༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 5 ཚེས 30
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 1 དཔྱད་རྩོམ།
1 དཔྱད་རྩོམ།
གཡུང་དྲུང་བོན་གྱི་སྲུང་མའི་ནང་ཚན་རྒྱལ་ཆེན་གྲགས་པ་སེང་གེའི་སྐོར།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2020-04-08] [རྩོམ་པ་པོ།:ལྷ་ལྡོང་སེམས་དཔའ།] [གཟིགས་ཐེངས:]

未标题-1.jpg

རྒྱལ་ཆེན་གྲགས་པ་སེང་གེ་ནི་རྒྱལ་བ་སྨན་རིའི་མཁན་རབས་ཉེར་གཉིས་པ་སྟོང་རྒྱུང་མངོན་བྱོན་བསོད་ནམས་བློ་གྲོས་སམ་དུས་གསུམ་ཀུན་མཁྱེན་ཤེས་རབ་དགོངས་རྒྱལ1784-1835)་གྱི་སྤྱན་སྔར་བོན་གྱི་བསྟན་པ་སྲུང་བར་ཁས་བླངས་དམ་བཅའ་ཕུལ་བ་བཞིན། བོན་གྱི་བསྟན་སྲུང་བསྐོས་པ་ཞིག་ཡིན། དེ་ཡང་ལོ་རྒྱུས་ནི་ཀུན་མཁྱེན་བསོད་ནམས་བློ་གྲོས་ཀྱིས་མཛད་པའི་རྒྱལ་ཆེན་གྲགས་སེང་གི་མཆོད་བསྟོདདང་། དེང་རབས་ལོ་རྒྱུས་སྲོང་པོར་སྨྲ་བའི་རྒྱལ་སྤྱི་བོད་རིག་པའི་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བརྩམས་པའི་མདའ་དང་འཕང་གི་སྟོད་ཆ་1་སོགས་སུ་ཞིབ་པར་བཀོད་ཡོད་པའི་འདིར་རྒྱས་བཤད་མི་བྱ། དུས་གསུམ་ཀུན་མཁྱེན་ཤེས་རབ་དགོངས་རྒྱལ་ནི་ལུང་རིགས་ཀུན་ལས་སྟོང་རྒྱུང་མངོན་བྱོན་ཡིན་པ་གསལ་ཏེ། ལུང་ལས། སྟོང་རྒྱུང་ཐུགས་ཀྱི་སྤྲུལ་པ་སྟེ།། བསོད་ནམས་བློ་གྲོས་མཚན་ཅན་གྱིས།། འབུམ་ཕྲག་དུ་མའི་འགྲོ་དོན་མཛད།། ཅེས་སོགས་མ་འོངས་ལུང་བསྟན་དུ་མ་ལས་གསལ་བ་དང་། དེ་བཞིན་མཁའ་སྤྱོད་ཀྱི་རིག་འཛིན་རྣམས་དང་རྒྱལ་བ་མཉམ་མེད་ཆེན་པོ་སོགས་ཞལ་མཇལ་གསུང་ཐོས་ཤིང་གཏེར་དང་སྙན་རྒྱུད་དུ་མའི་བདག་པོ་དང་དུས་གསུམ་ཀུན་མཁྱེན་གྱི་བླ་མ་བཅས་ཡིན། དེ་རྗེས་རྒྱལ་བ་སྨན་རི་བའི་བཤད་གྲྭ། བོན་གྱི་གྲྭ་ས་འོག་མ་རུ་ལག་གཡུང་དྲུང་གླིང་ངམ་རྣམ་རྒྱལ་ཀུན་གྲགས་གླིང་གི་མཁན་རབས་དང་པོ་སྣང་ཞིག་སྐྱབས་མགོན་ཟླ་བ་རྒྱལ་མཚན་1796-1862)མཆོག་གིས་གཡུང་དྲུང་བོན