
སེམས་གཏད་སའི་ལྷ་སྐལ་བརྟན་དུ་ཤོག།
ལྷ་ལྡོང་ཚུལ་ཁྲིམས།
ཡུལ་མཐོ་སྒང་གི་གངས་དཀར་ཏི་སེ་རུ།།
ཡབ་ཐོད་དཀར་གྱི་རྒྱལ་སྲས་ཞབས་རྗེས་ལ།།
དུས་རྣམ་ཀུན་ཏུ་ཐུགས་སེམས་དཀར་བའི་རྗེ།།
བོན་ཀུན་མཁྱེན་གྱི༧སྨྲ་སེང་དཀར་པོ་བརྟན།།
ཚུལ་དང་པོ་རུ་སྣོད་ལྡན་སློབ་མ་བྱས།།
མགོན་བཤེས་གཉེན་མཆོག་མིག་སྙིང་སྲོག་བས་གཅེས།།
གཞུང་སྡེ་སྣོད་ལ་རྒྱ་ཆེའི་ཐོས་བསམ་དང་།།
བཀའ་སྒོ་མཛོད་ཀྱི་ཟབ་གནད་གསེད་བཀྲོལ་བྱས།།
གཞན་འགྲོ་བའི་དོན་འཆད་རྩོད་རྩོམ་པའི་ཕུལ།།
མཐར་བདེ་ཆེན་དོན་ཐོས་བསམ་སྒོམ་པ་ཟབ།།
སྤྱིའི་དོན་ཆེན་ལ་མཁས་བཙུན་བཟང་གསུམ་ཅན།།
བོན་འགྲོ་བ་སྤྱིའི་འདི་ཕྱིའི་ལྷ་སྐལ་ཡིན།།
ཕྱི་སྤྱི་གཅོད་ཀྱི་ལྟ་བའི་ཁེབས་རྒྱ་ཆེ།།
ནང་མན་ངག་གི་སྒྲོན་མའི་རང་མདངས་གསལ།།
བློ་སྤྲོས་བྲལ་གྱི་རང་རིག་རྗེན་གཅེར་མཐོང་།།
བོན་ཡང་རྩེ་ཡི་ལྟ་བའི་ཕུགས་རྩ་ཆོད།།
ཟབ་གསང་ཆེན་གྱི་རིམ་གཉིས་དབང་འབྱོར་ཞིང་།།
མདོ་ཕར་ཕྱིན་གྱི་སྤྱོད་པས་ཀུན་ཡིད་འཕྲོགས།།
གནས་མི་ཡུལ་གྱི་རྒྱལ་གཉིས་དངོས་བྱོན་བ།།
སེམས་གཏད་ས་ཡི་ལྷ་སྐུ་གསོན་པོ་ཡིན།།
བོན་དགུ་ཐེག་གི་མཁའ་ལྡིང་སྤྱི་གཅོད་དང་།།
རྗེ་སྨན་རི་བའི་ཡོངས་འཛིན་དཔོན་གསས་ཆེ།།
ཁྲིད་དབང་ལུང་གི་རྒྱུད་གསུམ་རྒྱུན་ཐུག་ས།།
མེས་དྲིན་ཅན་ཚོ་མཐོང་བའི་རྡོ་རིང་ཡིན།།
གཤེན་བསྟན་པ་དང་འགྲོ་བའི་བདེ་དོན་ལ།།
སྲོག་འབེན་བཙུགས་ཀྱི་གཡུང་དྲུང་དཔའ་བོ་དང་།།
བྱེས་ཁ་འཐོར་གྱི་གྱེར་འབང་ཡུལ་གྱར་ཚོའི།།
ཕྱིའི་གནས་མལ་དང་ནང་གི་འཚོ་རྟེན་ཡིན།།
ས་གོ་ལ་ཡི་ཤར་ལྷོ་ནུབ་བྱང་དུ།།
ཚད་མེད་པ་བཞིའི་ཐུགས་རྗེའི་རྒྱུན་བསྲིངས་ནས།།
ལས་རྣམ་བཞི་ཡི་མཛད་པ་རྒྱ་ཆེན་གྱིས།།
འཁོར་སྡེ་བཞི་ལ་སེམས་ཀྱི་དཔལ་ཡོན་བྱིན།།
སྐུ་དབུ་ལྕང་དེ་བོན་གྱི་དོན་དུ་དཀར།།
གསུང་འགག་མེད་དེ་འགྲོ་ཀུན་རྣ་བར་སིམས།།
ཐུགས་བདེ་གསལ་དེ་འཁོར་འདས་སྤྱི་ལ་ཁྱབ།།
གཞན་དོན་མཛད་ཀྱི་རྒྱལ་སྲས་སེམས་དཔའ་རྗེ།།
དུས་བསྐལ་པ་འདི་ཇི་སྲིད་མ་སྟོང་བར།།
ཞིང་ལྷོ་གླིང་གི་སྲིད་ཞིའི་མཆོད་སྡོང་དུ།།
སྐུ་མི་འགྱུར་བ་གཡུང་དྲུང་གཟུགས་སུ་བརྟན།།
གསུང་མ་འགགས་པ་ལྷ་རྒོད་ཐོག་པས་སྐྱོངས།།
ཐུགས་མི་གཡོ་བ་བོན་སྐུའི་ངང་མཉམ་ཤོག།
