སྒེར་སོ་སོའི་སྤོབས་པ་དང་སྙིང་སྟོབས་ཀྱི་ཁྱད་པར་ཅུང་ཡོད་ན་ཐང་།
ཞང་རིགས་སྨྲ། དྲི་བ་གཉིས་པ།
དོན་དངོས་ཀྱི་ཐོག་ནས་ཁྱད་པར་མེད་པ་ལ། སེམས་སྟོབས་ཡང་ཁྱད་པར་མེད་མཁན་ཞིག་ཡོད་ན་ཡང་། གཞན་གྱི་ལྟ་སྟངས་ལ་ཁྱད་པར་ཡོད་འདུག་པས། རྒྱུ་མཚན་གང་ལ་ཐུག་ཡོད་དམ།
བོན་སྨྱུག་འཛིན། ལན།
གཙོ་བོ་སྲོལ་རྒྱུན་གྱི་བག་ཆགས་རྙིང་པ་ཕོ་མཆོག་མོ་དམན་གྱི་ལྟ་བའམ་གྲྭ་མཆོག་ཇོ་དམན་གྱི་བསམ་བློའི་འཁྱེར་སོ་ལ་རག་ལས་ཡོད་ཅིང་། ད་དུང་། སྔོན་དུས་ཇོ་མོ་ཕལ་ཆེར་བ་དག་མགོ་རིལ་རིལ་བཟོ་བ་དང་། ལ་དམར་པོ་གྱོན་པ། སྙིང་པོ་རྣམ་གསུམ་ཀློག་ཤེས་པ། བསྙེན་པ་རེ་ཙམ་བསགས་ཤེས་པར་ཡིད་ཚིམ་ནས་བསྡད་པས། དེང་སྐབས་ཀྱང་དེ་ལས་མ་འདས་པར་སྙམ་ཞིང་བརྟག་དཔྱད་གང་ཡང་མ་བྱས་པར་དེའི་འདྲའི་ཤུགས་རྐྱེན་ངན་པ་དེའི་དབང་གིས་ལྟ་སྟངས་ཡང་དེ་ལྟར་དུ་འཛིན་པར་སྙམ།
ཞང་རིགས་སྨྲ། དྲི་བ་གསུམ་པ།
དེང་སང་འབུ་བརྐོ་བའི་སྐབས་སུ། ཁྱིམ་མི་མང་ཆེར་འབུ་བརྐོ་ལ་འགྲོ་བཞིན་ཡོད་རེད། ཇོ་མོ་མང་ཆེ་ཤོས་ཨ་ཉོག་ལྟ་མི་དང་། འབྲོག་ལས་རྒྱག་མཁན་ལྟ་བུར་ཆགས་འདུག་པས། དེའི་སྐོར་ལ་བསམ་ཚུལ་གང་འདྲ་ཡོད་ལགས།
བོན་སྨྱུག་འཛིན། ལན།
ད་སྐབས་ཚང་མས་དབྱར་རྩ་དགུན་འབུ་བརྐོ་བའི་སྟ་གོན་བྱེད་བཞིན་ཡོད་ལ། ཇོ་མོ་ཚོས་ཀྱང་རང་ཁྱིམ་དུ་ཕྱིན་ནས་ཟླ་ཤས་རིང་ཁྱིམ་ལས་ཙག་ཙིག་དང་ཕྲུག་གུ་ལྟ་སྐྱོངས་བྱེད་བཞིན་པ་ནི་མངོན་མཐོང་ལག་ཟིན་རེད་ལ། དེ་ནི་འཚོ་བའི་གོམས་གཤིས་ཤིག་ཏུ་ཡང་ཆགས་ཡོད་པར་སྙམ། ཡིན་ཡང་། ཁ་ཅིག་གི་དེ་ལ་ནོར་འཁྲུལ་ཞིག་ཏུ་ངོས་འཛིན་བཞིན་ཡོད། འོན་ཏང་། ཕྲན་རང་ཉིད་ཀྱིས་དེ་ནོར་འཁྲུལ་ཞིག་ཏུ་ངོས་བཟུང་བྱེད་གི་མེད། རྒྱུ་མཚན་གང་ལགས་ཤེ་ན། ངེད་ཅག་ལ་རྒྱུན་ལྡན་འཚོ་བའི་ཁྲོད་དུ་རོགས་རམ་བྱེད་མཁན་ནང་ཚང་ཡིན་པས། དགོན་ནས་གུང་སེང་བཞག་སྐབས་ནང་མི་ལ་ཕར་རོགས་ཅུང་ཙམ་བྱེད་རྒྱུ་ནི་འགན་འཁྲི་ཞིག་ཏུ་སྣང་།
