
ལྷ་ཁྱུང་རྒྱལ།
ཀ་དག་གཤིས་ཀྱི་ངང་ཚུལ་མ་འདས་ལྷང་ངེར་བཞུགས། །
ཁ་དོག་ཡིད་ཀྱི་ཐིག་ལེའི་བཀོད་པ་ལྷམ་མེར་གསལ། །
ག་ན་འབྱོན་ཡང་བོན་གཤེན་བསྟན་པའི་བདག་ཉིད་དངོས། །
ང་བདག་གཟུང་འཛིན་ཉོན་མོངས་ཀུན་བྲལ་སྨྲ་དབང་རྗེ། །
ཅ་ཅོའི་གཏམ་ལ་བདེན་པའི་ཁུངས་ལུང་མ་བཅོལ་ཞིང་། །
ཆ་ལུགས་ཚུལ་མཐུན་གཞོལ་བའི་སྔོན་བྱོན་མེས་པོ་ལྟར། །
ཇ་ཆང་ཕུད་ལྟར་སེམས་དཔའི་མཛད་འཕྲིན་མིག་སྔར་རྗེན། །
ཉ་གང་ཟླ་བའི་འོད་མདངས་རིས་མེད་འགྲོ་ལ་དཀར། །
ཏ་ལེར་བསྟན་པའི་ཉིང་བཅུད་མཐའ་དག་ཐུཊ་ལ་བསྟིམ། །
ཐ་སྙད་ཚིག་ཕྱིར་འབྲངས་བའི་འདུན་པ་ཀུན་དབེན་ཞིང་། །
ད་ལྟའི་དབར་དུ་རྒྱུད་ལུང་མན་ངག་རྒྱུན་མཐུད་ནས། །
ན་བུན་ཀློང་ནས་སྲིད་པའི་མིག་གི་འོད་ཞགས་མཆེད། །
པ་ཏྲའི་རི་མོའི་ཐབས་ཤེས་གཤོག་ཟུང་སྤྱད་མཛད་ནས། །
ཕ་མའི་རང་བཞིན་ཕན་བདེའི་འོད་སྣང་ཕྱོགས་བརྒྱར་སྤྲོས། །
བ་གམ་ཁང་ཆེན་དབུས་ནས་འགྱིང་བའི་སེར་གཟུགས་ཁྱུས། །
མ་ལྟར་གཅེས་པའི་འདུན་པ་ཡར་ངོའི་ཟླ་ལྟར་འཕེལ། །
ཙ་རིའི་སྨྱུག་མས་ཡ་ཀའི་དགུང་ལ་གཏད་པ་བཞིན། །
ཚ་གྲང་ངལ་དུབ་གྲངས་མེད་གདོང་གཏད་ད་ལྟའི་ཆར། །
ཛ་དྲག་ཆེ་བའི་རླུང་འཚུབ་ཁྲོད་ཀྱི་རྒྱལ་གཤེན་བསྟན། །
ཝ་ལེར་འཕཊ་པའི་ཞིང་མཆོག་དེ་རུ་གདན་དྲངས་མཛད། །
ཞྭ་དཀར་བསྟན་པའི་གཙུག་གི་རྒྱན་གཅིག་སྨན་རི་བའི། །
ཟ་ཉལ་འགྲོ་འདུག་སྤྱོད་ལམ་གང་འཐད་སྔར་བཞིན་སྐྱོང་། །
འ་འུར་མེད་པར་དྲི་བྲལ་བསྟན་པའི་མཚན་ཅན་གྱིས། །
ཡ་རབས་ཀུན་སྤྱོད་དད་ལྡན་དྭངས་བ་འདྲེན་འདི་རྨད། །
ར་བ་གངས་ཀྱི་མུ་མཐར་ཁྱབ་པའི་ཤར་ནུབ་ཡོངས། །
ལ་ལུང་མང་པོའི་སྤྱི་སྐད་དབྱིན་བོད་ཤན་སྦྱར་གྱིས། །
ཤ་ཚའི་གསང་བའི་སྦུབས་རྒྱ་ཡོངས་སུ་དགྲོལ་བར་མཛད། །
ས་ཡི་གོ་ལའི་ཏོག་ཀུན་གཤེན་ཞལ་གཙང་མ་ཁྱེད། །
ཧ་ཅང་ཚད་ལས་བརྒལ་བའི་བཤད་ཀ་འདི་ན་མེད། །
ཨ་གསར་མེད་པར་དད་པའི་མགོ་བོ་ཐུར་དུད་མཁན། །
ཧ་གོ་དོན་ཟབ་མིན་པར་བདག་གི་རྩོམ་གཤིས་གཅིག །
ཨ་ཁུ་རྒན་པའི་ཐུགས་རྒྱ་ཡངས་པོར་གནོངས་ཤིག་ཀྱཻ། །
ངོ་བོ་རྒྱལ་བ་དང་མཉམ་ཞིང་། །
བཀའ་དྲིན་རྒྱལ་བ་ལས་ལྷག་པའི། །
འཛམ་གླིང་མི་ཡི་སེང་ཆེན་མཆོག །
ཞབས་པད་བསྐལ་བརྒྱར་བརྟན་མཛད་ཤོག །
2020/1/29གཟའ་ལྷག་པ་ཉིན་རང་ཁྱིམ་དྲོན་མོར།