༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 23
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 6 བསྟོད་ཚིག
6 བསྟོད་ཚིག
སེམས་ངོགས་ན་གསལ་བའི་འོད་ཀྱི་ཉི་མ་གཞོན་ནུ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2019-08-13] [རྩོམ་པ་པོ།:སྣང་གསལ་ཉི་འོད།] [གཟིགས་ཐེངས:]

QQ图片20190813124751.jpg

༡ 

     དེ་ཡང་ཐོག་མའི་ཀུན་སློང་དང་སྦྲེལ་ནས་རིམ་པར་ཞུས་ན།སྔར་དར་གཡུང་དྲུང་གི་བོན་རིན་པོ་ཆེའི་ལོ་རྒྱུས་མཆེད་མྱོང་ཞིང་རིམ་གྱིན་བླ་རབས་རིམ་བྱོན་གྱིས་མུ་ཏིག་ཕྲེང་བ་བསྟར་བསྒྲིག་ནས་བཤད་སྒྲུབ་འཁོར་ལོ་ཟུང་གིས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གནང་པ་དང་།དུས་རབས་ཉི་ཤུ་པའི་སྨད་ནས་རེ་ཞིག་བསྟན་པ་འདི་ཉིད་འགྲིབ་དགོས་བྱུང་བ་དང་སྦྲགས།སྨྲ་དབང་མཆོག་གི་ཐུགས་བརྩེ་བ་ཆེན་པོའི་ཐོག་ནས་སྤྱིར་བོན་གྱི་ལོ་རྒྱུས་ཐོག་ནས་ཡུན་རིང་ཤོས་གྲས་དང་།གཉིས་ནས་མཆོད་སྡེ་མང་པོའི་བཀུར་འོས་སུ་གྱུར་པའི་གདན་ས་རྩ་ཆེན་ཡིན་པ་བཅས་ལ་གཟིགས་རྟོགས་གནང་མཐར།དགོན་འདི་ཉིད་བསྐྱར་གསོ་གནང་རྒྱུའི་ལྗགས་ལུང་བསྩལ་བ་དང་ལྷན་དུ་ཁྲི་རབས་ཉེར་དྲུག་པ་བསྐོ་བཞག་མཛད།སྔར་རྒྱུན་བཞིན་བཤད་སྒྲུབ་བསྟན་པ་བསྐྱང་རྒྱུའི་བཀའ་དྲིན་རྗེས་བཞག་མཛད་གནང་པ་དང་འབྲེལ།ལོ་དང་ཟླ་བའི་ཡུན་ལ་བསྐྱལ་ནས་ཆོ་ག་ཕྱག་ལེན་དང་འབྲེལ་བའི་སྲོལ་བཟང་བསྐྱངས་ནས་ཁྲི་རབས་ཉེར་བདུན་པ་མཆོག་ལ་བཀས་བཀོད་གནང་གྲུབ།དམ་པ་གང་དེས་འགྲོ་བ་གཞན་ངོར་གཟིགས་ནས་དགོངས་པ་བོན་དབྱིངས་སུ་བསྡུས་པ་དང་།ཁྱུང་ཡུལ་འགྲོ་བའི་སྒྲོན་མེ་ཞེས་པའི་བླ་དྭགས་གཅིག་དངོས་སུ་འདོགས་མྱོང་བའི་དམ་པ་གང་དེའི་གདུང་འཚོབ་ཆེན་མོ་སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་ཐུགས་དགོངས་ཆེར་བཞེས་ཀྱིས།ཤར་རྫའི་མཛོད་ཆེན་སྡེ་ལྔས་སྒྲུབ་སྒོམ་གཉིས་ཀྱི་ཕྱག་ལེན་བསྐྱངས་ནས་མི་