༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 12 ཚེས 13
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 5 འགྲེམས་སྤེལ།
5 འགྲེམས་སྤེལ།
༢༠༡༨ལོའི་ཁྱུང་པོ་སྟེང་ཆེན་དགོན་པའི་ལོ་དེབ་བོན་གཤེན་བསྭོ་སྒྲ་འགྲེམ་སྤེལ་བྱས་པ།
[ཟླ་ཚེས།:2019-07-08] [རྩོམ་པ་པོ།:ཁྱུང་པོའི་དྲྭ་བ] [གཟིགས་ཐེངས:]

སྔོན་གླེང་སྒྲ་བླའི་བསྭོ་སྒྲ།


   དུས་རབས་ཀྱི་དཀྱོག་མཚམས་དུ་མ་ཞིག་བརྒྱུད་ཅིང་སྲིད་པའི་གོ་ལའི་རྩེ་མོ་ན་ད་དུང་གསོན་བསྡད་པའི་རིག་གཞུང་ཞིག་གི་ངོས་ནས་བཤད་ན།  སྣ་སྒོ་ཚང་ཞིང་ཕུན་སུམ་ཚོགས་པ་ནི་སྨོས་མེད་ཅིག་ཡིན་ཡང་།  བརྒྱུད་ཟིན་པའི་དཀའ་སྡུག་དེ་དག་ནི་མི་ཞིག་ལ་སྦྱར་བ་ཡིན་ན་ཐེངས་བརྒྱར་ཤི་ཞིང་གྲངས་སྟོང་བརླགས་ནའང་རྒྱ་མཚོ་ནང་གི་ཐིགས་པའི་དཔེ་རུ་འགྲོ་བ་ལས་འོས་མེད།  མི་རིགས་གང་ཞིག་གི་རིག་གནས་ལ་གཞན་པའི་རིག་གནས་ཀྱིས་བཙན་འཛུལ་དང་དམར་གསོད་ཡོད་པ་ལས།  རང་མི་རིགས་ཀྱིས་དམར་གསོད་ཐེབས་པ་མེད་ཀྱང་།  ངོས་ཀྱིས་བཤད་བཞིན་པའི་རིག་གནས་འདི་ནི་དེ་ལས་ལྡོག་སྟེ་རང་མི་རིགས་དེ་ཉིད་ཀྱིས་མཐའ་ལ་སྤྲད་ཅིང་གཡང་ལ་བསྐྱུར་བ་མ་ཟད།  མེ་ལ་བསྲེགས་ཤིང་ཆུ་རུ་བསྐུར་པའི་ནང་དམེའི་གཡུལ་འགྱེད་ཁྲོད་དུ་ལོ་ངོ་སྟོང་དང་སུམ་བརྒྱ་ལྷག་ཙམ་དུ་ལུས་པ་རེད།  དེང་གི་རིག་སྨྲ་བ་རྣམས་ཀྱིས་ཀྱང་། “བོན་པོ་ནི་འཛམ་གླིང་ལོ་རྒྱུས་སྟེང་གི་ཡུའུ་ཐེ་མི་རིགས་དང་འདྲ་པོ་ཡོད།  ཡུའུ་ཐེ་ནི་འཛམ་གླིང་གི་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱིས་བཙན་འཛུལ་དང་མནར་གཅོད་ཁོ་ནའི་ཁྲོད་ནས་ནར་སོན་དགོས་བྱུང་ཡོད་ཅིང་།  དེ་བཞིན་དུ་བོན་པོ་ཡང་བོད་ཀྱི་ཆོས་བརྒྱུད་དང་གྲུབ་མཐའ་གཞན་གྱི་ཁ་བཙན་དྲག་པོའི་ལག་འོག་ནས་ནར་སོན་དགོས་བྱུང་ཡོད”།ཅེས་བོན་པོ་དང་ཡུའུ་ཐེའི་མི་རིགས་བར་གཤིབ་བསྡུར་བྱས་མོད།  ངོས་ཀྱིས་ནི་བོན་པོ་དང་བོན་པོའི་རིག་གཞུང་ནི་ཡུའུ་ཐེ་ལས་བརྒྱ་འགྱུར་གྱིས་མནར་གཅོད་འོག་ནས་ནར་སོན་དགོས་བྱུང་འདུག་ཅེས་ཞུ་འདོད་པ་དེ།  ཡུའུ་ཐེ་དང་བོན་པོ་གཉིས་ལ་ཕྱི་དགྲ་ཡོད་པ་འདྲ་ནའང་ཡུའུ་ཐེ་ལ་ནང་མི་རིགས་ཀྱི་དགྲ་མེད་པ་ནི་དགེ་ལ།  བོན་པོའམ་བོན་པོའི་རིག་གཞུང་ནི་དེ་ལས་རྡུགས་ཏེ་དགྲ་ཆེ་བ་ནང་དགྲ་ཡིན་པ་དེ་རེད།  