༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > ལོ་རྒྱུས། > 2 ཉེ་རབས།
2 ཉེ་རབས།
མེས་པོའི་བཀའ་དྲིན་དྲན།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2019-12-23] [རྩོམ་པ་པོ།:གཞན་ཕན་བཟང་མོ།] [གཟིགས་ཐེངས:]

1577032997435069.jpg

བསྐལ་པ་གྲངས་མེད་རིང་། །
ཚོགས་བསགས་སྒྲིབ་སྦྱངས་ནས། །
མཐར་ཐུག་མངོན་སངས་རྒྱས། །
གཤེན་རབ་མི་བོར་བསྟོད། །

སྔོན་གྱི་ཐུགས་བསྐྱེད་དང་། །
གདུལ་བྱའི་བསོད་ནམས་ཀྱིས། །
གཟིགས་ཚད་དགོངས་ཚད་སོགས། །
ཐུགས་ལ་བཀྲམ་ནས་སུ། །

སུམ་ཅུ་རྩ་གསུམ་ནས། །
རིམ་བཞིན་མར་ཕེབས་ནས། །
འོལ་མོ་གླིང་ཆེན་དུ། །
སྐྱེ་བ་བཞེས་ཚུལ་བསྟན། །

ཐེག་པ་རིམ་དགུ་དང་། །
བརྒྱད་ཁྲི་བཞི་སྟོང་སོགས། །
གང་ཟག་བློ་ཚོད་དང་། །
མཐུན་པའི་བོན་བསྟན་གསུངས། །

བདག་སོགས་འགྲོ་བ་ལ། །
ཐུགས་བརྩེ་ཆེས་ཆེ་བའི། །
རྒྱལ་བ་གཤེན་རབ་མཆོག། །
བཀའ་དྲིན་ཤིན་ཏུ་ཆེ། །

རྒྱལ་བའི་རྒྱལ་ཚབ་མཆོག། །
མུ་ཆོ་ལྡེམ་དྲུག་ཅེས། །
མཁས་པའི་དབང་པོ་གཅིག། །
སླར་ཡང་མགོན་དུ་ཕེབས། །

ཁྱེད་ཀྱི་མཛད་རྗེས་སུ། །
གཡུང་དྲུང་བོན་བསྟན་ཉིད། །
སླར་ཡང་འཛམ་གླིང་དུ། །
མི་ནུབ་དར་ཆེན་བསྒྲེངས་།

སྔ་དར་མེས་པོ་ཞེས། །
མུ་ཆོ་ལྡེམ་དྲུག་དང་། །
རྒྱན་དྲུག་མཁས་བཞི་སོགས། །
སྐུ་དྲིན་བླ་ན་མེད། །

རྒྱལ་སྲིད་བོན་སྲིད་གཉིས། །
སེམས་ལ་མ་ཤོང་ནས། །
གྲི་གུམ་བཙན་པོ་ཡིས། །
བོན་བསྟན་སྣུབས་ཙམ་བྱས། །

འོན་ཀྱང་སྤུ་ལྡེ་ཞེས། །
བོན་གྱི་མགོན་དུ་ཕེབས། །
སླར་ཡང་བོན་ཁྲིམས་ཡི། །
སྲིད་པའི་ཐོ་ཆེན་གཙུག། །

སངས་རྒྱས་བསྟན་ལ་དད། །
ཁྲེལ་ཡོད་ངོ་ཚ་ཅན། །
སྤུ་ལྡེ་གུང་རྒྱལ་ནི། །
བོན་ལ་སྐུ་དྲིན་ཆེ། །

སྔོན་ཆད་སྤྲང་པོ་ཡི། །
སྨོན་ལམ་ངན་པའི་མཐུས། །
སླར་ཡང་བོད་ཡུལ་དུ། །
ཁྲི་སྲོང་ལྡེ་བཙན་ཞེས། །

བདུད་འདྲེ་མི་རུ་སྤྲུལ། །
སེམས་ལ་དུག་ལྔ་ཆེ། །
གཡུང་དྲུང་བོན་བསྟན་ལ། །
ཤིན་ཏུ་འཚེ་བ་བཏང་། །

དེ་དུས་བོན་བསྟན་ཉིད། །
ནུབ་ལ་ཉེ་བའི་སྐབས། །
དྲན་པ་ནམ་མཁའ་དང་། །
སྣང་བཞེར་ལོད་པོ་སོགས། །

སྐབས་རེ་བོན་གཏེར་སྦས། །
སྐབས་རེ་བན་ཚུལ་སྟོན། །
ཐབས་ཤེས་སྣ་ཚོགས་ཀྱིས། །
བོན་ལ་བཀའ་དྲིན་བསྐྱངས། །

དེ་ནས་ས་འོག་ནས། །
བོན་རྣམས་གཏེར་དུ་དྲང་། །
གཤེན་གྱེར་རྨ་དབྱིལ་སོགས། །
བཀའ་དྲིན་སླར་ཡང་དྲན། །

གཡུང་དྲུང་བོན་བསྟན་ཉིད། །
ཤིན་ཏུ་ཉག་ཕྲ་སྐབས། །
ཡུལ་ལུང་གང་ས་རུ། །
སླར་ཡང་སྤེལ་མཁན་གྱི། །

རྒྱལ་བ་གཉིས་པ་ཞེས། །
སངས་རྒྱས་རྣམ་སྤྲུལ་གཅིག། །
ས་སྟེང་ཡོངས་ལ་གྲགས། །
བོན་བསྟན་ཉི་བཞིན་ཤར། །

མཁན་རབས་རིམ་བྱོན་དང་། །
ཤར་རྫ་ཡབ་སྲས་སོགས། །
བསྟན་པའི་མཛེས་རྒྱན་རྣམས། །
བཀའ་དྲིན་བརྗེད་མི་སྲིད། །

བོན་གྱི་སྒོར་ཞུགས་པའི། །
གང་ཟག་སུ་ཡིན་ཡང། །
རང་གི་མེས་པོ་ཚོའི། །
བཀའ་དྲིན་བརྗེད་མི་རུང་། །

བློ་ལ་ཤར་ཚོད་ཙམ། །
ཤོག་བུ་དཀར་པོའི་ཐོག། །
སྨྱུག་གུ་ནག་པོ་ཡིས། །
ཡི་གེའི་གཟུགས་སུ་བཀོད། །


1577031808596001.jpg

          ༡༠༡༩.  ༡༢ .  ༢༡  ཉིན་གཞན་ཕན་བཟང་མོས་བྲིས།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།