ལོ་ཉེར་ལྔར་སོན་པ་དང་སྐྱབས་རྗེ་མཆོག་གིས་དགོན་འདིའི་བཅའ་གཞི་དང་སྒྲིག་འཛུགས་སོགས་ཕྱག་བརྩམས་མང་དུ་མཆིས།ཕྱི་ལོ་༡༩༩༩ལོར་སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་གིས་ཐུགས་རྗེ་བཀའ་དྲིན་འོག་འཕཊ་ཡུལ་སྨན་རི་གླིང་གི་ཕྱག་སྲོལ་གཞིར་བཞག་ཐོག་སྔར་བཞིན་གནས་འདིར་བཤད་སྡེ་བཙུགས་ནས་མི་ལོ་ཉི་ཤུ་ལྷག་གི་རིང་།«ཉིན་གི་མི་དང་མཚན་གི་ཁྱི་བཞིན།» ཞེས་པའི་དཔེ་དོན་ཐུགས་སུ་བལྟམས་ནས།ཕྱི་ཡི་ནབ་བཟའ་མཆོད་སྟངས་དང་ནང་གི་སློབ་པ་སློབ་གཉེར་གནང་སྟངས་སོགས་འདོད་ཆུང་ཆོག་ཤེས་དང་འགྲོགས་འདྲིས་གནང་ནས་ཆ་ལུགས་ཞལ་ཏས།ཉིན་གཅིག་གི་རིང་ལ་ཡང་སྐར་ཆ་གཅིག་གི་ཡུན་ལ་ལྷོད་གཡེང་མ་ཤོར་བའི་ཐོག་ནས་བྱམས་བརྩེའི་སྦྲང་ཆར་བསྙིལ་ཞིང་།སློབ་འབངས་རྣམས་ཀྱིས་ཀྱང་དད་པའི་ཕྱག་སོར་སྙིང་ཁར་ཟླུམ་ཞིང་།ཡ་ཐོད་མིག་དང་ཡ་ཁོག་སྙིང་བཞིན་དད་འདུན་དྲག་པོས་གཅེས་བསྐྱངས་གནང་དང་གནང་མུས་སུ་མཆིས་ལ།ཕྱོགས་དང་རིས་སུ་མེད་པ་གང་ནས་ཕེབས་འདོད་གནང་པ་ཡིན་ན་«བོན་གྱི་སྡོང་གྲོགས་བོན་གྱིས་བྱེད།»གསུང་པ་བཞིན་གནང་ནས།ཁྱིམ་གཅིག་གི་མི་དང་གླིང་གཅིག་གི་ཁོངས་གཏོགས་ཡིན་པས་འདུ་ཤེས་འཆང་ནས།རྣམ་བཞི་འཁོར་ལོའི་སྲོལ་བཟང་བརྙེས་ཤིང་ཞི་བདེ་ལྷིང་འཇགས་ཀྱི་ཁོར་ཡུག་ཞིག་བསྐྲུན་ཡོད་པའི་རྒྱུ་མཚན་ཉག་ཅིག་ལ་བརྟེན་ནས་ཁྱེད་ཉིད་གླིང་འདིར་འབྱོར་རྒྱུའི་ཐུགས་སྤོབས་སྐྱེས་ཤིང་།དེའི་སྔོན་ལ་ཁྱེད་ཉིད་ལ་སྐྱེས་ཐབས་ཤེས་རབ་ཀྱི་མར་ཁུ་འཁྱིལ་ཞིང་།སྦྱོང་སྟོབས་བརྩོན་འགྲུས་ཀྱི་གོམ་ཁ་མ་ཉམ་པའི་དན་རྟགས་སུ།མེ་སྟོན་གདན་ས་མཐོང་གྲོལ་རི་ཁྲོད་དགོན་གྱི་སྒྲུབ་ཆེན་སྐབས།སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་དང་རིགས་པ་སྨྲ་བ་འགས་འདུས་མང་ཁྲོད་དུ་རྩོད་པ་བོན་གྱི་འཁོར་ལོ་བསྐོར་བའི་ངང་ཚུལ་མཇལ་ཙམ་གྱིས་དད་པའི་སྤུ་ལོངས་གཡོས་ནས་སྔར་གྱི་ལས་འཕྲོ་སད་པ་དང་།འདི་ལྟ་བུའི་རྩོད་པའི་རྣམ་བཞག་གཅིག་མཁས་ན་ཅི་མ་རུང་སྙམ་པའི་ཚོར་སྣང་ཤུགས་ཆེར་བྱུང་ཚུལ་སོགས།འོ་ཅག་སློབ་འབངས་ཡོངས་ལ་ཐད་ཀར་ཡང་ནས་ཡང་དུ་གསུང་མྱངས་ཡོད་ལ།འདི་དག་ནི་དགོན་འདི་ཡི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཕྱོགས་དང་ཆ་སྦྲེལ་ནས་ཐོག་མའི་ཀུན་སློང་གནང་སྟངས་སྐོར་ལ་སྔོན་འགྲོའི་རིམ་པ་རོབ་ཙམ་དཔྱད་པ་བྱས་པས་ཁུལ་ཡིན་ནོ།


     ཕྱི་ལོ་༢༠༠༥ལོར་རང་ཁྱིམ་མཁར་སྤ་ཚང་གི་གཞིས་ཀ་ནས་དམ་བཅའ་རྡོ་རྗེའི་བྲག་ལས་སྲ་བ་ཞིག་བཞག་ཡོད་པ་ནི་«ངས་ནད་ན་ཚ་ཕྲན་བུ་ཞིག་དང་རྒྱུ་མཚན་ཕྲ་མོ་ཙམ་ལ་བརྟེན་ནས་སློབ་གླིང་འདིར་འབྱོར་བ་ནས་བཟུང་ཕྱི་འཐེན་བྱ་རྒྱུ་མིན།»ཞེས་ངོ་མཚར་ཆེ་བའི་ཁ་ཐེག་མང་པོ་ཞིག་དགེ་བའི་བཤེས་ཀྱི་མཚན་འཛིན་ལ་ཉེ་བའི་སྐབས་ཤིག་ཏུ་གསུང་པ་དང་།དུས་དང་རྣམ་པ་ཀུན་ཏུ་ཕ་མ་ལས་ལྷག་པའི་བྱམས་བརྩེས་གཟིགས་སྐྱོང་གནང་ཞིང་།བཀའ་དྲིན་གཞའ་མཐའ་དང་བྲལ་བའི་དཔལ་ལྡན་རྩ་བའི་བླ་མ་སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་གི་སྐུ་མདུན་དུ་གཅར་ནས།དགོན་འདིར་བཤད་སྒྲུབ་སློབ་གླིང་དུ་ཞུགས་རྒྱུའི་སྙན་ཞུས་ཕུལ་རྗེས།རྟེན་འབྲེལ་ལྷ་དར་དཀར་པོས་སྣ་དྲངས་ནས་ཐུགས་དགྱེས་ཚོར་ཆེན་པོར་གནང་།སྐབས་དེར་རིན་པོ་ཆེ་མཆོག་གིས་ཀྱང་བསྟན་པ་སྤྱི་ལ་ཕན་པའི་མཁས་བཙུན་བཟང་གསུམ་ཅན་ཞིག་འགྱུར་བ་ངོ་མཚར་གྱི་ཉམས་སྣང་འཆར།མི་འགྱང་བར་ཚེས་བཟང་དུས་བཟང་ཞིག་གི་བགོ་སྐལ་དང་བསྟུན་ནས་འགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་འཚོགས་པའི་སྒོ་ནས་རྒྱུད་རིམ་དང་འབྲེལ་བའི་སྐོར་རོབ་ཙམ་འཆད་པ་ལ་གསུམ་ཡོད་པས།དང་པོ་ནི།«གཟུགས་གཞི་བདེ་ཐང་ནི་ཡོད་ཚད་ཀྱི་གཞི་མ་ཡིན།»ཞེས་པའི་དཔེ་ལྟར།སྤྱི་ཡི་ཆ་ནས་ཁྱེད་ཉིད་གཟུགས་གཞི་བདེ་ཐང་ཡག་པོ་ཡོད་ནའང་།འོན་ཀྱང་དྲག་བར་དཀའ་བའི་སྙུང་གཞི་ཆུང་ཆུང་ཞིག་རྒྱུན་པར་མངའ་ཡོད་པས།དེར་བརྟེན།སྒྲིག་ཞུགས་སྐབས་སུ་དེ་འདྲའི་རིགས་ལ་འཛེམ་ཟོན་མེད་པར་རྩམ་རྐྱང་ཆུ་རྐྱང་གིས་ཡུན་ལ་བསྐྱལ་ནས་ལོ་གྲངས་བདུན་བརྒྱད་ཙམ་ཕྱིན་མྱོང་ལ།སྣུམ་ཟས་རིགས་མ་གསོལ་ནས་འབྲས་རྐྱང་པ་ཙམ་བཞེས་པ་དེ་བཞིན་ཡིན།ཡིན་ནའང་།དུས་རྒྱུན་ཞོགས་པ་སྔར་པོ་ལངས་ནས་སྐུ་ཁྲུས་གསོལ་གྲུབ།གསོལ་འདེབས་རྣམ་གསུམ་སོཊ་དབྱངས་རྗེས་སྐབས་བབས་ཀྱི་གཞུང་གང་ཡིན་པ་ནང་ནས་གལ་གནད་ཆེ་བའི་རིགས་ངག་རྒྱུགས་ཐེབས་པར་མཛད་ནས་དགོང་དག་འཚོགས་གྲོལ་རྗེས།དུས་ཚོད་༧-༣༠ནས་མཚན་མོ་དུས་ཚོད་༣-༠༠དང་༤-༠༠བར་དཔེ་གཟིགས་མང་པོ་མཛད་མྱོང་ཡོད་ཚུལ་གོ་མྱངས།མ་གཞི་འགོ་བསྡུས་གྲྭ་ནས་བཟུང་མཇུག་རྫོགས་ཆེན་བར་ཉིན་གཅིག་གི་རིང་ལ་ཡང་ཐང་ཆད་ནས་ལྷོད་གཡེང་ཤོར་བ་ལྟ་བུའི་རྣམ་འགྱུར་གཏན་ནས་མ་མཛད་པར་ག་དུས་ཡིན་ཡང་།བརྩོན་འགྲུས་ཀྱི་རྟ་ཕོ་ཞོན་ཞིང་ཤེས་རབ་ཀྱིས་གོམས་ཁ་འགྲུས་ནས།དཀའ་བ་བརྒྱ་དང་ཧུར་བརྩོན་སྟོང་གིས་ནུས་པ་འདོན་ནས་མཁྱེན་བརྩེའི་ཡོན་ཏན་ཀུན་རྫོགས་ཤིང་།བསྔཊ་བརྗོད་ཀྱི་མེ་ཏོག་འཐོར་བ་དང་།ཀུན་གྱི་འདོད་མོས་ཀྱིས།«དགེ་སྐོས་དང་།དཔེ་ཁྲིད་དགེ་རྒན།བཙུགས་དཔོན།སྐབས་བརྒྱད་པའི་ཁྲོ་ཕུར་སྨན་སྒྲུབ་ཆེན་མོའི་དབུ་མཛད་རྒན་པ།»བཅས་འདེམས་ཐོན་བྱུང་།གཉིས།ཚང་དབྱངས་དྲུག་ཅུའི་གཟི་བྱིན་འཁྱིལ་བ་ལྟ་བུའི་སྙན་ཞིང་འཇེབས་པའི་གདངས་དབྱངས་ཤིག་མནོས་ཡོད་པས།དགོན་འདིར་ལོ་ལྟར་རེ་བཞིན་«ཀུན་རིག་ལས་བཞི་རྒྱུན་ལྔའི་གཞུང་སྲང་།»སྐབས་དབུ་མཛད་རྒན་པ་གྲས་དང་།མ་རྟོག་ལོ་རྟོག་སྒྲོ་འདོགས་སོགས་གཞོམ་ཕྱིར་རྣམ་པར་རྒྱལ་བའི་ངང་ཚུལ་བཞིན་རྩོད་པའི་འཕྲུལ་འཁོར་བསྐོར་ཞིང་།ཁྱེད་ཉིད་ས་ལམ་འཛིན་གྲྭ་ནས་བཟུང་ངེད་«མཉམ་འཛོམས་གླིང་།»ལ་འགོ་བསྡུས་གྲྭ་ནས་མཇུག་ཕར་ཕྱིན་ཡན་ཆད་འཆད་འཁྲིད་གསེར་གྱི་ཞུན་མ་ལྟ་བུས་བཀའ་དྲིན་ཆད་མེད་བསྩལ་ཡོད་པས་རྒྱུ་མཚན་ལ་བརྟེན་ནས།ངེད་སློབ་འབངས་ཡོངས་ཀྱིས་བཀའ་དྲིན་དུས་ནམ་ཡང་བརྗེད་མི་སྲིད་ལ།རིམ་གྱིན་ངག་དབང་དབྱངས་ཅན་ལྷ་མོའི་མགྲིན་དབྱངས་ལ་