ཞང་རིགས་སྨྲ། དྲི་བ་བཞི་པ།
འབུ་བརྐོ་བའི་སྐབས་སུ་ལས་ཀ་མང་པོ་རྒྱག མ་ཚད་ཨ་ཉོག་ལྟ་བ་སོགས་བྱས་ཀྱང་། ཁྱིམ་མི་ཚོས་ངོ་སོ་ཡོད་དམ་མེད། གལ་སྲིད་མེད་ན་དེ་ལ་ཕན་པ་ཅི་ཞིག་མཆིས།
བོན་སྨྱུག་འཛིན། ལན།
མང་ཆེ་བ་ངོ་སོ་ཡོད་ངེས། ཡང་། མེད་པ་ཀྱང་ཁ་ཤས་ཡོད་སྲིད་པས། དེ་དག་ཕན་པ་མ་མཆིས་རུང་། རྗེས་སུ་དེའི་ཕྱོགས་སུ་མནོ་བསམ་ནན་མོ་རེ་བཏང་དགོས་པར་སྙམ།
ཞང་རིགས་སྨྲ། དྲི་བ་ལྔ་པ།
མ་འོངས་པ་བཙུན་མའི་བསྟན་པ་ལ་ཡར་རྒྱས་གཏོང་བའི་ཐབས་ལམ་རྩ་བ་གང་ལ་ཐུག་ཡོད་དམ།
བོན་སྨྱུག་འཛིན། ལན།
གཙོ་བོ་བསླབ་གསུམ་གྱི་གཞི་བཟུང་སྟེ། ཤེས་རིག་གི་གླིང་ཁར་འགྲིམས་ཤིང་རྒྱལ་ཁམས་རིག་པའི་ལྟད་མོ་ལྟ་བཞིན། འཆད་རྩོད་རྩོམ་གསུམ་གྱིས་ལས་ལ་ཧུར་ཐག་འབད་ཐག་ངང་བརྩོན་པ་བྱས་ཏེ། བག་འཁུམས་དང་རྗེས་ལུས་ཀྱི་བསམ་བློ་དེ་དག་རིང་དུ་དོར་ཏེ་ཤེས་རབ་དང་རྣམ་དཔྱོད་བེད་སྤྱད་ནས་གོམ་ཁ་ཤེས་རིག་གི་ཕྱོགས་སུ་བསྒྱུར་ཏེ། རང་ཉིད་ལ་སྤོབས་པ་དང་ཡིད་ཆེས། ཡར་བརྩོན་གྱི་བསམ་པ་སོགས་མ་ཉམས་པའི་སྒོ་ནས་འགྲུལ་བཞུད་བྱེད་དགོས་པར་སྙམ།
བོན་སྨྱུག་འཛིན། ད་ཐེངས་མཆེད་མོ་ཁྱེད་དང་ལྷན་དུ་བཙུན་མའི་སྣང་བརྙན་སྐོར་ནས་བསམ་ཚུལ་བརྗེ་རེས་བྱེད་རྒྱུའི་གོ་སྐབས་བྱུང་བ་ཧ་ཅང་དགའ་པོ་བྱུང་། རྗེས་ཕྱོགས་སུ་ད་དུང་མུ་མཐུད་བསམ་ཚུལ་བརྗེ་རེས་བྱེད་རྒྱུའི་འདུན་པ་ཆེར་ཆེར་བཅང་བཞིན་ཡོད།
ཞང་རིགས་སྨྲ། ལགསོ། བཀའ་དྲིན་ཆེ། ལན་ཡག་པོ་གནང་སོང་།
བོན་སྨྱུག་འཛིན། ད་དེའི་མཚམས་བྱེད་མ་ནན།
ཞང་རིགས་སྨྲ། རེད་རེད། བཀྲ་ཤིས་བདེ་ལེགས།

ཞང་རིགས་སྨྲ། བོན་སྨྱུག་འཛིན།