༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 18
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 4 ལྷུག་རྩོམ།
4 ལྷུག་རྩོམ།
ཡབ་མེས་ཀྱི་གདན་ས་ཆེན་མོ།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2019-07-31] [རྩོམ་པ་པོ།:སྣང་གསལ་ཉི་འོད།] [གཟིགས་ཐེངས:]

 ཡབ་མེས་ཀྱི་གདན་ས་ཆེན་མོ།

88.jpg

 

ང་ཡི་གནས་རབས་ཀྱི་མེས་པོ་ཚོའི་ཞལ་སྒྲོས་ལྟར་ན་དུས་རབས་བཅུ་གཅིག་པ་དང་བཅུ་གཉིས་པ་གང་རུང་ལ་དགོན་འདི་ཆག་བཏབ་པའི་ལོ་རྒྱུས་འཆད་སྲོལ་འདུག་ལ། དེ་ཡང་ཁ་ཕོར་ཤེད་དང་ཀླད་ལ་རྒྱ་གང་ཡང་མིན་ཁར། ཐུན་མིན་བོན་གྱི་གཞུང་ཆེན་ཁག་དང་རྟེན་འབྱུང་ལོ་རྒྱུས་སྨྲ་བ་སོགས་ལ་གཞིཊ་ནས་ཞིབ་བསྡུར་བྱས་ན་རྒྱ་ཆ་བརྒྱ་ཡི་འགྲིག་པར་ཐག་ངང་གིས་ཆོད་མོད། དེ་ཡང་ཐོག་མར་ལུང་ཟིན་གྱི་བླ་མ་ཆེན་པོ་ཁྱུང་དབུས་བླ་མ་ཤེས་རབ་རྒྱལ་མཚན་ཞུ་བ་ནས་བཟུང་ད་དབར་ཁྲི་རབས་ཉེར་བདུན་གྱི་གྲངས་གིས་ཟིན་ཡོད་ལ། ཆག་བཏབ་པའི་དུས་ཚོད་ནི་«དམུ་གཤེན་ཉི་མ་རྒྱལ་མཚན་གྱི་རྣམ་ཐར་དང་། འདི་ཕྱི་གཉིས་ལ་ཕན་བདེའི་ལམ་སྟོན་གསལ་བའི་སྒྲོན་མེ།»ཞེས་པའི་དཔེ་ཆར་གཞི་བཅོལ་ན། ཕྱི་ལོ༡༠༦༡ལོར་འཁོད་འདུག་དེ་ནས་ད་དབར་མར་བརྩིས་ན་ལོ་དགུ་བརྒྱ་ལྷག་ཙམ་ཕྱིན་འདུག  སྤྱིར་བཏང་བྱས་ན་དགོན་འདི་ཉིད་བྲུ་རྗེ་གཡུང་དྲུང་བླ་མའི་ཕྱག་བཏབ་པའི་གཡས་རུ་དབེན་ས་ཁ་དང་དུས་མཚུངས་སུ་ཡོད་ལབ་ན་ཆོག་གི་ཡོད་ས་རེད་ལ་«གདན་ས་ཆེན་མོ་སྨན་རི་གླིང་དང་གཡུང་དྲུང་གླིང་»ཟུང་གི་སྔ་བ་ནི་ང་ཡི་ཡབ་མེས་ཚོས་མགྲིན་གཅིག་ཏུ་འདོད་སྲོལ་ཡང་ཡོད།  ལྷག་པར་དུ་ག་རྒྱ་ཁྱུང་སྤྲུལ་རིན་པོ་ཆེའི་ཞལ་སློབ་བོན་གྱི་རྟེན་འབྱུང་ལོ་རྒྱུས་ཁག་ལ་མངའ་བརྙེས་པའི་མཁས་དབང་ཆེན་མོ་དཔལ་ལྡན་ཚུལ་ཁྲིམས་ཟེར་བའི་དཔྱོད་ལྡན་པ་ཞིག་རྫ་ཚེ་རིང་བཀྲ་ཤིས་ཟེར་བའི་བགྲེས་པོ་དེའི་ཞལ་སྔ་ནས་ཐོས་རྒྱུ་འདུག་ལ། མཁས་པ་དེ་ཉིད་ཀྱིས་མཛད་པའི་«གཡུང་དྲུང་བོན་གྱི་རྟེན་འབྱུང་སྐལ་བཟང་མགྲིན་རྒྱན།»ཟེར་བའི་དཔེ་དེབ་གཅིག་ཡོད་པ་གོང་གི་བགྲེས་པོ་དེའི་ཞལ་སྒྲོས་ཙམ་མ་གཏོགས་མཇལ་བའི་གོ་སྐབས་མ་བྱུང་ངོ་། ཉེ་བའི་ཆར་ལ་ང་ཚོའི་གློག་ཀླད་བསྟར་ནས་གསར་བསྐྲུན་ཞུས་པའི་མཛད་གཞུང་ཁག་ཏུ་རྩོམ་པ་པོ་རང་རང་གི་ལོ་རྒྱུས་དང་ངོ་སྤྲོད་སོགས་བཀོད་པ་ཧ་ཅང་ཉུང་བར་སྣང་བས། ཁ་གསལ་གོ་བདེ་ཞིག་རྙེད་དགོས་ན་ཁག་པོ་ཞེ་དྲག་འདུག་སྙམ། འདི་དག་ནི་ཁོ་བོས་ཞོར་འཕྲོས་ཙམ་བཀོད་པ་ཡིན་ནོ།

