༄༅། །ཁྱུང་ཡུལ་གསོ་རིག་གི་སློབ་དཔོན་ཆེན་མོ་དགུ་བ་བདེ་ཆེན་མཆོག་གི་རང་བཞིན་
མཐོང་ཐོས་མྱོང་གསུམ་མ་བཅོས་དྲང་པོར་
བརྗོད་པ་འོ་མའི་མཆོད་པ། །

དགུ༵་ཚིགས་ལྟ་བུའི་ནད་པའི་གྲངས་ཀ་ལ། །བ༵་མོར་ཉི་འོད་ཇི་བཞིན་ནད་གདུང་སེལ། །
བདེ༵་བ་སྒྲུབ་པའི་གསོ་བ་རིག་པ་ཡི། །ཆེན༵་པོའི་གཞུང་དང་ལག་ལེན་མཁས་ཁྱེད་འདུད། །
བཅོ་ལྔའི་ཟླ་བ་མཁའ་ནས་འཕགས་ན་ཡང་།།
འོད་ཀྱི་ཟེགས་མ་ས་གཞིར་བཏང་སྙོམས་འཕྲོ།།
ཁྱེད་ཀྱིས་ནད་པར་བལྟ་རེག་དྲི་བ་ཡང་།།
མཐོ་དམན་ཀུན་ལ་གཅིག་ཏུ་འཛིན་འདི་རྨད།།
འཇིག་རྟེན་ཁམས་འདིར་སྐུ་དངོས་བྱོན་པ་དང་།། ནད་ཀྱིས་གདུང་བའི་འགྲོ་ལ་སྨན་སྦྱིན་ཞིང་།།
སློབ་མར་གཞུང་དང་ལག་ལེན་གནད་བཀྲོལ་ན།། སངས་རྒྱས་སྨན་ལྷ་བཤེས་གཉེན་ཁྱེད་དང་མཚུངས།།ཉི
ས་སྟོང་བཅོ་ལྔར་བོད་སྨན་ཚན་ཁག་ནང་།།
ཆེད་མངག་གདན་འདྲེན་ཞུས་ཏེ་གཏར་དང་བསྲེག།
བློ་གསལ་སྦྱོང་འདོད་སློབ་མའི་ཚོགས་རྣམས་ལ།།
གསང་དམིགས་རེ་རེ་བཞིན་དུ་སློབ་ཁྲིད་གནང།།
སྒེར་གྱི་དོན་རྣམས་རྒྱང་རིང་ཕྱོགས་སུ་གཡུགས།། ནད་པ་གཟིགས་རྒྱུའི་ཐད་ལ་མགོ་བོ་འཁོར། །
ཁོ་བོས་ཁོང་ལ་ནད་བཅོས་བརྟག་བཅོས་སྐོར།། དཔྱད་རྩོམ་འབྲི་རྒྱུའི་རེ་ཞུ་ཐེངས་མང་ཞུས།།
གྲུམ་བུའི་བརྟག་བཅོས་ཞེས་པའི་དཔྱད་རྩོམ་ཞིག །
ཁྱུང་པོའི་སྨན་རྩིས་དུས་དེབ་སྟེང་དུ་བཀོད།།
ཀློག་པ་པོ་ཡི་མིག་མདུན་སྟོན་མོར་བཤམས།།
མང་པོ་ཞིག་གིས་རྩོམ་དེར་ཡིད་སྨོན་ཤོར། །
གཙང་གསུམ་གསོ་རིག་རྩོམ་བསྡུ་མཐོང་མ་ཐག །གྲུམ་བུའི་དཔྱད་རྩོམ་དེ་རུ་བསྐུར་བ་ཡིན།།
མཁས་མང་དབུས་ནས་ཕུལ་བྱུང་བྱ་དགའ་ཐོབ།། དེ་ནི་མི་ཚེའི་དཔྱད་རྩོམ་འགོ་མར་གསུངས། །
ཁྱུང་པོའི་བོད་སྨན་ཁང་གི་ཚན་ཁག་རྣམས།།
ནད་པར་ཞབས་ཞུ་ཐུབ་པའི་ལག་རྩལ་དང་།།
ནད་པས་ཡིད་ཆེས་གནང་བའི་བསྟི་གནས་གྱུར།།
དེ་ནི་སློབ་དཔོན་ཁྱེད་ཀྱི་སྐུ་དྲིན་དངོས། །
