༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 12 ཚེས 13
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 4 གསར་བརྡ།
4 གསར་བརྡ།
གསར་གནས་འོད་ཀྱི་གུར་ཁང་།
[རྩོམ་ཁུངས།:ཁྱུང་པོ་དྲ་བ།] [ཟླ་ཚེས།:2019-07-25] [རྩོམ་པ་པོ།:དགེ་མིང་པ་དྲང་སྲོང་རྒྱལ་མཚན་] [གཟིགས་ཐེངས:]

1.jpg


རིགས་བརྒྱའི་སྤྱི་དཔལ་ཀུན་མཁྱེན་ཤར་རྫ་པ།།

འཕོ་ཆེན་འཇའ་ལུས་འོད་དུ་དེང་ན་ཡང་།།

བདག་སོགས་རིགས་ཅན་གསོལ་བ་བཏབ་པ་ན།། 

ཐུགས་རྗེས་འདོར་མེད་དགོངས་རྒྱུད་འཕོ་བར་མཛོད།།


     ཅེས་འགྲོ་བ་ལྷ་དང་བཅས་པའི་བསོད་ནམས་ཀྱི་མཆོད་སྡོང་ཆེན་པོ།། དཔལ་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོའི་ལམ་ལུགས་ཀྱི་ཚུལ་བཞིན་དུ་འཇུག་པ་པོ། གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་སྡོམ་པ་གསུམ་འགལ་མེད་དུ་ཉམས་སུ་བཞེས་ཏེ། ཨ་སྙན་རྫོགས་གསུམ་གྱི་བཀའ་རྒྱུད་ཉམས་ཐོག་ཏུ་ཕབ། ཉམས་རྒྱུད་ཡིག་ཐོག་ཏུ་སྤྲོས། གཞུང་ལུགས་མདོ་རྒྱུད་ནས་དྲངས་པའི་མཁས་ཤིང་གྲུབ་པ་ཐོབ་པའི་སྐྱེས་ཆེན་དམ་པ། གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་གང་ཉིད་མང་པོའི་གསེང་དུ་ཐིམས། རྡོག་པོའི་དངོས་པོ་འགྲིབ། དོན་གྱི་མདོ་རྩ་སྟོང་ལ་ཉེ་བའི་སྐབས་ཤིག་ཏུ། དཔལ་གྲུབ་པའི་དབང་པོ་གང་ཉིད་མཚན་དཔེའི་མེ་ཏོག་བསྟན་པའི་དཔྱིད་དུ་འཁྲུངས་ཤིང་། རྒྱུད་པའི་འདུས་སོ་མདོ་ཁམས་སྨད་གྱི་ཆར་འདུས་པའི་བཀའ་ཉམས་གཉིས་ལྡན་གྱི་ཆུ་བོ་ཆེན་པོ་ཐར་པའི་གསོས་སུ་སྨིན་པ་སྟེ། དོན་གྱི་སླད་དུ་མཚན་ནས་སྨོས་ན།  དཔལ་གྲུབ་པའི་དབང་པོ་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་ནམ། རིག་པ་རང་ཤར། དྲི་མེད་སྙིང་པོ་སོགས་མཁའ་འགྲོའི་བརྡ་ལུང་གིས་བསྐུལ་བའི་རྟེན་འབྲེལ་ཁྱད་མཚན་མང་དུ་མངའ་བའི་སྐྱེས་ཆེན་དམ་པ་གང་གི་ངོ་མཚར་རྣམ་པར་ཐར་པ་སྲིད་ན་ཨུད་འབར་ལྟར་དཀོན་ཤིང་དཀོན་ལ། མཛེས་ཤིང་མཛེས་སྟེ། སྙན་ཞིང་སྙན་པ་ཆེན་པོ་དེ་ཉིད་དད་དང་དམ་ཚིག་བཟང་པོས་རང་རྒྱུད་ལ་ཅུང་ཙམ་རྒྱུས་ལོན་མཛད་པར་འདོད་ན། དམ་པའི་སྐྱེས་བུ་ཁོང་གི་གསུང་འབུམ་རྒྱ་མཚོའི་འཇིང་ལྟར་ཟབ་པ་གང་དེར་ཐོས་བསམ་སྒོམ་གསུམ་གྱིས་གཞལ་བ་དང་། ལྷག་པར་དུ་རྣམ་པར་ཐར་པ་ངོ་མཚར་ནོར་བུའི་ཕྲེང་བ་ཞེས་དབྲ་སྟོན་པན་ཊི་ཏས་མཛད་པ་སོགས་ལས་མཇལ་བར་བྱོས་ཤིག་ཅེས་པའི་བསྐུལ་མ་དང་བཅས།

