༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 5 ཚེས 29
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 5 འགྲེམས་སྤེལ།
5 འགྲེམས་སྤེལ།
༧ མཎྜལ་རི་ཁྲོད་དང་མཚམས་པ་རྣམ་གཉིས་ཀྱི་ངོ་སྤྲོད་སྟབས་བདེ་ཞིག་ལེགས་གྲུབ་བྱུང་བའོ།།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2020-04-04] [རྩོམ་པ་པོ།:ཁྱུང་བསོད་བློ།] [གཟིགས་ཐེངས:]

微信图片_20200404193530.jpg

༧     མཎྜལ་རི་ཁྲོད་ནི་ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་ཞེ་གཞུང་ཤང་ཁྱུང་ནག་སྡེ་པའི་མངའ་ཁོངས་སུ་ཆགས་ཡོད།   སྟེང་ཆེན་ རྫོང་ནས་དེར་བར་སྤྱི་ལེ ༤༠ ཡན་མན་ཡོད། རྒྱབ་རི་མཎྜལ་སྨུག་མོ་རི་རྩེ་ཞེས་གནས་རི་ཁྱད་དུ་འཕགས་པའི་དཔང་དུ་རྫ་ སྤང་གཡུ་ཤུག་འདྲེས་མ་སོགས་ངོ་མཚར་གྱི་རྟགས་ཀ་ཆེ་བ། འགྱུར་མེད་གཡུང་ དྲུང་གཏམ་པའི་བརྡ་རུ་སྐུ་གཟི་བྱིན་ལྷུན་པོ་ཉམས་དགའ་ཡིད་འོང་རྒྱས་པ། རྫ་སྤང་གཡའ་རི་གངས་བྲག་གིས་བརྗིད་ཆགས་པར་གྲོགས་ལམ་ལྷོ་ཤར་གྱི་ཕྱོགས་སུ་ཁ་གཏད་པ། གནས་རི་བྱིན་ཅན་འདི་ནི་དབལ་ཆེན་གེ་ཁོད་གསང་བ་དྲག་པོ་མཆོག་བོན་ཉིད་སྟོང་པའི་མཁའ་ནས་ཀློང་བདལ་དོག་ལ་བབས་པའི་གནས་རི་ཡིན་པ་ལུང་གིས་བསྔགས་པའོ།།  སྔོན་དབལ་འབར་སྟག་སླག་སོགས་གསང་བདག་རིག་འཛིན་ དུ་མས་གནས་རི་འདིར་ལོ་གྲངས་དུ་མ་ལ་དབལ་ཆེན་གེ་ཁོད་ཀྱི་བསྙེན་སྒྲུབ་ ཡན་ལག་འཕྱོང་ཆེན་སོགས་གྲུབ་རྟགས་གནད་སྨིན་མཛད་པ་རྣམ་ཐར་དུ་མ་ ལས་གསལ་ཡོད། གདན་ས་འདི་ནི་དུས་རྒྱུན་ཡོངས་གྲགས་སུ་མཎྜལ་མཚམས་པ་རྣམ་གཉིས་ཞེས་མཚན་དུ་གྲགས་པས་ཕྱག་བཏབ་པའོ། རི་ཁྲོད་འོག་མ་གཡའ་མ་རི་ཁྲོད་དུ་བཞུགས་ མཁན་འགྲན་བྲལ་བསོད་ནམས་རྒྱལ་མཚན་རིན་པོ་ཆེ་མཆོག་དང་།  རི་ཁྲོད་གོང་མ་སེང་གེ་གཡུ་ཕུག་རི་ཁྲོད་དུ་བཞུགས་མཁན་རྗེ་བཙུན་ཚུལ་ ཁྲིམས་དཔལ་བཟང་མོ་མཆོག་རྣམ་པ་གཉིས་ཀྱིས་སྐུ་ཚེ་གང་པོར་སྒོམ་སྒྲུབ་ཉམས་ལེན་གདམས་རྒྱུད་བོན་ལ་འདྲེས་པར་མཛད་སའི་གནས་ཁྲོད་ཁྱད་པར་ ཅན་ཞིག་ཡིན་པ་དང་། གནས་རི་དང་རི་ཁྲོད་ཀྱི་ཁོར་ཡུག་འདི་ནི་རིག་གསར་གོང་ནས་ཁྱུང་པོ་ནག་རུ་ཚང་དང་འབྲེལ་བ་ངེས་ཅན་ཡོད་པ་ཞིག་ཡིན་ཏེ། མཚམས་པ་ འགྲན་བྲལ་བསོད་ནམས་རྒྱལ་མཚན་དང་། རྗེ་བཙུན་ཚུལ་ཁྲིམས་དཔལ་བཟང་ མོ་ཁོང་རྣམ་གཉིས་ལ་ནག་རུ་སྡེ་དཔོན་ཟུང་གིས་ལོ་རེ་བཞིན་མཚམས་རྒྱགས་ གསོལ་ཆས་སོགས་རྒྱུན་མ་ཆད་པར་དུས་ཐོག་ཏུ་བསྐྱེལ་སྲོལ་ཡོད་པ་དང་། 

