མཁྱེན་ཡོན་འོ༵ད་བརྒྱ་འབར་བའི་ཀློང་རུམ་ནས།།
གཞན་ཕན་བྱམས་སེམས་ཟེ༵ར་མདངས་རབ་ཕྱུག་པའི།།
འཆད་པ་བོན་སྦྱི༵ན་ཟབ་མོས་རྒྱུད་དཀྲོལ་མཁན།།
དུས་མཐའི་འདྲེན་པ༵་ཆེན་མོ་ཁྱེད་ལ་མཆོད།།
གཞན་ཕན་བྱང་ཆུབ་སེམས་ཀྱིས་བསྐུལ་བ་ཡི།།
དཀར་པོ་དགེ་བའི་ལས་བཟང་ཆེ་ཕྲ་གང་།།
སུ་ཡིས་འཇོན་ན་དེ་འདྲའི་སྐྱེས་བུ་དེས།།
མི་ཚེའི་སྙིང་པོ་ལོན་པ་སྨོས་མ་དགོས།།
དེ་ཡང་སྙིགས་མའི་དུས་འདིར་འགྲོ་བའི་འདྲེན་པ་ཆེན་པོ་དཀར་པོ་དགེ་བའི་ལམ་སྟོན་མཁན ༧ སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་མཆོག་ལ། བོན་གྱི་བསྟན་དང་འགྲོ་ལ་ལྷག་བསམ་དཀར་ཞིང་སེམས་རྒྱུད་དགེ་དད་མོས་པའི་ཡོངས་སུ་ཕྱུག་པའི་སྦྱིན་པའི་བདག་པོ་སྦྲ་ཆེན་མངའ་ལ་ཕུན་ཚོགས། གཉན་རོང་ཞང་ཞུང་བཟོད་པ། སྦྲ་ཆེན་མགོ་ཤུལ་ཨོ་དགའ། སྦྲ་ཆེན་རྨེའུ་ལྷུན་གྲུབ་རྡོ་རྗེ། སྦྲ་ཆེན་གབ་ལྕག་ག་གསལ། སྦྲ་ཆེན་འབྲིང་རྒྱུད་གཡུང་དྲུང་འོད་ཟེར། འབྲི་རུ་རོ་ཚེ་རིང་ནོར་བུ། འབྲི་རུ་ཞུ་རྣམ་རྒྱལ་དབང་གྲགས། འབྲི་རུ་ཁ་ཧོ་ལྷ་རྒྱལ། སྟེང་ཆེན་ཨ་ཤག་སྟོབས་རྒྱལ། སྟེང་ཆེན་དོམ་ཚ་ཚེ་དབང་གཡང་རྒྱས་བཅས་ཀྱིས་སྐུལ་སློང་དང་སྣེ་ཁྲིད་འོག དེ་སྔོན་ལོ་མང་རིང་སྐྱབས་རྗེ་མཆོག་ནས་ཞལ་བཀོད་དང་སྦྱིན་བདག་རྣམ་པས་གཙོ་འགན་བཞེས་ཏེ། ནག་ཆུ་ལ་ཨ་དཀར་དང་མ་ཏྲི་རེས་མོས་ཀྱི་དུང་སྒྲུབ་ཐེངས་བརྒྱད་ཚོགས་ཐུབ་ཡོད་ལ་དགེ་བསྐུལ་ཡང་རླབས་ཆེན་བྱུང་ཡོད། ད་ལོ་ཡང་སྔར་རྒྱུན་བཞིན་སྐྱབས་རྗེ་བླ་མ་མཆོག་དབུ་བཞུགས་མཛད་ནས་མ་ཏྲི་དུང་སྒྲུབ་ཐེངས་དགུ་པ་ ༢༠༡༩.༡༢.༣༠ ནས་དབུ་བཟུང་སྟེ་ ༢༠༢༠.༡.