2.jpg3.jpg

     ད་ལན་མགྲིན་དབྱངས་བཀྱགས་ཤིང་གླེང་བར་བྱ་བ་ནི། དབྱར་གྱི་དཔལ་མོའི་འགྱུར་ཁུག་བྱང་གི་འབྲོག་ལྗོངས་སུ་གྲགས་པའི་སྐད་གསང་མ་ཉམས་པའི་དུས་ཏེ། གཡེན་ཁམས་སེལ་མདོའི་བརྡ་མིང་དུ། སྡོས་ཅན་ཞེས་པ། བོད་རབ་གནས་ས་མོ་ཕག་གི་ལོ། དབྱར་འབྲིང་སྣྲོན་ཟླའི་ཚེས་༢ སྤྱི་ལོ༢༠༡༩/༧/༤ཉིན་མོར།  དཔལ་གཤེན་རི་ཐ་ངང་ཚང་དགོན་གྱི་འདུས་པ་རྒྱ་མཚོ་སྤྱི་ནས། གྲུབ་དབང་ཤར་རྫ་པ་ཆེན་པོའི་སློབ་རྒྱུད་དུ་གཏོགས་པ། དེང་སང་ཁྲ་ཁྲ་ཟིང་ཟིང་གི་དུས་སྐབས་འདིར་དགེ་བྱེད་པའི་ཚུགས་ཀ་མ་ཉམས་ཤིང་དབང་ལུང་ཁྲིད་གསུམ་གྱི་གདམས་པས་ཐུགས་རྒྱུད་བྱུར་བུར་གཏམས་པའི་ཁྲ་དགོན་མཁན་རིན་པོ་ཆེ་ཚུལ་ཁྲིམས་མཐར་ཕྱིན་མཆོག་ཉིད་ཆེད་དུ་གདན་ཞུས་ལྟར་ཕེབས་ཐོན་བྱུང་བ་དང་། སྤྱི་ཚེས་ ༦ ཉིན་ནས་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་ནས་དབུ་བཙུགས་སྟེ།

4.jpg

5.jpg

6.jpg

     སྤྱི་ཚེས ༢༣ བར་ཉིན་གྲངས༡༨རིང་ལ། སྔོན་འགྲོ་བཀའ་ལུང་རྒྱ་མཚོ་དང་ཞལ་གདམས་སྐྱབས་སེམས་བྱང་སྡོམ་སོགས་ཀྱིས་གདམས་པའི་དབུ་བཟུང་། མཛོད་ཆེན་རྣམ་པ་ལྔས་གདམས་པའི་གཞུང་བསྲང་། རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་དང་། ནམ་མཁའ་མཛོད་ཀྱི་ཁྲིད་དང་སྒྲུབ་སྐོར། གསང་སྔགས་བསྐྱེད་རྫོགས་སོགས་ཀྱི་གདམས་པའི་ཟུར་བརྒྱན་པ་ལྟ་བུའི་སྒོ་ནས། ཟླ་ཕྱེད་ལྷག་ཙམ་གྱི་རིང་དུ་དལ་འབྱོར་སྐབས་ཅན་གྱི་བར་མཚམས་ཆུང་ངུར་བཏང་ཏེ། ཕལ་ཆེར་ཉིན་གང་པོར་ཆུ་རྒྱུན་སྐབས་མེད་ལྟ་བུའི་སྒོ་ནས་མཐར་གྱིས་གསུང་གནང་བ་སྟེ།  དཔལ་གྲུབ་དབང་ཤར་རྫ་པ་ཆེན་པོའི་བཀའ་འབུམ་པོད་བཅུ་དྲུག་བདག་ཉིད་ཅན་གྱི་གསུང་འབུམ་ཆ་ཚང་གི་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད་གཉིས་ཀའི་རྒྱབ་རྟེན་དུ་གྱུར་པའི་ལུང་རྒྱུན་བདུད་རྩིའི་ཆུ་བོ་ཆེན་པོ་གང་ཉིད་དཔལ་གཤེན་བསྟན་རི་ཐ་ངང་ཚང་དགོན་གཡུང་དྲུང་བསྟན་གྲགས་གླིང་གི་སྒྲུབ་སྡེ་འདུས་པ་རྒྱ་མཚོ་ལ་སྤེལ་གནང་མཛད་པ་དང་ལྷན་ཐབས་སུ་སྒྲ་དབྱངས་རྒྱལ་མོའི་དབང་དང་། སྨྲ་བའི་སེང་གེའི་ཚེ་སྒྲུབ། བླ་སྒྲུབ་འདོད་འབྱུང་རིན་ཆེན་བཅས་ཀྱི་བཀའ་དབང་ཡང་བསྐུར་གནང་མཛད་པར་བསྟུན་ཉེ་འཁོར་གྱི་ཕྱོགས་མཚམས་ཁག་ནས་ཕེབས་པའི་བཀའ་ལུང་ཞུ་བ་པོ་རྣམས་ལ་ཡང་། དེ་ལྟའི་སྐལ་པ་བཟང་པོས་ཀུན་ནས་བརྒྱན་པར་གྱུར་པ་ཤིན་ཏུ་དགེ་ཞིང་ཤིས་པ་ཁོ་ནའོ།།

7.jpg

8.jpg

9.jpg

10.jpg

11.jpg

     མཐར་འཇའ་ལུས་ཡབ་སྲས་བླ་སྒྲུབ་ཀྱི་ཚོགས་འཁོར་ཕུལ་ཞིང་གསུང་འབུམ་གྱི་དཔེ་ལུང་རྒྱུད་རིམ་དང་བཅས་པ་གནང་ཟིན་པའི་ཉིན་མོར་ངང་ཚང་དགོན་འདུས་སྤྱི་ནས་དགའ་སྤྲོའི་གཏང་རག་གི་ཐུགས་སྤྲོ་བཏང་བ་བཅས་གནས་ཚུལ་མདོར་བསྡུས་སུ་དགེ་མིང་པ་དྲང་སྲོང་རྒྱལ་མཚན་གྱིས་བྲིས།





སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།