 

 

རིམ་གྱིན་དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་དགོན་འདི་ཉིད་དར་ཁྱབ་ཆེ་རུ་ཕྱིན་ཞིང་ང་ཡི་ཨ་ཕྱི་བགྲེས་མོ་དེས་ཀྱང་«སྔ་མ་འདྲ་ཡིན་ན་དགོན་འདི་ཉིད་ཀྱི་འཆམ་ར་ལ་ཡང་རྟ་རྒྱུག་ས་སུ་རེད་ཟེར་ནས་གོ་མྱོང་ཡོད་ཚུལ།»ངེད་གསར་སྐྱེས་ཚོའི་རྣ་བར་ཡང་ནས་ཡང་དུ་ཤོད་མྱོང་ཡོད་ལ། ཕྱིས་སུ་ཕྲན་བསམ་ཤེས་དྲན་ཤེས་ཡོད་དུས་ནས་དྲིན་ཆེན་ཕ་མ་ཟུང་གི་གཅེས་བསྐྱང་གི་འོག་ནས་དགོན་འདིར་འབྱོར་རྒྱུའི་གྲབས་བྱས་ནས། དགོན་འདིར་ཆགས་སའི་གནས་ནི། རིག་འཛིན་གྲུབ་ཆེན་བརྒྱད་ཅུའི་སྒྲུབ་པ་ཉམས་ལེན་བཞེས་སའི་བསྟི་གནས་སུ་གྱུར་ཞིང་གནས་མཆོག་བྲག་དམར་རི་ཡི་འདུས་མདོ་རུ་ཕྲན་སྐོར་ར་འགྲོ་བའི་སྐབས་ཤིག་ལ་ད་ལན་དངོས་མཐོང་ལག་ཟིན་དུ་གྱུར་པའི་ལྕགས་རི་ནང་གི་འབོ་ལོ་ཆེན་པོ་གཉིས་དང་གྱང་ར་མང་བོ་ཞིག་གིས་མཐའ་འཁོར་བར་ཆུ་བུར་མིག་གིས་མཐོང་ཡུལ་དུ་གྱུར་ཞིང་། དེང་གི་དུས་འདིར་བདེན་དཔང་འོས་པའི་རྒྱུ་མཚན་གསལ་བོ་ཞིག་ཡོང་མིན་བཤད་དཀའ་ནའང་། གོང་གི་ཨ་ཕྱི་བགྲེས་མོ་དེས་ཤོད་རྒྱུར་བདེན་འདུག་སྙམ་པའི་རང་ལ་ཚོར་སྣང་ཤུགས་ཆེན་བྱུང་། རིམ་བཞིན་ཀ་ཁའི་དབྱངས་རྟ་དང་འགྲོགས་ནས་ང་ཡི་རྒན་རབས་པ་ཚོར་ལྷན་ཏུ་གྲོང་གསེབ་ཏུ་ཡི་དམ་གསས་མཁར་མཆོག་ལྔའི་གཞུང་བསྲང་བའི་སྐབས་ཤིག་ལ་སྐུ་གཞོག་དཔོན་སློབ་ཐོག་མར་བྱེས་ནས་བོད་ལ་ཆིབས་བསྒྱུར་མཛད་སྐབས་གྲྭ་ས་སྨན་རིར་ཕེབས་ནས་དུས་ཀྱི་འཕང་འགྱུར་གྱིས་རྐྱེན་པས་གྱང་ར་རྣུ་བཞི་རུག་སེ་གཟིགས་ངོར་གྲུབ་ཁར། ཁོང་ཉིད་སྤྱན་ཆབ་ཆུ་བོ་ལྟར་བཞུར་ནས་རིམ་བཞིན་ཁྱུང་པོའི་ཕྱོགས་སུ་འགྲོ་དོན་མཛད་ཞོར་ཡབ་དགོན་འདི་ཉིད་ཞིག་གསོ་མ་གྲུབ་པའི་སྐབས་ཁེལ་ཞིང་སྔར་བཞིན་གྱང་ར་རྣུ་བཞི་རུག་སེ་གཟིགས་རྗེས་སྤྱན་ཆབ་ལན་གཅིག་བསིལ་བ་སོགས་ཤོད་རྒྱུ་འདུག་ལ། རྒྱུ་མཚན་དེ་དག་གིས་ན་སྔར་ནས་དར་ཁྱབ་ཆེན་པོ་བྱུང་ཡོད་མེད་རོབ་ཙམ་མཁྱེན་ཐུབ་པ་འདུག་སྙམ།