་གྱི་བསྟན་སྲུང་དུ་བསྐོས་གནང་མཛད་ནས་རུ་ལག་གཡུང་དྲུང་གླིང་གི་བསྟན་པའི་སྲུང་མར་བརྟེན། སྐྱབས་མགོན་ཟླ་བ་རྒྱལ་མཚན་ནི་དྲན་པའི་ཞལ་བྱང་ཟང་གཏེར་ཆེན་མོ་ལས། བོད་ཡུལ་འོ་ཡུག་ས་མདོ་རུ།། བོན་གྱི་འདུ་གནས་ཆེན་པོ་ཆགས།། སྣང་བ་དབང་དུ་བསྡུས་པ་ཡི།། སྣང་ཞིག་ཐོགས་མེད་བྱ་བ་འབྱུང་།། ཞེས་དང་། རྗེ་མཉམ་མེད་ཆེན་པོའི་ཞལ་བྱང་ལས། འདི་ནས་བླ་རབས་ཉེར་གསུམ་དུས།། མདོ་སྨད་ཨ་ཡི་ས་ཕྱོགས་སུ།། སྨྲ་བའི་སེང་གེའི་སྤྲུལ་པ་ཞིག། མེ་འབྲུག་ཞོན་ནས་རྒྱལ་མཚན་ཐོགས།། དབུས་གཙང་སྟོད་སྨད་ཀུན་ཏུ་ཉུལ།། གཙང་འགྲམ་བྱེ་མའི་མཁར་ལ་ཕྱག་རྗེས་འཇོག། སྟོང་ཕྲག་གསུམ་གྱི་དགོན་གནས་འབྱུང་།། ཞེས་དང་། གཡུང་གླིང་མཁན་ཆེན་སྐལ་བཟང་ཉི་མ་ཏོག་གི་རྒྱལ་མཚན་གྱིས་མཛད་པའི་སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་ཐར་སྣང་བ་དང་བའི་བདེ་འདྲེནལས། དབལ་འབར་སྟག་སླག་ཅན་དང་མཁན་ཉི་མ་བསྟན་འཛིན་1813-1870)གཉིས་ཞལ་མཐུན་པར། རང་དོན་ཆེ་ནས་སངས་རྒྱས་ལྷུན་གྲུབ་ཀྱང་།། གཞན་དོན་འགྲོ་ལ་བརྩེ་བའི་སྒྱུ་འཕྲུལ་གྱི།། གྱེར་མི་ཉི་འོད་རིག་འཛིན་རྣམ་སྤྲུལ་གར།། ཞེས་སོགས་མ་འོངས་ལུང་བསྟན་དུ་མ་ལས་རིག་འཛིན་གྱི་རྣམ་སྤྲུལ་ཡིན་པར་གསལ། དེ་ནས་དབལ་གཤེན་སྟག་ལ་མེ་འབར་དངོས་བྱོན་ཁྱུང་ཡུལ་གྱི་གྲུབ་བརྙེས་དབལ་འབར་སྟག་སླག་ཅན་1833-)གྱི་མདུན་དྲུང་དུ་རྒྱལ་ཆེན་གྲགས་སེང་གྱིས་བོན་གྱི་སྲུང་མ་མཛད་པར་ཁས་བླངས་དམ་བཅས་པ་བཞིན། གྲུབ་བརྙེས་མཆོག་གིས་ཀྱང་བསྟན་སྲུང་རྒྱལ་ཆེན་གྲགས་པ་སེང་གེའི་སྲོག་སྒྲུབ་ལས་བཞི་ལྷུན་གྲུབ་དབང་འགྱུར་འཁོར་ལོ་ཞེས་པའི་གཞུང་དང་། ཚོགས་ཀྱི་ཤོག་ཆུང་ཟུར་བཀོད བསྟན་སྲུང་རྒྱལ་ཆེན་གྲགས་སེང་བསྐང་བ་འདོད་འབྱུང་རིན་ཆེན་གཏེར་ཕྲེང་ འཕྲིན་བཅོལ་མྱུར་བྱེད་སྲོག་ལེནསོགས་མཛད་དེ་སྲུང་མ་བརྟེན་ཞིང་བསྐུལ། དེ་ནས་རྒྱལ་བ་མཉམ་མེད་ཆེན་པོ་མངོན་བྱོན་སྨན་རིའི་མཁན་རབས་ཉེར་ལྔ་པ་འགྲོ་མགོན་ཤེས་རབ་གཡུང་དྲུང་1838-)མཆོག་གིས་སྲུང་མ་བརྟེན་པའི་ཚུལ་སོགས་ཁོང་གི་མཛད་རྣམརྣམ་ཐར་གེ་སར་འབུམ་བཞད》1ནང་དུ་གསལ་ལ།  དེ་ནས་བཟུང་རྒྱལ་བ་སྨན་རི་བའི་མཁན་རབས་རིམ་བྱོན་ནས་སྐྱབས་རྗེ་ཁྲི་འཛིན་སོ་གསུམ་པ་སོགས་ཀྱིས་བོན་གྱི་སྲུང་མར་བརྟེན་པ་ཀུན་གྱིས་མཁྱེན་གསལ་ལྟར་ལ། དེ་བཞིན་དཔལ་ཤར་རྫ་བ1859-1934)་ཆེན་མོ་མཆོག་གིས་ཀྱང་བོན་སྐྱོང་སྲུང་མའི་གྲལ་དུ་བཀོད་ཡོད་པ་སྟེ། ནམ་མཁའ་མཛོད་ཀྱི་སྒྲུབ་སྐོར》2ལས། རྒྱལ་ཆེན་གྲགས་སེང་དཀོར་བདག་ལི་བྱིན་ཧར།། བཙན་རྒྱལ་ཡུམ་ཤོད་ཞུ་ཡི་བཙན་རྒོད་རྗེ། ་་་་གཡུང་དྲུང་བོན་བསྟན་ཕྱོགས་བཅུ་དར་རྒྱས་སྤེལ།། སྒྲུབ་པའི་གཤེན་པོའི་བསམ་དོན་མཐར་ཕྱིན་མཛོད།། འགྲོ་ལ་བདེ་སྐྱིད་ཚེ་བསོད་དབང་ཐང་སྩོལ།། ཞེས་སོགས་གསུངས་ནས་སྲུང་མའི་གྲལ་དུ་བཀོད་དེ་བསྐུལ་པ་ཀུན་གྱིས་མཁྱེན་གསལ་རེད། དེ་ནས་བླ་ཆེན་དྲན་པ་ནམ་མཁའ་འགྲོ་ལ་དགྱེས་བརྩེའི་ཟློས་གར་བསྒྱུར་བའི་བོན་གྱི་གྲྭ་ས་ཆེན་མོ་གཡུང་དྲུང་གླིང་གི་མཁན་ཆེན་ཤེས་རབ་བློ་ལྡན་1882-)མཆོག་གིས་བོན་སྐྱོང་སྲུང་མའི་གྲལ་དུ་བཀོད་ནས་བརྟེན་ཡོད་དེ། རྒྱལ་ཆེན་གྲགས་པ་སེང་གེའི་མངའ་གསོལ་འཕྲིན་ལས་ཀུན་འགྲུབདང་བསྟན་སྲུང་རྒྱལ་ཆེན་གྲགས་པ་སེང་གེའི་ཀ་བསྟོད་དགྱེས་པའི་གར་ཚོམམཛད་ཡོད། དེ་ནས་འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་རྒྱན་སྙིགས་དུས་ཀྱི་འདྲེན་པ་ཆེན་མོ་གྲྭ་ས་གཡུང་དྲུང་གླིང་གི་དཔོན་སློབ་ཁྱུང་སློབ་ཚུལ་ཁྲིམས་རྒྱལ་མཚན་1893-)མཆོག་གིས་ཀྱང་སྲུང་མའི་གྲལ་དུ་བཀོད་ཅིང་བསྟན་ཡོད་དེ། ཁོང་གི་མཛད་པའི་དམ་ཅན་རྒྱ་མཚོའི་ལས་གཞུང་ངོ་མཚར་རྒྱས་སྒྲུབ་ནོར་བུའི་གཏེར་ཆེན》1ལས། བསྭོ་བོན་འབྱུང་ཨེ་ཀློང་འབར་བའི་ལྷོ་སྒོ་རུ།། ངོ་མཚར་འབུམ་ལྡན་གསེར་གྱི་ཁང་བཟང་ན།། བསྟན་སྲུང་རྒྱལ་ཆེན་གྲགས་པ་སེང་གེ་རྗེ།། དཀར་སེར་ཞལ་གཅིག་ཕྱག་གཉིས་བླ་མའི་ཚུལ།། རྒྱལ་མཚན་ནོར་འཆང་གཡུ་རྟ་རྒྱན་ལྡན་ཞོན།། བཀའ་འཁོར་སྡེ་བརྒྱད་དྲེགས་པའི་ཚོགས་བཅས་ལ།། ཕྱག་འཚལ་སྐུ་བསྟོད་མཆོད་འབུལ་འཕྲིན་ལས་བཅོལ།། བོན་ཉིད་དབྱིངས་ནས་རྫུ་འཕྲུལ་མཁའ་ལ་བསྐྱོད།།  