༥ བར་ཉིན་བདུན་རིང་ལྷ་སར་ཚོགས་ཡོད། ཉིན་བདུན་གྱི་རིང་མ་ཏྲི་རིན་ཆེན་སྒྲོན་མ་དང་། བྱམས་མ། ཤེས་རབ་སྨྲ་སེང་བཅས་དཀྱིལ་འཁོར་རྣམ་པ་གསུམ་ཞལ་ཕྱེས་ནས་སྦྲ་ཆེན། སྟེང་ཆེན། གཉན་རོང་། འབྲི་རུ་སོགས་གང་ས་ནས་འཛོམས་པའི་དད་ལྡན་རྣམ་པ་དང་། བླ་མ་སྟོན་འཁོར་ཡོངས་ནས་ཉིན་ལྟར་རིགས་དྲུག་བར་དོ་དང་བཅས་པའི་གནས་འདྲེན་དང་། ཉིན་མཚན་ཆད་མེད་མ་ཏྲིའི་སྒོམ་བཟླ་ལ་བརྩོན་ཞིང་། ཐུན་མཚམས་སུ་སྐྱབས་རྗེ་བླ་མ་མཆོག་ནས་སྔོན་འགྲོ་བསགས་སྦྱོང་གི་ཁྲིད་དལ་འབྱོར་རྙེད་དཀའ། ཚེ་མི་རྟག འཁོར་བའི་ཉེས་དམིགས། ལས་རྒྱུ་འབྲས། དལ་འབྱོར་ལས་སྐལ་བདུན། དེ་བཞིན་སྐྱབས་འགྲོ། སེམས་བསྐྱེད། དད་པ། བྱམས་དང་སྙིང་རྗེ། དུག་ལྔའི་ངོ་བོ་དང་འབྲས་བུ། དེ་བཞིན་བསྙེན་སྙུང་གི་སྡོམ་པ། ད་དུང་དེང་དུས་མི་ཡི་སེམས་ཁམས་ལ་ཤིན་ཏུ་སྨན་པའི་ནམ་རྒྱུན་ཟ་ཉལ་འགྲོ་འདུག་དག་དགེ་བ་ལ་ཇི་ལྟར་བསྲེ་ཚུལ། སྐྱེ་རྒ་ན་འཆི་བཞི་ཡི་སྡུག་བསྔལ་མི་འབྱུང་བའི་ཐབས་དང་། བདེ་སྐྱིད་ཟེར་བ་ཇི་ལྟར་ངོས་འཛིན་ཚུལ། དེ་བཞིན་གཟིགས་རྒྱ་ཡངས་པའི་ཐོག་ནས་གཙང་སྦྲ་འཕྲོད་བསྟེན་གྱི་སྐོར། རྒན་དར་གཞོན་གསུམ་ཚང་མའི་ལུས་སེམས་གཉིས་ཀྱི་བདེ་ཐང་མཐོར་འདེགས་གཏོང་ཐུབ་པའི་བསླབ་བྱ་དངོས་བྱུང་གཏམ་རྒྱུད་དཔེ་དང་སྦྲག་ནས། ཉན་སྤྲོ་ལ་དད་པའི་མིག་ཆུ་བྲུག་དགོས་པ་ལྟ་བུ་གནང་ཡོད་ལ། གུས་པ་རང་ནས་ཀྱང་བོན་འཁོར་ཚིག་བཞི་དང་། བསྔོ་བ་སྨོན་ལམ། དགེ་བཤེས་ཚུལ་ཁྲིམས་བློ་གྲོས་མཆོག་ནས་འཁོར་ལོའི་ཕན་ཡོན་སོགས་གང་ཐུབ་ཞུས་ཡོད། འཆད་ཐུན་གྱི་གཞུག་ནས་དད་ལྡན་རྣམ་པ་ནས་ཁ་ཐུག་བཏོན་པའི་དྲི་བ་དག་ལ་བླ་མ་རིན་པོ་ཆེ་དང་ང་ཚོ་ཚང་མས་དྲིས་ལན་གང་ཐུབ་ཕུལ་བ་ཡིན། རྗེས་བྱ་ཡི་སྐབས་དད་ལྡན་རྣམས་ལ་མ་ཏྲི་རིན་ཆེན་སྒྲོན་མ་སོགས་དཀྱིལ་འཁོར་རྣམ་གསུམ་གྱི་བཀའ་དབང་བསྩལ་བ་བཅས། སྒོམ་བཟླ་འཆད་གསུམ་གྱི་དགེ་བའི་བསྐུལ་མ་དང་བོན་གྱི་འཁོར་ལོ་རྒྱ་ཆེར་སྐོར་ཡོད་པ་བཅས་ཀྱི་གནས་བསྡུས་སུ་ལི་ཁྲི་ཐིགས་པ་འབོད་པ་དེས་དབུས་ཉི་མ་ལྷ་ས་ནས་བསྡུས་སོ།།
༢༠༢༠/༡/༦