རྒྱལ་སྲས་ཐོས་པ་དགའ་བ།

སྐུ་མཚན་མེ་ཏོག་བརྐུས་པའི་འཛུམ་ཞགས་ཅན།
ཡིད་ལ་དཔལ་སྟེར་རྒྱུད་མང་རྡུང་མཁས་མ།
བདག་གི་མགྲིན་པའི་རྩེ་ལ་བྱོན་ནས་སུ།
སྙན་ཚིག་བྱུ་རུ་ཕྲེང་གི་རམ་འདེགས་མཛོད།།
ཁྱུང་ཤོད་ཁམས་ཉིན་ས་ཡི་མཐིལ་ཡངས་སུ།
སྐུ་མཚན་ན་མར་ཤངས་ཀྱི་དྲིལ་བུ་དེ།
ཐ་མལ་བྱིས་པ་ཞིག་གི་ངང་ཚུལ་གྱིས།
ལྕི་བའི་དུད་ཞགས་ཕྱུར་བའི་ཐབ་རྩར་གད།
སྐྱེས་ཆེན་སེ་མདའ་ལྷུང་བའི་ཉམས་བརྟག་དང་།
པོད་ཏི་སྣག་བྲིས་ཅན་མའི་ཁ་སྲུབ་ནས།
ལུང་བསྟན་སྣུམ་པོ་ཞིག་གི་ཆོ་ལོ་མེད།
ན་མཉམ་བྱིས་པའི་མཉམ་དུ་བྱིས་རྩེད་རོལ།
སྔོན་བསོད་བག་ཆགས་དཀར་པོའི་མཐུ་སད་དེ།
གཉེན་ཚན་ཤིང་ལོ་མོད་པའི་གྲོང་སྡེ་ནས།
ངེས་འབྱུང་གཤོག་པ་སེམས་ལ་འཁྲུངས་པས་ན།
ལན་བུའི་སྤྲིིན་དཀར་ཁྲི་གཙུག་རྒྱལ་བར་མཆོད།
རྣམ་དཔྱོད་དྭངས་གསལ་ཤེལ་དཀར་བུམ་པ་ལ།
བརྩོན་པ་རི་སྤྱང་ལྟོག་པའི་རྟུལ་ཞུགས་ཀྱིས།
ཤེས་བྱའི་འབྲོང་ཁྱུ་ཕོ་མོ་བདས་ནས་སུ།
ལུང་རིག་སྟག་སེང་གླལ་བའི་དཀྱིལ་ལ་མཆོངས།
རང་དོན་རྟུག་པ་གསེར་ལ་མ་བལྟས་ཤིང་།
གཞན་དོན་ནེའུ་གསེང་སྟུག་པོའི་རོང་ཁ་ན།
དཀའ་སྡུག་གཅན་གཟན་འཁྲོས་པའི་མཆེ་བར་དུ།
སྤོབས་པས་བྲང་ཁ་རྡེག་བཞིན་མདུན་དུ་ཆས།
གྲགས་སྙན་བ་ཚྭའི་ཆབ་ལ་མ་གདུངས་ནས།
རྒྱལ་བསྟན་བྱིས་པ་ཞིག་གི་ཚུགས་ཀ་དེ།
རྐྱེན་ཚོགས་གཟའ་བདུད་ཁ་རུ་བརླག་དོགས་ཏེ།
སེམས་ཚེགས་མེ་སྒོང་དམར་པོ་ཁོག་ལ་རུམ།
སྤྱང་བརྒྱ་ལྟོག་སྐད་རྒྱེབས་པའི་ས་སྲོད་དེར།
བརྡབ་གསིག་རླུང་ནག་འཚུབ་པའི་ས་སྲོད་དེར།
རི་བོའི་རྫ་རྡོས་ཞབས་ཟུང་བསྣད་བཞིན་དུ།
མིག་སེར་ཤེལ་ཏོག་ཅན་གྱི་གྲོང་ཆས།
ཡུལ་དེའི་ཚ་བས་གཙེས་པའི་རྔུལ་ཆུ་དང་།
མཐོ་སྒང་གྲང་བས་མནར་བའི་འཁྱག་རུམ་གཉིས།
དུས་གཅིག་སྐུ་ཕུང་གཅིག་གིས་འདེགས་པས་ན།
སྨན་གྱི་གོ་བརྡ་མ་འཕྲོད་ཉུང་ཉུང་གལ།