དང་པོ་རིག་གཞུང་འདི་མི་སྡུག་དམར་མཆོད་ཀྱི་ལུགས་སྲོལ་ཏེ་གདོད་མའི་སྲིན་པོ་ཡི་རིག་གཞུང་ཞིག་རེད་ཅེས་བསྣུབས་ཤིང་།  དེ་རྗེས་སུ་བདུད་དང་མུ་སྟེགས་ཀྱི་གཞུང་ཡིན་པས་ལྟ་བ་ངན་ཞེས་བསྣུབས་པ་མ་ཟད།  ཐ་ན་མི་རིགས་གཞན་པའི་རིག་གཞུང་རེད་ཅེས་རྐུ་ཇག་ཁྲམ་གསུམ་གྱིས་སྒོ་ནས་གཞན་ལ་བཅོས་གང་ཐུབ་བྱས་ཡོད་པ་ནི་ལོ་རྒྱུས་ཀྱིས་བདེན་དཔང་བྱས་པས་ན། སུས་ཀྱང་སྦ་བར་ག་ལ་ནུས། དེ་འདྲའི་བོད་ཀྱི་རིག་གཞུང་དག་མ་ཞིག་བརྒྱ་ལོ་ཉེར་གཅིག་པའི་དུས་འགོར་སླར་ཡང་འཕེལ་བ་དང་རྒྱས་དུས། ང་དང་ངེད་ཚོའི་མི་རབས་གཞོན་པ་དག་ལ་ཅི་ནས་ཀྱང་གཟུར་མི་ཐུབ་པའི་འོས་འགན་ཞིག་ཡོད་པ་ཤེས་དུས་ན། སྤྱིར་བོད་མི་དམངས་ཀྱི་རིག་གནས་བཅུ་ཚན་དང་སྒོས་སུ་སྟོན་པ་གཤེན་རབ་མི་བོའི་བོན་སྒོ་བརྒྱད་ཁྲི་བཞི་སྟོང་ལ་སློབ་སྦྱོང་དང་ཉམས་ལེན་ཅི་རིགས་བྱེད་བཞིན་པའི་དགོན་སྡེ་ཆེན་མོ་དཔལ་གཤེན་བསྟན་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་གི་ལོ་དེབ་«བོན་གཤེན་བསྭོ་སྒྲ»་ཞེས་པའི་མིང་དང་བརྗོད་དོན་གང་གི་ཆ་ནས་མེས་པོའི་རིག་གཞུང་བརྒྱུད་འཛིན་དང་དར་སྤེལ་ཅི་རིགས་བྱས་པར་མཚོན་དོན་ཐུབ་པའི་ལོ་དེབ་ཅིག་སྤེལ་བཞིན་པ་ནི། བོན་པོ་དང་བོན་པོའི་རིག་གཞུང་ལ་རྒྱུས་མངའ་བྱེད་འདོད་པའི་སློབ་གཉེར་བ་དང་རིག་གནས་པ་གང་ལའང་སྟབས་བདེ་བསྐྲུན་ཡོད་ཅིང་། ནང་དོན་ལའང་གཞུང་ལུགས་གཙོར་བཟུང་ཐོག་ལོ་རྒྱུས་དང་སྙན་ངག་སོགས་མདོར་ན་ལོ་དེབ་ཅིག་ལ་དགོས་ངེས་ཀྱི་ས་དམིགས་ཆ་ཚང་ཡོད། འདིར་ཡོད་པའི་རྩོམ་རྣམས་ཀྱིས་ངེད་རྩོམ་སྒྲིག་པ་དང་དགོན་སྡེའི་ལངས་ཕྱོགས་མཚོན་མི་ནུས་ནའང་རྩོམ་པ་པོ་ཁོ་རང་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པ་ཤ་སྟག་ཡིན་དུས། ཅི་ནས་ཀྱང་ཁྱེད་ལ་ཕན་ཐོགས་ངེས་ཅན་ཡོད་པར་ཡིད་ཆེས་བྱས་ཡོད་ཞུ་རྒྱུ་ཡིན་ལ། ངེད་རྩོམ་སྒྲིག་ཚོགས་པའི་མི་སྒེར་ལ་ཤེས་ཡོན་གྱིས་ཚད་བཀག་ངེས་ཅན་ཡོད་པས། མ་དག་པ་དང་ནོར་བ་འཁྲུལ་བ་གང་བྱུང་ན་རྩོམ་པ་པོ་དང་ཀློག་པ་པོ་ཡོངས་ལ་དགོངས་དག་ཞུ་བ་དང་སྦྲག་ཁྱེད་རྣམ་པས་ནོར་འཁྲུལ་ཡོ་བསྲང་གི་དགོངས་འཆར་སྩལ་བ་ལ་ཤིན་ཏུ་ནས་བཀའ་དྲིན་ཆེ་ཞུ།།     ཞེས་རྩོམ་སྒྲིག་པ་ལྷ་ལྡོང་སེམས་དཔས་༢༠༡༩.༥.༥ཉིན།

MAG006.jpg

1.jpg

2.jpg

3.jpg

4.jpg

༥.jpg





སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།