 

 

དུས་རབས་ཉི་ཤུ་པའི་སྨད་ནས་ང་ཡི་ཨ་མྱེ་འདས་པོ་ཆེ་དེ་དང་ཁོང་དང་སྐུ་མཉམ་གཞོན་དང་གསུང་མཉམ་དུ་འཚར་ལོངས་བྱུང་བའི་མཆེད་པོ་མང་བོ་ཞིག་འཆར་གཞི་དང་སྒྲིག་འགོད་གཅིག་གི་འོག་ནས་དུད་ཚང་མང་བོའི་ངོ་ཚབ་བྱེད་ནས་དགོན་འདིར་བཅའ་སྡོད་བྱེད་པའི་གཏམ་རྒྱུད་ཟོལ་མེད་ངང་འཆད་རྒྱུ་འདུག་ལ། དུས་ཀྱི་རླུང་འཚུབ་ནག་པོས་མཁའ་ལ་གཏིབས་ནས་མཐར་གྲོང་ཁྱིམ་དཀྱུས་མ་ཞིག་དུ་གནས་གཞིར་བཅའ་རྒྱུའི་འདུན་པ་སྐྱེས་ཚུལ་སོགས་བཤད་རྒྱུ་ཡོད། སྐབས་དེ་དུས་དགོན་འདིར་ཁྲི་རབས་ཉེར་ལྔ་པ་ཟངས་མཁན་བླ་མ་འམ་བསྟན་པ་རབ་རྒྱས་ཞུ་བ་ཁོང་ཡིན་འདུག ཁ་རྒྱུན་ལ་«ཆུ་འགོ་གངས་ལ་ཐུག  ཆོས་ཕུགས་བོན་ལ་ཐུག»ཅེས་པའི་བོན་འདི་ལོ་རྒྱུས་རྒྱ་ཆེ་ལ་གཏིང་ཟབ་ཅིང་དཔག་དཀའ་ནའང་། དེ་ཉིད་འཛིན་སྐྱོང་སྤེལ་གསུམ་ལ་ཟླ་བྲལ་བ་གོང་གི་ཟངས་མཁན་བླ་མ་ཞུ་བ་ཁོང་ནི་བོན་གྱི་རིག་གཞུང་ཁག་ནས་བྱུང་བའི་རྣམ་པར་རྒྱལ་བའི་སྒྲུབ་གཞུང་ལྟར་ན། «རང་བས་གཞན་དོན་གཙོར་བྱེད་ཅིང་། གཡུང་དྲུང་སེམས་དཔའི་སྤྱོད་པ་བཞིན།»ཞེས་གསུང་པ་བཞིན། སྤྱོད་ཡོན་གཉིས་ལྡན་གྱི་བླ་མ་ཆེན་པོ་ཞིག་ཡིན་པ་གསལ་བོ་བཤད་རྒྱུ་འདུག