གོང་གི་སྒོ་བསྟེན་འོག་གི་སྡོད་བཅོས་ཁང་།། དོས་དྲག་དང་ནི་དཀྱུས་མའི་ནད་པ་ལ།།
ཕྱག་ལས་གཅིག་ལྕོགས་འགན་ཁུར་ཆེར་བཞེད་ནས།། ནད་པའི་དྲག་སྐྱེད་འཆི་མེད་གྲོང་ལ་བསྙེགས།།
ཁྱེད་ཀྱི་སེམས་པ་གངས་རི་དཀར་པོ་ཡིན།།
ཁྱེད་དང་གཤིབས་ན་གངས་ལ་ཉི་ཤར་བཞིན།།
ངང་རྒྱུད་རིང་བ་དལ་འགྲོའི་དཔལ་ལ་འགྲོགས།།
གཤིས་ཀ་འཇམ་པ་ལུ་གུའི་ཚར་ཆུང་མཚུངས།།
རྩེ་ཆུང་དང་ནི་ཐོང་རྩ་སྣོད་ཀ་ཚུན།། དཔྱད་མཆོག་གཏར་གའི་ཐད་ལ་ཤིན་ཏུ་མཁས།།
བཅོས་དཀའི་སྨུག་པོ་པགས་བྱེར་མེ་དབལ་ནད།། ཀླད་ཁྲག་ཤོར་རིགས་གཏར་དགོས་རིགས་ལ་མཁས།།
མེ་དཔྱད་ལའང་དེ་བཞིན་མཁས་པ་འོ།།
གྲུམ་བུའི་ནད་དང་རླུང་གྲིབ་ཁ་ཡོ་དང་།།
རུས་འཛེར་ནད་དང་མལ་གཅིན་འཆོར་བའི་ནད།།
ཁྲག་རླུང་ནད་ལ་མེ་བཅོས་བྱེད་པར་མཁས།།
སྨན་ཁང་ནང་དུ་བསྡད་པའི་ནད་པ་འགའ།། མཚན་གུང་ནད་ཚབས་ཆེ་རུ་གྱུར་པའི་དུས།།
ནད་གཞུང་ཆེན་པོའི་དུས་སུ་སྨན་པ་སྐྲག །དེ་དུས་འབོད་ས་ཁྱེད་ཉིད་མ་གཏོགས་མེད། །
ཁྱེད་ནི་ནད་པའི་ཆེད་དུ་ཕེབས་དགོས་ན།།
འགུལ་འཚེར་མེད་པ་ལོ་ཆུང་བྱིས་པར་མཚུངས།།
མཐའ་ན་གཟའ་མཇུག་ལའང་ནད་པའི་ཆེད།།
ངལ་བ་འཛེམ་མེད་བརྩེ་བས་ནད་པ་གཟིགས།།
བློ་རྡོ་ཞེས་པའི་གློ་ཚད་ནད་པ་ཞིག །རྣ་ཉན་སྤྱད་དེ་གློ་སྒྲ་ཉན་པའི་རྗེས།།
ཆུང་དུས་རྒྱུག་རྒྱུ་ཡག་པོ་ཡོད་དམ་དྲིས།། ཁོང་གིས་སྤྱང་ཀི་བཀར་ནས་བསད་མྱོང་ཟེར།།
དགེ་རྒན་ཁོང་གི་ནད་དཔྱད་རིག་པའི་ཐད།།
ང་ཚོ་ཚང་མ་ཡིད་ཀྱི་སྨོན་པས་བཏེགས།།
ད་དུང་དྲིས་པས་དབྱར་ཁ་ཚ་བའི་དུས།།
ཁལ་ཟོག་ཉིན་སྲིབ་གང་བཀར་ངལ་མེད་ཟེར།།
དུ་བ་རླངས་པར་འཁྲུལ་ལྟར་མ་ཡིན་པ།། ནད་ཀྱི་ངོས་འཛིན་ཐད་ལ་མཁས་པའི་ཕུལ།།
ལ་ལས་བཤད་ན་ཁྲིམས་ལུགས་སྨན་པ་དང་།། མངོན་ཤེས་འདུག་ཟེར་མཚན་གྱི་སྙན་པ་འབར། །
སྨན་རྩིས་ཁང་གི་སྨན་པ་ཐམས་ཅད་དང་།།
ཤང་དང་གྲོང་ཚོའི་ཟབ་སྦྱོང་འཛིན་གྲྭ་ཀུན།།
གདམས་ངག་དབྱར་གྱི་གྲུ་ཆར་རྟག་འཇོ་ནས།།
གསོ་རིག་ཟེའུ་འབྲུའི་མགོ་ལྕོག་དུད་པས་ལྗིད། །
བརྡ་དག་མཁས་ཤིང་ཡིག་གཟུགས་མིག་དབང་འཕྲོག། སྨན་སློབ་ཁ་ཤས་ལས་ཀའི་བར་གསེང་ཁྲོད།།
ཡིག་གཟུགས་འབྲི་སྟངས་བསླབས་ནས་དག་བཅོས་གནང་།། སྨན་པ་ཁྱེད་ནི་བོད་ཡིག་དགེ་རྒན་མཚུངས།།
ཁྱེད་ཀྱི་ཆེད་ལས་བོད་སྨན་ཡིན་པ་དང་།།
དེ་ལ་མཁས་པ་མཁས་པའི་ཡང་རྩེར་འདོད།།
རྒྱ་སྨན་ལ་ཡང་རྒྱུས་མངའ་ཆེར་ལྡན་པས།།
རྒྱ་སྨན་བོད་སྨན་ཀུན་གྱི་བཤེས་གཉེན་ཡིན།།
གྲོང་ཁྱེར་ཆེ་སར་ཕྱིན་པའི་ནད་པ་འགའ།། བཅོས་སུ་མེད་པའི་ནད་པ་ཚབས་ཆེན་རིགས།།
ཁོང་གིས་བཅོས་སྟེ་འཆི་མེད་དཔལ་སྟེར་བ།། ནད་པ་ནད་གཡོག་ཚང་མས་ཁ་གཡང་སྨོན།།
ཤང་དང་རྫོང་གི་གཞུང་དང་སྒེར་གཉེར་གྱི།།
སྨན་ཁང་ཆེ་ཆུང་འཛིན་པའི་འཁྱུད་དཔྱད་ཚོས།།
ཚབས་ཆེའི་ནད་པ་འཕྲད་པའི་དུས་སུ་འང་།།
དགེ་རྒན་ཁྱེད་ནི་བཀའ་འདྲི་ཞུ་ཡུལ་ཡིན།།
སྟེང་ཆེན་རྫོང་གི་ལས་རིགས་ལག་རྩལ་གྱི།། བོད་སྨན་འཛིན་གྲྭའི་སློབ་མ་རྣམ་པ་ཡི། །
གཞུང་གི་དོན་ཤེས་ལས་རྣམས་མཐོང་ཞིང་གཙང་།། ལུང་གིས་ཟིན་པའི་གདན་ཞུའི་སློབ་དཔོན་ཡིན།།
ཁོང་གིས་རྟག་ཏུ་ང་ཚོར་བསླབ་བྱ་ནི།།
ནད་བཅོས་རིགས་གཅིག་ཆེད་མཁས་དགོས་པར་སྐུལ།།
ང་འདྲར་སྣ་མང་འཇུས་ན་མི་ལེགས་གསུངས།།
སྨན་པ་རྣམས་ལ་ནད་བཅོས་ལས་བགོས་བརྒྱབ།།
རྒྱུད་བཞིའི་སྨན་སྦྱོར་བསྡུ་སྒྲིག་གཡང་དགེ་གཅིག། སྣོད་ཀྱི་མཁྲིས་སྐྲན་བསམ་གཏན་ནོར་བུ་གཉིས།།
མཆིན་སྲིན་ནད་ལ་བསྟན་འཛིན་ཡེ་ཤེས་གསུམ།། དཔྱད་མཆོག་གཏར་གར་ནམ་མཁའ་བློ་གྲོས་བཞི། །
མོ་ནད་སྐོར་ལ་བསོད་ནམས་གཡང་མཚོ་ལྔ། །
གཞང་འབྲུམ་ནད་ལ་བསོད་ནམས་འབྲུག་གྲགས་དྲུག །
གཏར་དང་བསྲེག་ལ་གངས་དགའ་གྲགས་པ་བདུན།།
དྲེག་མཚོག་དཔྲལ་རྩ་པདྨ་ཚེ་མཚོ་བརྒྱད།།
འཇམ་དཔྱད་ཁང་ལ་གྲ་ཁྲག་རྒྱག་སྟངས་དང་།། པུས་མོར་ཆུ་སེར་བསགས་པ་ཕྱིར་འདྲེན་རྒྱུ། །