微信图片_20200404193359.jpg

  རིག་གནས་གསར་བརྗེ་མ་བྱུང་བའི་སྐབས་སུ་མཎྜལ་མཚམས་པ་རྣམ་གཉིས་ནི་ནག་རུ་ཚང་གི་དབུ་བླ་མཆོད་གྲལ་གལ་ཆེན་དུ་འཛིན་བཞིན་ཡོད་པ་དང་། རི་ ཁྲོད་དེར་ཡོད་པའི་མཆོད་ཆས་རྩལ་ཆེན་དང་སྐུ་གདུང་སྐུ་གཟུགས་གསུང་རབ་ སོགས་རྟེན་བཞེངས་གང་ཡོད་ཐམས་ཅད་ནག་རུ་ཚང་གི་དཀར་ཆག་དེབ་རྒན་ མ་ཡི་ནང་དུ་གསལ་ཡོད་པ་རྒན་རབས་ཚོའི་ཞལ་རྒྱུན་དྲོད་རླངས་མ་ཡལ་བ་ཞིག་ཡིན་པའོ། །   རིག་གསར་གོང་དུ་ཡང་མཎྜལ་རི་ཁྲོད་ཀྱི་ཁོར་ཡུག་དུ་འབྲོག་པ་འཚོ་སྡོད་བྱེད་ཡུལ་དགུན་མཚེར་ལྷས་ར་སོགས་ཡོད་ཚད་དེ་ནག་རུ་མ་འདལ་ཚང་ཞེས་ས་མིང་དུད་ཚང་ལ་ཐོགས་པའི་དུད་ཁྱིམ་དེའི་ཚང་གི་མཚེར་ས་ཡིན་ལ་མ་འདལ་ཚང་ཞེས་ད་ལྟ་ཡང་ཡོད།  རིག་གསར་རྗེས་སུ་ཡང་མཎྜལ་རི་ཁྲོད་འདི་ནི་ཁྱུང་ནག་ བསམ་གཏན་གླིང་དགོན་གྱི་ཁོངས་གཏོགས་སུ་གྱུར་པའི་རི་ཁྲོད་གསུམ་ཡོད་ པའི་དང་པོ་དེ་ཡིན་པ་དང་། ས་ཆ་འདི་ཡང་ཁྱུང་ནག་འབྲོག་སྡེ་མང་པོ་ལ་ས་ཐོབ་ཆུ་ཐོབ་ཡོད་སའི་ཁོར་ཡུག་གི་དཀྱིལ་ཞིག་དུ་ཆགས་ཡོད། གང་གི་མཚམས་པ་ རྣམ་གཉིས་ནི་དུས་རབས་བཅོ་བརྒྱད་པའི་ནང་ཚུན་སྤྱི་ལོ་ ༡༧༩༨ ཡན་མན་ལ་སྐུ་འཁྲུངས་ནས་མཎྜལ་རི་ཁྲོད་འདི་ཕྱག་བཏབ་པ་དང་འབྲེལ་ནས་དེ་རྗེས་སུ་རྒྱུན་བཞུགས་མཚམས་པ་དུ་མ་བྱོན་ནས་སྒོམ་སྒྲུབ་ཉམས་ལེན་གྱི་རྒྱུན་བསྐྱངས་པའོ།། རིག་གསར་རྗེས་སྤྱི་ལོ ༡༩༨༩ ལོ་ནས་ཁྱུང་ནག་མཚམས་པ་ཚུལ་ཁྲིམས་མཆོག་རྒྱལ་གྱིས་རི་ཁྲོད་ཉམས་གསོ་མཛད་ནས་ ༢༠༢༠ ལོ་ད་བར་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་སྒོབ་སྒྲུབ་ཉམས་ལེན་ཆུ་བོའི་རྒྱུན་ལྟར་བརྩོན་བཞིན་པའི་བསྟི་གནས་སུ་གྱུར་བ་ལྟར་ད་ལྟ་ཡང་རྒྱུན་སྐྱོང་གནང་བཞིན་པའོ།། གང་བཞུགས་མཚམས་རྒན་རིན་པོ་ཆེ་མཆོག་གིས་བདག་ལ་གནས་རི་དང་མཚམས་པ་རྣམ་གཉིས་ཀྱི་ངོ་སྤྲོད་སྟབས་བདེ་་ཞིག་འབྲི་དགོས་པའི་རེ་སྐུལ་ཡང་ཡང་གནང་བ་ལ་བརྟེན་ནས་བཀའ་གྱེན་དུ་མ་ལྡོག་ཙམ་གྱིས་ངོ་སྤྲོད་མདོར་ཙམ་བྲིས་པའི་ཁུལ་ལས། གཞན་ཞིག་ནས་དེ་སྔོན་མཎྲལ་རི་ཁྲོད་ཀྱི་ལོ་རྒྱུས་དང་མཚམས་པ་རྣམ་གཉིས་ཀྱི་རྣམ་ཐར་སོགས་དཔེ་ཆ་གང་ཁ་གསལ་མེད་སྟབས་ད་ལྟ་ངོ་སྤྲོད་སྟབས་བདེ་ཙམ་ལས་ཟས་རྒྱས་ཞིབ་ཚགས་སོགས་གཙང་དག་འགྲིག་པོ་ཞིག་བྱུང་དཀའ་ཡང་གཟིགས་མོ་བ་ཡོངས་ལ་དགོངས་དག་ཞུ་རྒྱུ་ལས་གཞན་ཐབས་མེད་དོ།། གནའ་མི་བགྲེས་པོའི་ཞལ་རྒྱུན་དང་བདག་གི་བློས་དཔྱད་པ་སོགས་ཀྱི་མཐུ་ལས་ངོ་སྤྲོད་སྟབས་བདེའི་དེབ་ཆུང་འདི་ཉིད་སྦྱར་བའོ།།  ༢༠༢༠/༣/༣༠/ཉིན་/བསོད་ནམས་བློ་གྲོས /ནས་བྲིས་པའོ།། 

微信图片_20200404193410.jpg

微信图片_20200404193421.jpg







སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།