རྩེན་ཞིང་མཁས་གྲུབ་གཉིས་ལྡན་གྱི་རྩོམ་རྩལ་དང་འགྲོཊ་འདྲིས་གནང་མཐར།«ཁྱུང་སྐད་ལྷང་ལྷང་།»དང་«སྲིད་པའི་གང་རྒྱངས།» ཟུང་སྔ་ཕྱི་རིམ་པར་ཀློག་པ་པོའི་སྤྱན་ལམ་དུ་འགྲེམས་སྤེལ་གནང་ཞིང་།གཞན་ལོ་དེབ་དང་རྗེས་དྲན་ཕྱོགས་བསྒྲིགས་«མེ་ལོང་ཡེ་ཤེས་དང་ཧི་བོན་དྲྭ་བ།»སོགས་དཔྱད་བརྗོད་དང་སྙན་ཚིག་སོགས་རྩོམ་རིགས་དུ་མ་བཀོད་མྱངས་ལ།ངེད་སློབ་གྲོགས་ཚོ་ལ་ཡང་ཐུགས་བརྩེ་བ་ཆེན་པོས་ཐོག་ནས་འཆད་འཁྲིད་བར་གསེང་དུ་གདམ་ངག་མང་པོ་སྟེར་བའི་རྒྱུད་རིམ་ཁྲོད།བདག་གི་ཡིད་ངོས་སུ་ཡོད་པ་ནི་«སྒྲིག་ཞུགས་སྐབས་ལོ་ཡི་གྲང་ཁ་དང་སློབ་ཁྲིམས་བསྲུང་སྟངས་སྐོར་ལ་ངལ་བ་མི་དཀྱེར་པར།དེ་དག་སྣང་མེད་དུ་ཐོང་ཞོག་དང་སུན་སྣང་རང་བཞིན་གྱིས་ཞི་འགྲོ་བ་རེད།»ལྟ་བུ།«སློབ་ཁྲིད་ཉན་སྐབས་དེ་རིང་སྐྱིད་པོ་འདུག་ནས་ཕྱིས་སུ་ཡག་པོ་སྦྱོང་མ་བསམ་མ་གཏོགས།ཕྱིས་སུ་རྒྱ་ཆ་བརྒྱ་ཡི་ལྷོད་གཡེང་ཤོར་འགྲོ་བ་རེད།» ལྟ་བུ།དེ་བཞིན་«ག་རེ་སྦྱོང་པ་བྱས་ན།དེ་ལ་སྣང་མེད་གཏན་ནས་གཏོང་མི་རུང་།མུ་མཐུད་འབད་བརྩོན་གནང་དགོས།»ལྟ་བུ།ད་དུང་ཡང་«ཉིན་རེའི་ཁྲིད་ཀ་དེ་ཉིན་རེར་ལྟ་རྟོགས་དགོས་པ།ཤིན་ཏུ་ནས་ཀྱང་གལ་འགངས་ཆེ།དེ་མིན་ཡུན་རིང་པོར་འབྱོངས་སོང་ན་ད་གཟོད་ཡིད་ལ་ཡོད་པ་དེ་རིམ་བཞིན་ཡལ་འགྲོ་ཡི་རེད།དཔེར་ན།ཉིན་རེའི་ཁུར་པོ་དེ་ཉིན་རེར་ཞོག་ཐུབ་པ་བྱས་ན་ཡག་གི་རེད་མ་གཏོགས།རིམ་བཞིན་མང་པོ་རྒྱུ་སོང་ན་དཀའ་ངལ་ཆེ་བ་ནང་བཞིན་རེད།» ལྟ་བུ་ཚིག་ཙམ་མ་ཡིན་པར།དོན་ཉམས་མྱོང་ལ་བརྟེན་ནས་བྱུང་བའི་གདམ་ངག་ཤ་སྟག་གོ།ངོས་ནས་ཀྱང་ག་དུས་ཡིན་ན་བདེན་ཁ་བསླུ་མིན་ལ་མ་ལྟོས་པར་གང་གསུང་པ་ཐམས་ཅད་མིག་མཐོང་ལག་ཟིན་དུ་གྱུར་འདུག་བསམ་པ་བྱུང་སོང་།གསུམ།«དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས།བར་དུ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས།» གསུང་པ་བཞིན།ཁྱེད་ཉིད་འཕྲུལ་ཡིག་བཞི་བཅུར་ནང་བྱན་ཆུད་པ་ནས་བཟུང་རྩེ་དྲུག་ཏུ་གྲུབ་ཆེན་རིན་པོ་ཆེའི་སྐྱབས་འོག་ཏུ་ཚུད་ནས་བོན་སྔོན་འགྲོ་དངོས་གཞིའི་གཟི་བྱིན་འཇོ་ཞིང་།བྱིན་རློབས་ཀྱི་མཚན་ཁ་རབ་ཏུ་འབར་བ་དང་།གཞན་ཁྱུང་རྫོང་མགོར་«སྲིན་འཕན་ཚང་»གི་དགེ་སློང་ཞིག་གཤེགས་དམ་པ་དེའི་དྲུང་དུ་ཆོ་ག་ཕྱག་ལེན་ལ་སོགས་པ་ཚེགས་མེད་དུ་མཁྱེན་པ་དང་།རྟེན་འབྲེལ་གྱི་བརྡ་མཚོན་མང་དུ་མཛད་ནས་དགོན་འདིར་འབྱོར་རྗེས་ཀུན་སློང་གཙང་མས་དད་ལྡན་དྭངས་བ་འདྲེན་པ་བཅས་ལ་སེམས་ནས།དམར་སེར་ངུར་སྨྲིག་བརྒྱ་ཕྲག་འཛིན་པ་ཀུན་གྱིས་མིག་དཔེ་རུ་གྱུར་ཞིང་།ཁྱེད་ཀྱི་མཆེད་གྲོགས་དམ་པ་དགེ་བཤེས་རིག་རང་འབར་གྱི་རྩོམ་དེབ་གཉིས་པ་«ཁ་གསེར་ཁ་གཡུ།»ནང་རྩོམ་པ་པོའི་མཚམས་སྦྱོར་ཕུལ་བ་དང་།ཉིད་ཀྱི་སློབ་འབངས་བ་ཁྲི་རབ་ཀྱི་རྩོམ་དེབ་«འཆད་རའི་དྷི་སྒྲ»ཞེས་པའི་ཁ་བྱང་བསྩལ་གནང་བ་དང་།གཞོན་སྐྱེས་སྙན་དངགས་པ་ཡོངས་ལ་ཆེད་དུ་དམིགས་ནས་«དབྱངས་གསལ་རླབས་སྒྲ།»ཞེས་པའི་སྒེར་གཉེར་ཚགས་པར་འདོན་ཐེངས་བཅུ་ལྷག་སྤེལ་ནས་འགྲོ་གྲོན་དང་བཅས་པ་བཀའ་དྲིན་བླ་ན་མེད་པ་བསྩལ་མཛད་པ་དང་།ལོ་དྲུག་གི་གོང་ནས་ཁྱུང་པོ་སྟེང་ཆེན་དགོན་ནས་འགྲེམས་སྤེལ་ཞུས་པའི་«གསུང་རབས་སྒོ་མཛོད་རིན་པོ་ཆེའི་གླེགས་བམ།» དཀར་ཆག་དག་སྒྲིག་ཞུས་པ་བཅས་ཀྱི་རྣམ་དཀར་མཛད་བཟང་རིམ་པར་གྲུབ།


     ཕྱི་ལོ་༢༠༡༦མེ་སྤྲེལ་ལོར།དགོན་འདིར་ཀུ་རིག་ལས་བཞི་རྒྱུན་ལྔའི་མཆོད་འཚོགས་དང་འབྲེལ།སྐྱབས་རྗེ་མཁན་སློབ་རྣམ་པ་གཙོས་པའི་ངུར་སྨྲིག་གི་ཁ་དོག་འཆང་བའི་དམར་སེར་འདུས་རྒྱ་མཚོའི་དཀྱིལ་དུ།གཞུང་སྡེ་སྣོད་གསུམ་ལ་འཆད་ཉན་དང་ལམ་བསླབ་པ་གསུམ་ཉམས་ལེན་གནང་བའི་འབྲས་རྟགས་སུ་སྐབས་ལྔ་པའི་དགེ་བཤེས་དམ་བཅའ་ཆེན་མོ་བཞག་ནས།མཐར་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་བཏགས་བཞེས་ནས་དགོན་འདིར་ཁྲི་སྐོས་མངའ་གསོལ་ཞུས།ལོ་དེར་སྐྱབས་རྗེ་མཁན་སློབ་རྣམ་པའི་དགོངས་བཞེད་ལྟར་དགོན་འདིར་བཤད་