དགྲ་བགེགས་དབང་སྡུད་འགུག་སྒྲོལ་ལས་མཛོད་ཅིག། ཅེས་དང་གཞན་ཡང་ཁོང་གིས་གྲགས་སེང་གསོལ་མཆོད་ཉུང་བསྡུསམཛད་ནས་སྲུང་མའི་གྲལ་དུ་བཀོད་གནང་ཡོད་ལ། དེ་རྗེས་སུ་ས་གསུམ་འགྲན་ཟླ་བྲལ་བའི་སྐྱེས་མཆོག་མདོ་སྨད་བསྟན་པའི་སྒྲོན་མེ་སྣང་སྟོན་ནམ་མཁའ་བློ་གྲོས་1896-)མཆོག་གིས་སྲུང་མར་བརྟེན་ཡོད་པར་གསལ་ཏེ།རྗེ་བཙུན་ནམ་མཁའ་བློ་གྲོས་ཀྱི་རྣམ་ཐར་མདོར་བསྡུས》2ལས ། ཁྱད་པར་སྟག་ལྷ་མེ་འབར་སྒྲུབ་ཕུག་ཏུ་ཚོགས་བརྒྱ་ཕུལ་བ་ལ། གཏའ་ཆེན་ཚོགས་ཀྱི་རྫིང་བུ་འཁྱིལ་བ་དང་། ཁྱད་པར་རྒྱལ་ཆེན་གྲགས་པ་སེང་གེའི་ཞལ་གཟིགས་པ། ཞེས་སོགས་འཁོད་ཡོད།      དེ་ནས་རྒྱལ་བ་སྨན་རི་བའི་དཔོན་སློབ་དང་པོ་ལྷ་མཆོག་སྨྲ་བའི་སེང་གེ་མངོན་བྱོན་ཡོངས་འཛིན་སངས་རྒྱས་བསྟན་འཛིན་མཆོག་གིས་ཀྱང་བཤད་སྒྲུབ་བསྟན་པ་རྒྱས་པའི་ཕྱིར་དུ་སྲུང་མར་བརྟེན་ཅིང་བསྐུལ་བའི་ལོ་རྒྱུས་ཡོད་ལ་དེ་ནས་རིམ་བཞིན་ད་ལྟའི་རྒྱལ་བ་སྨན་རི་བའི་དཔོན་སློབ་རྣམ་པས་བསྐུལ་བཞིན་པ་འདིའོ།། དེ་ནས་ལུང་དཀར་གཤེན་བསྟན་རིན་ཆེན་གླིང་གི་མཁས་མཆོག་ཚུལ་ཡེ་མཆོག་གིས་ཀྱང་ཕྱི་ནང་གསང་བའི་བསྡུས་དོན་ཉེར་འཁོ་འདོད་འཇོ་འཁྲི་ཤིང་བསྒྲིགས་སྐབས་རྒྱལ་ཆེན་གྲགས་སེང་བོན་གྱི་སྲུང་མའི་གྲལ་དུ་བཀོད་ནས་བརྟེན་ཡོད་པ་ཉེར་འཁོ་དེ་ཉིད་ལ་ཞིབ་ལྟ་མཛོད་དང་ཤེས་གསལ་རེད། ད་ལྟའི་ཆར་རིག་འཛིན་སྔགས་འཆང་ཀུན་བཟང་བསྟན་འཛིན་ནམ་གསང་མཚན་ནམ་མཁའ་རང་གྲོལ་རྩལ་མཆོག་གིས་ཀྱང་ཁྱུང་པོ་སྟེང་ཆེན་དགོན་དུ་ཕེབས་སྐབས་རྒྱལ་ཆེན་གྲགས་པ་སེང་གེ་དེ་ཉིད་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་མཁན་བསྟན་འཛིན་སྐྱེས་བུ་ལ་སྡོང་གྲོགས་དང་མགོན་སྐྱོབ་ཡོད་པར་མཁྱེན་ནས་སྲུང་མའི་བསྟོད་བསྐུལ་མཛད།