ཅེས་རྗེ་ཡོངས་འཛིན་བླ་མའི་དགུང་གྲངས་གོ་ལྔའི་མཚོན་དོན་དུ་ཤོ་ལོ་ཀ༩དང་རྐང་པ༥ཡི་ལུས་སུ་གྲུབ་པའི་ཚིག་བཤད་འདི་འདྲེན་མཆོག༧སྨྲ་བའི་སེང་གེ་ཞལ་མཇལ་གསུང་ཐོས་ཙམ་ལས་ཡུན་རིང་བསྙེན་པའི་སྐལ་པ་མ་གྱུར་ཡང་བདག་གི་དགེ་བའི་བཤེས་གཉེན་རྣམ་པའི་བཀའ་དྲིན་ལས་གང་གསུང་མདོ་རྒྱུད་རྒྱ་མཚོའི་དགོངས་བཅུད་ལ་ལོངས་སུ་སྤྱོད་པའི་བསོད་ཅན་ཁྱུང་སྟེང་དགེ་མིང་པ་ལྷ་ལྡོང་ཚུལ་ཁྲིམས་ཀྱིས་མི་མཆོག་བླ་མའི་དགུང་སྟོན་བརྟན་བཞུགས་སུ་གཤེན་གྱི་འབྱུང་ལྡན༣༠༡རྒྱལ་ཟླ་བའི་ལོ་སར་ཚེས་པ༡
སྤྱི་ལོ༢༠༢༠/༡/༢༥ཉིན་གསོལ་བ་འདེབས་བཞིན་ཕུལ།།
འོད་ཀྱི་བགྲེས་པོ།
ལྷ་ཆ།
འགྲུས་སྐྱོང་སྐྱ་མདའི་རྟིང་མར།།
མཁྱེད་དཔྱོད་ཉི་མ་འཛུམ་སྟེ།།
གསང་གསུམ་བོན་ཆར་འུབས་པའི།།
གཤེན་བསྟན་སྣང་བའི་ཕྱག་མཛོད།།
དབུ་ལོ་ཉག་མ་རེ་དང་།།
ཞལ་གྱི་སུལ་མ་རེ་ལ།།
བསྟན་འགྲོའི་ཁ་ཡིག་གསལ་བའི།།
སྨྲ་དབང་སྲིད་པའི་སྒྲོན་མེ།།
ངང་བཟང་ཐུགས་ཀྱི་རྟ་ཕོ།།
ངེས་ལྕགས་ཀྱིས་བསྐུལ་བས།།
ངུར་སྨྲིག་སྲིད་པའི་གོ་ཞུབ།།
སྐུ་ཚེའི་ནོམ་པར་བཀྲབ་ཡོད།།
དུས་འགྱུར་སྤྲིན་པའི་ཡོལ་བ།།
ཀླད་ཀྱི་ནམ་མཁར་བྲེས་ཚེ།།
ཧི་མ་ལ་ཡི་རི་རྒྱུད།།
བཟོད་དང་གོམ་པས་བགོམས་ཡོདར།།
ལ་འདིའི་ཕར་རོལ་ཞིག་ན།།
ཡུལ་འདིའི་ཕར་ངོས་ཤིག་ན།།
གཤེན་གྱི་གསོམ་ཤིང་སྡོང་པོ།།
སླར་ཡང་སྲིད་འདིར་བཀན་སོང་།།
དབུ་ལ་གངས་ལོ་འཚེར་ཡང་།།
ཞལ་ལ་མུ་ཏིག་བསྟར་བ།།
སྲིད་པར་བཞི་ཤད་འཇོག་པའི།།
གསེར་གྱི་སྨྲ་ལྕེ་རིང་མོ།།
ཁྱེད་ཞལ་ཉི་མའི་དཀྱིལ་འཁོར།།
ཁྱུང་ཡུལ་མཐིལ་ནས་འཁོར་ཡང་།།
མཛད་ཕྲིན་སྣང་བ་དཀར་པོ།།
སྲིད་པའི་ཁྱོན་ལ་བརྡལ་ཡོད།།
བསྟན་པའི་ཀ་བ་ཡིན་པའི།།
འགྲོ་བའི་དམིགས་བུ་ཡིན་པའི།།
མིག་སྙིང་སྲོག་གི་ཆ་ཡ།།
ང་ཡི་མཆོག་གསུམ་གཅིག་ཆོག །
ཐུགས་བསྐྱེད་གནམ་གྱི་ལྡིང་གུར།།
མཛད་འཕྲིན་ས་ཡི་ཁེབས་གཅོད།།
ཤར་མཐའི་ཉི་མར་ཁྲེམས་པས།།
གོ་ལའི་གདགས་སྲིབ་དྲོས་བྱུང་།།
གོ་ལྔའི་ཁྲི་འཕང་རྩེན་པའི།།
སྐུ་ཚེའི་གླེགས་བམ་མཐུག་པོ།།
རྣམ་དཔྱོད་སྒྲོན་མེས་བཀླགས་ན།།
ཕན་བདེའི་ཡིག་འབྲུས་བཞེངས་སོ།།
ཕྱིར་ཞིང་མཚན་དཔེའི་ཉི་ཟླ།།
གཡུང་དྲུང་གཤིས་སུ་གྲུབ་སྟེ།།
བསྐལ་བརྒྱའི་རི་བོའི་སྤོ་ནས།།
འགྲིབ་མེད་བརྟན་པར་འཆར་ཤོག །
2020/1/26