
བེའུ་ལུག་ལོ་སར་ནི་མངའ་རིས་ཀྱི་སྤུ་ཧྲེང་དང་། ཁུ་ནུའི་ལུང་པ་སོགས་ཞང་ཞུང་གི་ས་ཆ་མང་ཤས་ཀྱི་ལོ་སར་ཡིན་ཞིང་། ཁྱུང་ཡུལ་སྟོད་ཕྱོགས་སུ་བེའུ་ལུག་ལོ་སར་ཞེས་གཙི་མཐོང་བྱེད་པའི་དུས་ཚོད་འདི་ནི། ཁྱུང་དང་ཕུགས་ལུགས་ནག་རྩིས་བཅས་ཀྱི་ལོ་འགོ་འཁྲུལ་མེད་དུ་གྲགས་ཤིང་། གནའ་མིའི་ཤོད་སྟངས་ལ། དུས་ཚོད་འདིར་ལོ་གོང་མའི་ས་བདག་དང་ལོ་བདག་ཡོད་ཚད་བརྗེ་ལེན་བྱེད་པ་རེད་ཟེར།
ཕ་ཡུལ་གྱི་མི་རྣམས་ཀྱིས་ཞོགས་པ་སྔ་མོར་ལངས་ནས་སྐར་ཆུ་ལེན་ཞིང་ཕྱེ་མར་མཆོད་པ་སོགས་སྔ་མོའི་སྲོལ་བཟང་རྣམས་ལག་བསྟར་བྱེད། བེའུ་ལུག་ལ་གཟན་རྩྭ་སྟེར་བ་དང་། ཁྱིམ་མི་རྣམས་ལྷན་དུ་འཛོམ་སྟེ་དགའ་དགའ་སྤྲོའི་ངང་ནས་ཟས་སྟོན་ལ་རོལ་བར་བྱེད།
དེ་རིང་ཁྱུང་ཡུལ་སྟོད་ཀྱི་ས་ཆ་དེང་གི་ཁྲི་རྡོ་གྲོང་རྡལ་གྱི་ས་ཁོང་འོ་ལེ་གྲོང་ཚོའི་ན་གཞོན་ཁྱུ་ཞིག་གིས་ཐུན་མིན་བོད་ཀྱི་འབྲོག་པའི་ཡོ་ཆས་འུར་རྡོའི་རྩལ་འགྲན་གྱིས་བེའུ་ལུག་ལོ་སར་ལ་སྲུང་གཙི་དང་གྲོང་ཚོའི་ཡུལ་མི་རྣམས་དགའ་སྟོན་ལྷན་འཛོམ་བྱས།













བྱེད་སྒོ་འདི་ནི་དུས་ཚོད་འདི་དང་ཧ་ཅང་འཚམ་ཞིང་། གནའ་སྔ་མོའི་བོད་མི་དང་བོད་ཀྱི་ཤེས་རིག་ལོ་རྒྱུས་དང་འབྲེལ་བ་དམ་ཟབ་ཏུ་ཡོད་པ་ཞིག་ཡིན་པས། འུར་རྡོའི་འགྲན་རྩལ་འདི་ལ་བདག་ཡིད་རངས་པ་མ་ཟད། ན་གཞོན་ཁྱེད་ཅག་གིས་གནའ་སྲོལ་བཟང་པོ་འདི་ལྟ་བུར་རྒྱུད་འཛིན་བྱེད་བཞིན་པར་སྙིང་དབུས་ནས་ཡི་རངས་ཞུ།
རེ་སྐུལ་ལྟར་དུ་ཞུ་ཚང་བས་བྲིས།