གང་ལགས་ཤེ་ན། ཁོང་ཉིད་མནར་གཅོད་མང་པོའི་ཁྲོད་ནས་སྐུ་ལུས་ལ་བརྡབས་སྐྱོན་མང་པོ་སྟེར་གྱིན་ཡོད་ནའང་། ཞལ་ནས་བློ་ཕུགས་བོན་ལ་མ་གཏོགས་གཏད་ས་མེད་ཚུལ་སོགས་བྱིན་ཆེ་བའི་སྙན་པ་མང་པོ་ཞིག་ཐོས་རྒྱུ་འདུག་པས་ཕྲན་ལ་མཚོན་ན་དགའ་སྤྲོ་དཔག་ཏུ་མེད་པ་ཞིག་མཆིས། རླུང་འཚུབ་ཁྲོད་སྤྲུལ་པའི་སྐུ་དང་གོང་གི་བླ་གང་གིས་ཀྱང་མནར་གཅོད་དེ་ཉིད་བཟོད་དཀའ་ཞིང་ངལ་བ་ཐུང་བའི་སྐབས་དེར། ཐུགས་རྒྱུད་ལ་བསྟན་དང་འགྲོ་བའི་དོན་མ་བྲལ་ཡང་། ཁ་ནས་བྲལ་མདོག་ཡོད་ཚུལ་གྱི་རྣམ་འགྱུར་མ་བསྟན་ཁག་མེད་བྱུང་ཟེར་བའི་གཏམ་རྒྱུད་རྐྱང་ཐོས་རྒྱུ་འདུག མདོར་ན་ངས་ཞུ་འདོད་པ་ནི་“འཆི་བ་སྲོག་ལ་བབས་ན་ཡང་དགེ་བའི་གྲོགས་པོ་དང་ནམ་ཡང་མ་བྲལ་ནི་བསྟན་པའི་རྒྱན་དང་འབངས་ཀྱི་བསོད་ནམས་གཅིག་རེད་སྙམ་ནས་ངོས་འཛིན་བྱེད་ཀྱི་ཡོད”ཞུ་བ་དེ་རེད། དེ་ནས་ལོ་འགའ་འགོར་རྗེས་བླ་རྒན་ཤེས་རབ་དགེ་ལེགས་དམ་པ་དེས་ཁྲི་རབས་ཉེར་དྲུག་པའི་ཕྱག་ལས་བསྐྱངས་ནས་རྒྱུ་ཐེག་བཞི་ཡི་ནང་ཚན་གཏོ་ཡི་སྐོར་ནས་བོན་གཞུང་ཁག་ལས་བྱུང་བ་རྣམས་བསླབ་ཅིང་བསྟན་པའི་མཛད་འཕྲིན་བསམ་ལས་འདས་པ་ཤིག་རྒྱས་ཡོད་པ་ནི་ད་བཞུགས་མཆོད་སྡེ་མང་པོས་བཀུར་འོས་སུ་གྱུར་པའི་དམ་པ་ཁོང་གི་ཞལ་སློབ་བམ་སྙིང་གི་བུ་ཆེན་བཅུ་ཕྲག་ལས་བརྒལ་བ་དག་གི་ཞལ་སྔར་ནས་ཤེས་རྟོཊ་བྱུང་ཐུབ།

 

 

