
གཟི་ཀིའི་དཀར་ཆག་ལས། (༡)
ཨེ་མ་གསང་བ་སྔགས་ཀྱི་བུ།།
གྱིམ་ཤོད་གཟི་ཀིའི་བྲག་འདི་ལ།།
གནས་མཆོག་སྣང་བའི་དཀྱིལ་འཁོར་གསལ།།
གནས་འདི་སྲིད་པ་རྒྱལ་མོའི་གནས།།
གནས་ལ་དབལ་མོ་འབྲོང་རི་ཟེར།།
གནས་བདག་ལས་ཀྱི་གཤེན་རྗེ་ཆེ།།
གནས་སྐྱོང་བོན་པོ་སྟག་ཐུལ་ཅན།།
གནས་ཀྱི་སྒོ་མོ་འབྱེད་མི་དེ།།
དབལ་འབར་སྟག་སླག་ཁྱེད་ཉིད་ཡིན།།


ཅེས་བཀའ་ཡི་བྱ་ར་མ་གསུམ་སྒྲུབ་གནས་དབལ་མོ་འབྲོང་རིའམ་གཟི་ཀིའི་གནས་མཆོག་འདི་ནི་གཟི་ཀིའི་དཀར་ཆག་ལས༢། ༡༨༣༢ ལོ་མ་ཅིག་དཀར་མོ་སྲིད་པའི་རྒྱལ་མོས་ལུང་བསྟན་བཞིན་སྔགས་འཆང་དབལ་འབར་སྟག་སླག་ཅན་གྱི་གནས་སྒོ་ཕྱེས་ནས་ཁྱུང་ཡུལ་སྟོད་སྨད་ཀུན་གྱི་ཕྱག་བསྐོར་སྒྲིབ་པ་སྦྱང་བའི་གནས་ཁྱད་པར་ཅན་དུ་གྱུར།
གཟི་ཀི་རི་ཁྲོད་འོག་མ་བདེ་ལྡན་སྨིན་གྲོལ་རི་ཁྲོད་ནི། (༣) ཁྱུང་པོ་སྟེང་ཆེན་དེབ་དང་པོ་ལས། ཁྱུང་ནག་མཁན་པོ་ཚུལ་ཁྲིམས་ཕུན་ཚོགས་མཆོག་གིས་སྤྱི་ལོ་༡༨༩༥(༡༩༥༥)ལོར་བདེ་ལྡན་སྨིན་གྲོལ་རི་ཁྲོད་ཕྱག་བཏབས་ཞེས་གསུངས།
༡༩༩༣ ལོ་མཐའ་ཞུ་མཚམས་པ་དྲང་སྲོང་ཚུལ་ཁྲིམས་ཡེ་ཤེས་མཆོག་ནས་ཉམས་གསོ་མཛད་ནས་སྨིན་གྲོལ་གྱི་སློབ་མ་མང་པོ་བྱུང་།
དེའི་རྗེས་༡༩༩༧ ལོ་ནས་མཐའ་ཞུ་མཚམས་པ་དམ་པ་ཚུལ་ཁྲིམས་ཡེ་ཤེས་ཀྱི་དངོས་སློབ་དགེ་རྒྱས་མཚམས་པ་ཚུལ་ཁྲིམས་མཐར་ཕྱིན་གྱིས་སྒོམ་སྒྲུབ་ཉམས་ལེན་རྒྱུན་སྐྱོང་ནས་བཞུགས། ཞོར་དུ་རི་ཁྲོད་གོང་མ་༡༩༩༨ལོ་བརྒྱབ། རྗེས་སུ་སྤྱི་ཚང་རྟོགས་ལྡན་གཡུང་དྲུང་ཟླ་བ་རི་ཁྲོད་གོང་མར་བཞུགས་ནས་ད་ལྟ་ཡང་ཉམས་ལེན་མཛད་ནས་བཞུགས།
དེའི་རྗེས་༢༠༡༤ ལོ་ཡག་ཟ་དགེ་བཤེས་འཕགས་མཆོགས་སངས་རྒྱས་རྒྱ་མཚོ་མཚོ་རི་ཁྲོད་འོག་མར་བར་བར་དུ་བཞུགས།
ད་སྐབས་དགེ་རྒྱས་མཚམས་པ་ཚུལ་ཁྲིམས་མཐར་ཕྱིན་དང་ཡག་ཟ་དགེ་བཤེས་འཕགས་མཆོག་སེམས་དཔའ་སྤྱི་ཚང་རྟོགས་ལྡན་གཡུང་དྲུང་ཟླ་བ་རྣམ་པ་གཙོས་གྲྭ་བཙུན་འགའ་རི་ཁྲོད་དེར་སྒོམ་སྒྲུབ་ཉམས་ལེན་མཛད་ནས་བཞུགས་བཞིན་ཡོད།
ཅེས་གཟི་ཀིའི་རི་ཁྲོད་ལོ་རྒྱུས་ཉུང་ལ་ཁ་གསལ་བ་ཞིག་དགོས་འདུག་ཞེས་འཇའ་བོན་རྒན་བསྟན་འཛིན་གཡུང་དྲུང་དང་སྤྱི་ཚང་བོན་རྒན་སྟག་ལ་བཀྲ་ཤིས་གཉིས་ནས་ཡང་ཡང་བསྐུལ་བ་མ་ལྡོག་ཙམ་དུ་དགེ་རྒྱས་ཆེན་པོས་ཤར་མར་བྲིས་པའོ།།

ས་གནས། བོད་ཆབ་མདོ་སྟེང་ཆེན་རྫོང་སྟེང་ཆེན་གྲོང་བརྡལ་ཁྲ་ལུང་ཚུན་ནག་སྟོད་ཙུའུ་གཉིས་པའི་སར་ལྷོ་ཕྱོགས་སུ་སྤྱི་ལེའུ་༡༥་ཙམ་ཕྱིན་ན་སླེབས།
(༡) ཁྱུང་པོ་སྟེང་ཆེན་དེབ་དང་པོ། སི་ཁྲོན་དཔེ་སྐྲུན་ཁང་། ༢༠༠༥ ལོ་པར་དུ་སྐྲུན། ལྡེབ་༧༡
(༢) ཁྱུང་པོ་སྟེང་ཆེན་དེབ་དང་པོ། སི་ཁྲོན་དཔེ་སྐྲུན་ཁང་། ༢༠༠༥ ལོ་པར་དུ་སྐྲུན། ལྡེབ་༨༢
(༣) ཁྱུང་པོ་སྟེང་ཆེན་དེབ་དང་པོ། སི་ཁྲོན་དཔེ་སྐྲུན་ཁང་། ༢༠༠༥ ལོ་པར་དུ་སྐྲུན། ལྡེབ་༥༨༥