ཁྱེད་ཀྱི་ཐུགས་སྤོབས་གངས་ཀྱི་རི་བོ་ལ།
ཡེ་ཤེས་སྲུང་མ་སྤྲིན་གྱིས་ཚུལ་འཁྱུད་དེ།
ཀླུ་སྒྲུབ་རི་བོ་བརྗིད་པའི་རི་འདབས་སུ།
ཁྲི་ལ་བརྟན་པ་ནོར་བུའི་རྩེ་མོ་བཏབ།
བྱམས་སེམས་གསེར་གྱི་འཁོར་ལོའི་རྩིབས་མ་ལ།
སྙིང་རྗེ་གཡུ་དང་ཟངས་གྱི་སྤྲས་བརྒྱན་ཏེ།
ལྷོ་ཕྱོགས་ནད་ཀྱིས་རྨས་པའི་ལུས་ཅན་འགྲོར།
ཐུགས་རྗེའི་གཤེན་གྱི་མགུར་གླུ་སིང་སིང་བླངས།
ཐུགས་བསྐྱེད་སྨོན་ལམ་གསེར་ལྡན་སྒེག་མའི་ལྟོར།
འཆད་ཉན་སྒོམ་སྒྲུབ་ནས་འབྲུ་ཐང་མར་བརྡལ།
ཆད་མེད་དཔེ་ཁྲིད་ཆབ་ཀྱི་རྐྱེན་སྦྲན་པས།
བཤད་སྒྲུབ་ཉི་ཟླ་ཟུང་གི་པད་དཀར་བཞད།
ཉི་ཟླའི་སྒར་ས་བཟུང་བའི་འཚོ་བྱེད་རིར།
དད་སློབ་ཁྲི་མ་འབུམ་དང་ཁྲི་མ་འབུམ།
རྨོངས་པའི་ནད་ལས་གྲོལ་ཏེ་རབ་འབྱམས་པའི།
མཚན་སྙན་མེ་ཏོག་སྤྱི་བོའི་གཙུག་ཏུ་བཅིངས།
ད་ལྟ་ས་ཕྱོགས་གང་སར་བཤད་སྒྲུབ་ཀྱི།
བསྟན་པ་དར་ཡོད་མགྲིན་པ་མཐོན་པོ་ཡིས།
ངར་སྐད་ཚིག་ལ་བསྟར་བའི་རྣམ་ཐར་འདི།།
མདོ་རུ་དེད་ན་ཁྱོད་ཉིད་གཅིག་པུར་ཐུག
ཁྱོད་ཀྱི་མཁྱེན་རྒྱ་ནམ་ཀས་མཚོན་མིན་ན།
ལྷག་བསམ་ཏི་སེ་གངས་ཀྱིས་དེ་བས་མིན།
དུས་དུས་ས་འགུལ་རི་ཉིལ་བྱུང་བ་འདི།
ཁྱོད་ཀྱི་ཤེས་རབ་ཁ་མེར་ལོག་པའི་རྟགས།
རྒྱལ་བསྟན་བྱ་བ་གསུམ་གྱིས་དུས་འདའ་བའི།
བསླབ་གསུམ་མཚོ་ལ་བྱིངས་བའི་ཨ་ཀྱོ་ཁྱེད།
འཁོར་འདས་ཤེས་བྱའི་མེ་ལོང་ཐོགས་པས་ན།
གངས་རིའི་ཚིག་མཛོད་ཞེས་པའི་ཆོ་ལོ་སྦྱར།
ཁ་ཙམ་མིན་པའི་དོན་གྱིས་དད་ཡོད་ན།
ཚིག་ཙམ་མིན་པའི་དོན་གྱིས་བསྐང་གསོལ་ན།
བཤད་ཙམ་མིན་པའི་དོན་གྱིས་དཔའ་ཡོད་ན།
མགོན་ཁྱེད་བསྐལ་པར་བཞུགས་པའི་གསོལ་བ་ཐོབས།
སྐལ་བ་དམན་པའི་བས་མཐའི་ཁོ་བོ་ལ
ཞལ་དཀྱིལ་མཇལ་བའི་སྐལ་བ་མ་ཚེས་ཀྱང་།
ཚིག་ལ་བསྟར་བའི་དབྱངས་ཀྱི་སྙེ་མའི་ཁྱུ།
ཞབས་ཟུང་བསྐལ་བ་བཞུགས་པའི་ཕྲིན་བཅོལ་ཡིན།།