གྲུབ་དབང་ཤར་རྫ་པའི་གདུང་འཚོབ་ཆེན་མོ་བློ་གྲོས་རྒྱ་མཚོའི་ཡང་སྲིད་དུ་གྲགས་པའི་ཁྲི་རབས་ཉེར་བདུན་པ་སྐྱབས་རྗེ་རྩ་བའི་བླ་མ་རིན་པོ་ཆེ་མཆོག་དང་སྐྱབས་འོག་པ་དག་གིས་གཤེན་རབ་མཐུ་དཔུང་ལྷན་དུ་སྦྲེལ་ནས་དགོན་འདིར་སྔར་རྒྱུན་བཞིན་ཕྱི་ཡི་འཛུགས་བསྐྲུན་དང་ནང་གི་སྲོལ་བཟང་སོགས་རྒྱ་ཆེའི་འཛིན་སྐྱོང་གནང་བ་དང་། དགོན་འདིའི་མཆོད་སྡེ་མང་པོས་ཇི་ལྟར་གསོལ་བ་བཏབ་པ་བཞིན་གྲུབ་དབང་ཤར་རྫ་པའི་མཛོད་ཆེན་སྡེ་ལྔ་ལ་སོགས་སྐྱབས་རྗེ་རྩ་བའི་བླ་མའི་སྐུ་དྲིན་བག་མེད་བསྐྱངས་མཐུས། སྔོན་འགྲོ་དངོས་གཞི་རྩ་རླུང་མུན་མཚམས་ཐོད་བརྒལ་ཁྲེགས་ཆོད་བཅུད་ལེན་སོགས། སྐྱ་སེར་གཉི་གས་ཇི་བཞིན་སྦྱོང་པ་ཞུས་རྗེས་མཐར་སྒྲུབ་ཐེངས་བཅུ་ཕྲག་ལས་བརྒལ་ཞིང་མཐར་ཕྱིན་སློབ་མ་ཞལ་གྲངས་ཉིས་བརྒྱ་ལྷག་གིས་ཟིན་འདུག་ལ། རྒྱ་ཆ་དྲུག་ཅུ་ལྷག་གིས་ད་ལན་གཤེན་བསྟན་འཛིན་སྐྱོང་སྤེལ་གསུམ་གནང་གིན་ཡོད་ཁར། ཕྱི་ལོ་༡༩༩༩ལོར་འཕགས་ཡུལ་སྨན་རིའི་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་བཀའ་དྲིན་སུམ་ལྡན་གྱི་དཔལ་ལྡན་རྩ་བའི་བླ་མ་སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་དགོན་འདིར་ཕེབས་པ་ནས་བཟུང་བཤད་སྒྲུབ་ཟུང་གི་བཀའ་འཁོར་བསྐོར་ཞིང་དགེ་བའི་བཤེས་གཉེན་གྱི་མཚན་འཛིན་པ་བཅུ་ཕྲག་གསུམ་ལས་བརྒལ་བ་ཐོས་པ་དགའ་བའི་གཏམ་དུ་གྱུར་ཞིང་། དགོན་འདིར་བཀའ་དྲིན་ཤིནད་ཏུ་ཆེ་བའི་སྐྱབས་རྗེ་མཁན་སློབ་རྣམ་གཉིས་དང་གྲྭ་ཚང་མཁན་རིན་པོ་ཆེ་སོགས་ཞལ་གཅིག་མཐུན་ངང་གཡུང་དྲུང་བོན་བསྟན་སྤྱི་ལ་ཕན་པའི་བྱ་བཞག་རླབས་པོ་ཆེའི་ངོ་སྤྲོད་རགས་བསྡུས་འགའ་ཞུས་ན། ཁྱུང་ཡུལ་རིག་པ་འབྱུང་བའི་གྲོང་ཁྱེར་ནས་འབྲི་གཡག་གཉིས་གཙོས་པའི་སེམས་ཅན་མང་པོའི་ཆེད་དམངས་སྒོར་འབོར་ཆེན་བཏང་ནས་ཚེ་ཐར་གྲངས་མང་བཏང་བ་དང་། རྗེས་འཇུག་མཁས་པའི་བཀའ་བརྟེན་དུ་ «གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་།»འགྲེམས་སྤེལ་ཞུས་པ་དང་སྐུ་གསུང་ཐུགས་གསུམ་གྱི་བསྟན་པ་ནང་ནས་གསུང་གིས་འདུལ་བའི་དུས་ལ་བབས་པར་དགོངས་ནས་ཀ་ཆེན་སྟོན་པའི་གསུང་རབ་«སྒོ་བཞི་མཛོད་ལྔའི་དཔེ་རྙིང་ཕྱོགས་བསྒྲིགས།»རིམ་བཞིན་«སྒོ་བཞི་མཛོད་ལྔའི་གླེགས་བམ།»དེབ་གཟུགས་ཅན། འཛམ་གླིང་ཡུལ་གྲུ་གང་སར་ཉི་མ་ཤར་བ་ལྟ་བུ་«ཀུན་སྣང་ཁྱབ་པ་དང་ཀུན་སྣང་ཁྱབ་པའི་དཔེ་མཛོད་ཁང་།» དང་ཁྲ་བྲིས་ཡིག་གཟུགས་ཆེ་ཆུང་སོགས་རིན་མེད་དུ་འགྲེམས་སྤེལ་ཞུས་ཤིང་། སླད་མར་ཡང་«བརྟན་འགྱུར་སྤུས་ལེགས།»ཅན་དཔར་བསྐྲུན་གནང་པ་དང་། ཉེ་བའི་ཆར་«གཡུང་དྲུང་བོན་གྱི་ཞལ་ཐང་ཀུན་འདུས།»སོགས་གཡུང་དྲུང་བོན་གྱི་བླ་ཆེན་མི་ཆེན་ཀུན་ལ་ཕངས་མེད་དུ་བོན་སྦྱིན་མཛད་པ་སོགས་རྒྱ་ཆེ་ལ་གཏིང་འཐུག་པའི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་རྣམས་ང་ལྟ་བུས་འདི་ཙམ་གྱིས་བརྗོད་པར་ག་ལ་འཛད་ཅིང་། མདོར་ན་དེ་དག་ཐམས་ཅད་བསྟན་པ་སྤྱི་ལ་ཕན་པའི་མཛད་འཕྲིན་ཤག་སྟག་ཡིན་ཟེར་ནས་བཤད་ན་སྤོབས། ད་ལན་ཡང་དེ་ཙམ་གྱིས་ཁོང་རྣམས་ཐུགས་ཡིད་ག་ལ་ཚིམ་ཞིང་སྔར་ལས་ལྷག་པའི་མཛད་འཕྲིན་བསྐྱང་རྒྱུའི་ཐུགས་སྨོན་གནང་ཞིང་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་རང་དོན་དུ་ཐོས་སྒོམ་ཉམས་ལེན་གཉིས་དོན་དུ་སྒྲུབ་པ་ཉམས་བཞེས་མཛད་ཀྱིན་དགོན་འདིར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་དང་གནང་མུས་ཡིན་པ་དང་བུ་ཆེན་ལ་ཡང་ཉམས་མགུར་རང་བབས་སུ་མངའ་བ་ཕུན་ཚོགས་བློ་གྲོས་སོགས་བུ་སློབ་མང་པོ་བསྐྱེད་བསྲིང་མཛད་ཅིང་སྔར་བཞིན་མཛད་འཕྲིན་སྐྱོང་ནས་དབུས་ཀྱི་གནས་མཆོག་འདི་ཉིད་ནི་ཞི་རྒྱས་དབང་དྲག་གི་བཀོད་པ་རྫོགས་ཤིང་དྭངས་གཙང་སྨན་གྱིས་ཕྱུག་ལ་རིག་འཛིན་གྲུབ་ཆེན་བརྒྱད་ཅུས་བྱིན་གྱིས་རློབས་པ་དང་ཕྱོགས་མཚམས་ཀུན་ཏུ་གནས་རི་དང་མཚོ་དང་མཚེའུ་སོགས་མང་པོ་རྒྱུ་ཞིང་ཡབ་མེས་ཀྱི་གདན་ས་རྩ་ཆེན་ཡིན་པ་བཅས་ཀྱི་བྱུང་རིམ་མདོར་ཙམ་བཀོད་པ་འདི་ནི་རང་ལ་གསལ་གདབ་དང་གཞན་ལ་ར་སྤྲོད་ཀྱི་ཕྱིར་དུ་སྤྲང་བཙུན་སྣང་གསལ་ཉི་འོད་ཀྱིས་རང་ཤག་སྤོས་ངད་འཁྱིལ་བའི་ཁང་བཟང་དུ་མཇུག་རྗོཊ་པར་བྲིས་སོ།

 

༢༠༡༩-༠༧-༣༡ཉིན་འགྲེམ་སྤེལ་ཞུས།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།