 

གཡུང་དྲུང་བོན་གྱི་དགོན་སྡེ་ཁག་གི་བརྟེན་ཚུལ་ནི། བོན་གཞིས་ཐོབ་རྒྱལ་གསར་པ་རྒྱལ་བ་སྨན་རི་དགོན་དང་། བལ་ཡུལ་ཁྲི་བསྟན་ནོར་བུ་རྩེ། གཙང་སྨན་རི་དགོན། རུ་ལག་གཡུང་དྲུང་གླིང་། མདོ་སྨད་སྣང་ཞིག་དགོན་ཆེན།  ཨ་མདོ་ཤར་པའི་དགའ་མལ་དགོན་ཆེན་དང་སྐྱང་ཚང་དགོན་སོགས་ཤར་ཁོག་གི་དགོན་སྡེ་ཁག་དང་།  ཀན་སུའུ་གཙོ་ཚང་དགོན་དང་། མཛོ་དགེ་ཨ་སྐྱིད་སྐྱང་ཚང་དགོན་དང་མདའ་ཆེན་དཀར་མོ་རི་ཁྲོད་སོགས་མདོ་སྨད་དགོན་ཆེན་ཁག་དང་། ཁྱུང་པོ་སྟེང་ཆེན་དགོན་སོགས་ཡོད་ལ། དེ་ཡང་རྒྱལ་བ་སྨན་རི་བའི་དགེ་བཤེས་དཔལ་ལྡན་ཀོ་རྒྱལ་དགོན་གྱི་སློབ་དཔོན་ཆེན་མོ་ཡོན་ཏན་ཕུན་ཚོགས་མཆོག་གིས་གཙོ་བསྒྲིགས་མཛད་པའི་སངས་རྒྱས་གཡུང་དྲུང་བོན་གྱི་རྒྱུན་ཁྱེར་ཞལ་འདོན་ཉུང་བསྡུསཞེས་པའི་ནང་དུ་བོན་སྐྱོང་སྲུང་མའི་གྲལ་དུ་རྒྱལ་ཆེན་གྲགས་སེང་གི་བསྟོད་བསྐུལ་བཞག་ཡོད་པ་དང་།   དེ་བཞིན་རྒྱལ་བ་སྨན་རི་བའི་དགེ་བཤེས་བཅུ་རིག་སྨྲ་བའི་དབང་པོ་མཐོང་གྲོལ་རི་ཁྲོད་དགོན་གྱི་དཔོན་སློབ་བློ་གྲོས་རབ་གསལ་མཆོག་གིས་གཙོ་བསྒྲིགས་མཛད་པའི་མེ་སྟོན་གདན་ས་མཐོང་གྲོལ་རི་ཁྲོད་དགོན་གྱི་ཞལ་འདོན་ཕྱོགས་བསྒྲིགསཞེས་པའི་ནང་དུ་བོན་གྱི་བསྟན་སྲུང་གི་གྲལ་དུ་རྒྱལ་ཆེན་གྲགས་སེང་གི་བསྟོད་བསྐུལ་བཞག་ཡོད་པ་མིག་ལྡན་ཀུན་གྱིས་མཐོང་གསལ་རེད། དེང་དུས་བླུན་པོ་ཁག་ཅིག་ཕྲག་དོག་གིས་སྨྱོས་པའམ་དམིགས་ཡུལ་གཞན་པའི་དབང་གིས་སྲུང་མ་ལ་ཞྭ་ནག་གཡོགས་ནས་འཁྱོག་བཤད་བྱེད་ཀྱིན་འདུག་ནའང་གོང་གི་སྐྱེས་ཆེན་དམ་པ་དེ་དག་དང་། གཡུང་དྲུང་བོན་གྱི་དགོན་ཆེན་དེ་རྣམས་ལེགས་ཉེས་དང་བླང་དོར་མི་ཤེས་པ་ག་ལ་ཡིན་ཏེ།  དེ་ཡང་སྔོན་ཚེ་རྣམ་མཁྱེན་སྟོན་པའི་སྤྱན་སྔར་རུ།། གཤེན་ཆུང་གོ་བོ་ཞེས་དང་། གཡུང་དྲུང་གཙུག་གཤེན་རྒྱལ་བའི་སྤྱན་སྔར་རུ།། གནས་ལྔ་བོན་ལ་སྦྱོང་བའི་བྱིན་མཐུས་ཀྱིས།། ད་ལྟ་དབྲ་བཙུན་ཤེར་རྒྱལ་བདག་ལ་ཡང་།། གཡུང་དྲུང་སངས་རྒྱས་བོན་མཆོག་རིན་པོ་ཆེའི།། བསྟན་པ་བསྲུང་བའི་ཁས་བླངས་དམ་བཅའ་ནི།། ཡང་ཡང་ཕུལ་བས་བསྟན་སྲུང་བསྐོས་པ་ཡིན།། ཞེས་པའི་ལུང་གིས་ཤེས་ཤིང་གོ་བས་སོ།།