གྲྭའི་དགེ་རྒན་ཆེན་མོའི་ཐུགས་འགན་བཞེས་པ་དང་།དུས་མཚུངས་སུ་དགོན་པ་གྲྭ་ཚང་གི་ལས་དོན་ཕྲག་ཏུ་བཞེས་ནས་བསྟན་དོན་མཛད་འཕྲིན་བསྐྱངས་པ་དང་།ཕྱི་ལོ་༢༠༡༧མེ་མོ་བྱ་ཡི་ལོར།དགོན་འདིར་བཀའ་དྲིན་ཤིན་ཏུ་ཆེ་བའི་སྐྱབས་རྗེ་མཁན་སློབ་རྣམ་གཉིས་དང་གྲྭ་ཚང་མཁན་རིན་པོ་ཆེ་སོགས་ལ་ཁྱུང་ནག་དགོན་གྱི་ལྷ་སྡེ་མི་སྡེ་ཡོངས་ཀྱི་གཙོར་ཆེར་འགས་བཀའ་འདྲི་དང་དགོངས་སྐོར་དུ་མར་ཞུས་རྗེས།ཁྱུང་ནག་དགོན་དུ་«སྒོ་བཞི་མཛོད་ལྔའི་བཤད་གྲྭའི།» སློབ་དཔོན་གྱི་ཕྱག་ལེན་གནང་རྒྱུ་བྱས།མཐར་ཞོགས་པའི་སྐྱ་རེངས་དང་འགྲོགས་ནས་དར་མཚོན་སྣ་ལྔས་མཐའ་བརྒྱན་ནས་ཆིབས་འཁོར་དུ་མས་ཕེབས་བསུ་ཞུས་པ་དང་།ཁྱུང་ནག་བསམ་གཏན་གླིང་གི་མཆོད་སྡེ་དང་འདུས་མང་བྱིངས་ནས་སེར་ཕྲེང་བསྒྲིགས་ཏེ་གཅན་ལྔ་རིན་ཆེན་སྤུངས་པའི་ཁྲི་རུ་སློབ་དཔོན་རིན་པོ་ཆེའི་མཚན་སྙན་ཕུལ་བ་དང་ལྷན་དུ་སྐུ་གསུང་ཐུགས་རྟེན་དང་མནྜལ་འདེགས་འབུལ་བཅས་རིམ་པར་ཞུས།མི་འགྱང་བར་དུས་བཟང་ཚེས་བཟང་ཞིག་གི་བགོ་སྐལ་དང་བསྟུན་ནས།སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་དང་སྒྲུབ་མཁན་རིན་པོ་ཆེ་རྣམ་པ་ཟུང་རང་དགོན་ནས་གདན་ཞུས་ཀྱིས་«སྒོ་བཞི་མཛོད་ལྔའི་བཤད་གྲྭ།»དབུ་ཚུགས་ནས་མཛད་སྒོ་ཡོངས་སུ་མཇུག་གྲུབ་པ་དང་།རིམ་བཞིན་འཁོར་དུས་ཀྱི་འགྲོས་དང་བསྟུན་ནས་«གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི།»ཕྱག་སྲོལ་ཇི་བཞིན།ཁྱུང་ནག་བསམ་གཏན་གླིང་དུ་བཤད་སྒྲུབ་བསྟན་པའི་དབུགས་རྒྱུན་སླར་གསོ་བྱུང་ནས་མི་ལོ་བཞི་ལ་ཉེ་བ་དང་འབྲེལ།«ཚད་མའི་རིགས་སྒྲ་དང་།ལོ་འཁོར་མཇུག་བསྡོམས་འཚོགས་འདུ།གཞུང་རྒྱུགས་དང་རིགས་གནས་རྒྱུགས།རྩོད་རྒྱུགས་།» སོགས་ལོ་བསྟུད་མར་མཛད་ཅིང་།དུས་རྒྱུན་འཆད་ར་དང་དམ་བཅའ་སྐབས་གཏན་བཞུགས་མཛད་པ་བཅས་ཀྱི་འོ་བརྒྱལ་ཚད་མེད་གནང་བ་ལྟར་ན།བོན་གྱི་ཞལ་འདོན་གཅིག་གི་ནང་དུ་«བསྟན་འཛིན་སྐྱེས་བུ་མི་ཡི་སེང་གེ་ཡིས།ས་ཕྱོགས་ག་བཞུགས་བསྟན་པ་ག་འཛིན་ཀྱང་།གདུལ་བྱ་སྨིན་གྲོལ་ལམ་ལ་འགོད་པ་ཡི།བར་ཆོད་མེད་ཅིང་བསམ་དོན་མཐར་ཕྱིན་ཤོག» ཞེས་པ་ཁྱེད་དང་ཁྱེད་ལྟ་བུའི་རང་རེའི་མཁས་མཆོག་རྣམས་ལ་གདམས་པ་མིན་འགྲོ་སྙམ་པ་ཡང་བྱུང་།ངེད་«མཉམ་འཛོམས་གླིང་།»གི་གྲོགས་མཆེད་ཚོ་དང་གནས་སྡོད་ཀྱི་རྐྱེན་པས་བཀའ་དྲིན་ཤིན་ཏུ་ཆེ་བའི་དགེན་ཁྱེད་ཉིད་བར་ཏིག་ཙམ་འགྱང་བསྡད་པའི་ཁུལ་ཡིན་ཡང་།སེམས་བསམ་པའི་བརྩེ་བ་དང་འབྲེལ་འདྲིས་ནི་སྔར་བཞིན་ཡིན་ལ།དེ་ཉིད་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་དུས་དང་རྣམ་པ་ཀུན་ཏུ་འགྱུར་ལྡོག་སྤུ་ཙམ་ཡང་བྱུང་སྲིད་ཀྱི་མ་རེད།ཁོ་བོས་ཀྱང་བསམ་པར་ཁྱེད་ནི་ཕྲན་ལ་མཚོན་ན་བཀའ་དྲིན་འཁོར་ཐབས་མེད་པའི་སྐྱབས་གནས་དཀོན་མཆོག་དེ་ཡིན་ཞིང་།གང་འདོད་ཆར་བཞིན་ཕབ་ནུས་པའི་ས་ཐོབ་སེམས་དཔའ་དེ་ཡང་ལོས་ཡིན་སྙམ་ནས།མདོར་ན་མ་རིག་སྨག་གིས་སྒྲིབ་པ་འོད་ཀྱི་ཉི་ཟླས་བཅོམ་ཞིང་།རྟོག་ཚོགས་དྲྭ་བས་དཀྲིགས་པ་རིག་པའི་གློག་ཞགས་དེས་གཏོར་ཞིང་།སྡུག་ན་ངུ་ཤར་འཐེན་ས་དགའ་ན་སྙིང་གཏམ་ཞུ་ས་ཁྱེད་ཉིད་ལས་ལྷག་པ་གང་ཡང་མེད་ཟེར་ནའང་ཆོགམཐར་ཁྱེད་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་མཛད་འཕྲིན་དར་རྒྱས་ཡོང་བའི་ཤིས་སྨོན་ལན་བརྒྱར་ཞུ་བ་དང་།ཉིད་ཀྱིས་ལོ་ངོ་དུ་མར་བཀའ་དྲིན་རྒྱ་ཆེར་བསྩལ་མྱོང་བའི་སློབ་འབངས་ཐ་ཤལ་བ་སྤྲང་བཙུན་སྣང་གསལ་ཉི་འོད་དེས་«སེམས་ངོགས་ན་གསལ་བའི་འོད་ཀྱི་ཉི་མ་གཞོན་ནུ།»ཅེས་པའི་ཁ་བྱང་བཀོལ་ནས་མཇུག་རྫོགས་པར་བྲིས་སོ།

རྣམ་དཔྱོད་པད་མོའི་འདབ་སྟོང་རབ་བཞད་ཅིང་།།

གདོད་མའི་ཆོས་ལུགས་གཡུང་དྲུང་བོན་ལུགས་ཀྱི།།

རྣམ་དཀར་མཛད་བཟང་སྲིད་མཐར་ཁྱབ་པ་དང་།།

ལེགས་འབྲས་མྱུར་སྨིན་བདེ་དགའི་དཔལ་ཡོན་རྒྱས།།

བསྐལ་བརྒྱར་གཡུང་དྲུང་བརྟན་པའི་སྨོན་ལམ་ཞུ།།

༢༠༡༩-༠༨-༡༢




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།