མིག་རྩའི་མཆི་སྣོད་འགགས་པ་བསལ་ཐབས་དང་།། མེ་བུམ་རྒྱག་སྟངས་ལ་སོགས་བསླབ་པ་དགུ། །
རུས་པ་ཆག་པ་བཅིང་ཞིང་ཤོར་བ་བཙུད།།
འགྲོ་གྲོན་ཆུང་ཞིང་ནད་པར་ཕན་ཐོགས་ཆེ།།
མེས་པོའི་སྲོལ་རྒྱུན་ཕྱག་ལེན་མ་ཉམས་པ།།
གོང་ནས་གོང་དུ་སློབ་མའི་རྒྱུད་ལ་སྤེལ།།
ཁོང་གིས་སྒོ་བསྟེན་ནད་པ་གཟིགས་པའི་སྐབས།། ནད་པ་དང་ནི་སྐལ་ལྡན་བུ་སློབ་རྣམས།།
ཁོང་གི་མདུན་དུ་ཕྱེ་མར་བཞིན་དུ་སྤུངས།། ནད་པ་འཁོར་ས་སློབ་མ་འཁྲི་ས་ཡིན།།
རེས་གཟའ་མིག་དམར་པ་སངས་སྔ་དྲོའི་རིང་།།
དགེ་རྒན་ཁྱེད་ཉིད་ནད་ཁང་ཞིབ་བཤེར་ཕེབས།།
སྨན་ཕྲུག་རྣམས་ལ་རང་རྐྱ་འཕེར་བའི་ཆེད།།
རྩ་ཆུ་ན་ལུགས་ང་ཚོར་ཡང་ཡང་བསླབས། །
སྟེང་ཆེན་རྒན་གསོ་ཁང་གིས་ཟླ་རེ་བཞིན།། ཆེད་མངག་གདན་ཞུའི་ནད་བཅོས་མཁས་དབང་དང་།།
ག་ངས་ཕུན་ཚོགས་བོད་ལུགས་སྨན་ཁང་གི། ཆེད་མངག་གདན་ཞུ་བློ་འདྲིའི་མཁས་དབང་ཡིན།།
སྐུ་སྲོག་སྲ་བ་བྲག་གི་རང་བཞིན་དང་།།
སྐུ་ཚེ་རིང་བ་དལ་འགྲོའི་ངང་ཚུལ་ལྟར། །
ཚེ་སྲོག་ཉི་ཟླའི་དཔལ་དང་མཉམ་འགྲོགས་ནས།།
མཛད་པ་འཕྲིན་ལས་ནམ་མཁའི་མཐའ་མཉམ་ཤོག །
བྱམས་དང་སྙིང་རྗེས་རྒྱུད་བརླན་ཞིང་བོད་ཀྱི་གསོ་བ་རིག་པར་ལྷག་བསམ་དཀར་པོས་དར་སྤེལ་དང་བརྒྱུད་འཛིན་གནང་མཁན་ཁྱུང་པོའི་བོད་སྨན་ཁང་གི་དགེ་རྒན་ཆེན་མོ་དགུ་བ་བདེ་ཆེན་མཆོག་གི་ཞབས་ལ་གཏུགས་ནས་མཐོང་བ་བརྒྱུད་པའི་ལག་ལེན་དམར་ཁྲིད་དང་། ནད་སྨན་སྤྲད་སྟངས། གཞུང་ལུགས་ཀྱི་དཀའ་གནད་བཀའ་འདྲི་ཞུ་སའི་སློབ་དཔོན་དུ་བསྟེན་ནས་ལོ་ལྔ་ལ་ཉེ་བར་གྱུར་པའི་སློབ་མའི་གྲལ་མཐའ་འཛིན་པ་དང་ལས་རིགས་ལག་རྩལ་སློབ་གྲྭའི་བོད་སྨན་དགེ་མིང་འཛིན་པ་སྐྱ་ཤོག་ལྷ་རྗེའམ་གངས་དགའ་གྲགས་པར་འབོད་པ་དེས་ཁོང་གི་མཛད་འཕྲིན་རྒྱ་མཚོ་ཆེན་པོ་ལས་ཆུ་ཐིགས་ཙམ་ཞིག་མ་བཅོས་དྲང་པོའི་ལམ་ནས་སྤྱི་ལོ་༢༠༡༩ལོའི་ཟླ་བ་༩པའི་ཚེས་༥ཉིན་མཇུག་གྲུབ་སྟེ་ཡི་གེར་ཕབ་པའོ།།