ཞེས་པ་འདི་ཡང་གཡུང་དྲུང་བོན་གྱི་དགོན་སྡེ་ཆེན་མོ་ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བསྟན་རྒྱས་གླིང་གི་བཀའ་འབུམ་རབ་རྒྱས་ཁང་དུ་ལོ་རྒྱུས་བསྡུ་སྒྲིག་བགྱིད་པའི་སྐབས་སུ་སྦྱར་བའོ།།

 

1བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་བོད་ཡིག་ཏུ་བསྒྱུར་བའི་མདའ་དང་འཕང་། སྟོད་ཆའི་ཤོག་གྲངས་༣༠༢-༣༠༥བར་དུ་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་༢༠༡༢ལའི་དཔར་ཐེངས་༢པ་དཔར།

1ཡ་ཐོག་ཞང་བོད་ཁྱད་ནོར་དཔེ་ཚོགས། དེབ་ཕྲེང་ལྔ་པ། ལྡེབ་གྲངས་༢༤༦ནང་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༡༢ལོར་དཔར།

2 ཤར་རྫའི་གསུང་འབུམ་པོད་༡༠ནམ་མཁའ་མཛོད་གྱི་སྒྲུབ་སྐོར། ཤོག་གྲངས་༢༦ནང་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༡༡ལོར་དཔར།

1 ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་གྱི་གསུང་འབུམ། དེབ་ཕྲེང་༨པའི་ཤོག་གྲངས་༡༥༤ནང་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་༢༠༡༥ལོར་དཔར།

ཡ་ཐོག་ཞང་བོད་ཁྱད་ནོར་དཔེ་ཚོགས། དེབ་ཕྲེང་ལྔ་པའི་ཤོག་གྲངས་༣༥༦ནང་གསལ་ཡོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༡༢ལོར་དཔར།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།