བོད་རྩིས་རིག་གི་འགོ་ཁུངས་གླེང་བ།།
འབྲིང་རྒྱུད་དགེ་བཤེས་གཡུང་དྲུང་ཕྲིན་ལས།
【ནང་དོན་གནད་བསྡུས】རྩོམ་འདིར་དུས་རབས་བདུན་པའི་ཡར་སྔོན་དུ་བོད་ལ་རྩིས་རིག་ཡོད་པ་དང་། སྟོན་པ་གཤེན་རབ་ཀྱི་བཀའ་ཀུན་འབུམ་གོ་འབྱེད། གཙུག་ལག་དཔལ་འབུམ་དཀར་པོ། སྣང་སྲིད་ཀྱི་གཏོ་འབུམ་ནག་པོ། རིན་ཆེན་ཀུན་འབུམ་ཁྲ་བོ། ས་བདག་གི་འབུམ་སོགས་བོད་རྩི་རིག་གི་བྱུང་ཁུངས་ཡིན་ཚུལ་གསལ་བཤད་བྱས་ཏེ། གཞུང་དེ་དག་ལས་ལོ་ཟླ་ཞག་དུས། གཟའ་སྐར། ལོ་རྟགས། ས་བདག སྤར་སྨེ་དར་གུད། དུས་བརྟག་གནམ་དཔྱད་སོགས་བོད་རྩིས་རིག་ཀྱི་ཁུངས་ཇི་ལྟར་གསལ་བའི་སྐོར་གཙོར་བསྟན་གྱིས་ངོ་སྤྲོད་དང་དཔྱད་པ་གང་འཚམས་རེ་བྱས་ཡོད།།
【གནད་ཚིག】སྐར་རྩིས་དང་། འབྱུང་རྩིས། རུས་སྦལ། ལོ་རྟགས། སྤར་སྨེ། གཟའ་སྐར། ས་བདག དུས་གཟེར་བཅས་ཀྱི་བྱུང་ཁུངས།
གླེང་གཞི།
ཡ་ཐོག་སྲིད་པའི་བླ་རི་གངས་དཀར་ཏི་སེ་དང་བགྲང་བྱ་མཉམ་ཞིང་ཁ་འབབ་ཆུ་བོ་རྣམ་བཞིའི་བཞུར་རྒྱུན་དང་ལྷན་དུ་འགྲོགས་པའི་མི་ལོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་སྙིང་སྲོག་ལྡན་པའི་འཛམ་གླིང་བོད་ཤེས་རིག་གི་མ་མ་བཅུ་ཕྲག་རིག་པའི་གཞུང་ལུགས་ཀྱི་འགོ་ཁུངས་ཏེ། ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་རིག་གཞུང་འདི་ཉིད་ཡིན་པ་ནི་བློ་གྲོས་ཀྱི་མིག་དང་ལྡན་པའི་གཟུར་གནས་པ་སུ་ཞིག་གིས་བལྟས་ན་ནམ་ལང་ལང་ཉི་མ་ཤར་ཤར་ལྟ་བུ་གསལ་དང་བཞིན་པ་ཞིག་རེད། འོན་ཀྱང་ཡིད་ཕམ་པ་ཞིག་ལ་བོད་ཤེས་རིག་གི་མེས་པོ་གཡུང་དྲུང་བོན་གྱི་བསྟན་པ་འདི་ལ་གོ་ཆག་ཆེན་པོ་འགའ་བྱུང་བ་ནི། དང་པོ་གྲི་གུམ་བཙན་པོ། གཉིས་པ་མཁན་སློབ་ཆོས་གསུམ། གསུམ་པ་རིག་གནས་གསར་བརྗེའི་སྐབས་བཅས་དུས་རབས་རིམ་པའི་ནང་གྱོང་གུད་ཚབས་ཆེན་ཐེངས་གསུམ་གྱིས་ཕལ་ཆེར་མིང་གི་ལྷག་མ་ཙམ་ལས་མེད་པར་བསྒྱུར་ཏེ་ཞང་བོད་རིག་གཞུང་གི་བོན་སྡེ་རྣམས། ལ་ལ་མཐའ་རུ་བསྐྱལ། ལ་ལ་མེ་ལ་བསྲེགས། ལ་ལ་ཆུ་ལ་བསྐུར། ལ་ལ་མཚན་བསྒྱུར་བྱས་ཤིང་གྲུབ་མཐའི་ཆགས་སྡང་དང་དུས་ཀྱི་འཕོ་འགྱུར་ཅི་རིགས་ཀྱིས་གཏོར་བརླག་ཚོད་མེད་ཐེབས་པས། ད་ལྟ་གསུང་རབ་ལ་ལའི་མཚན་དང་རྣམ་གྲངས་དེ་དག་ལུང་ཚིག་ནང་དུ་གསལ་བ་ཙམ་ལས་གྲ་རྒྱས་པོ་དང་གྲལ་འགྲིག་པོ་ཞིག་དངོས་སུ་མཇལ་ཡུལ་དུ་མ་བཞུགས་པ་ནི་ཐུགས་ཁག་མེད་པ་ཀུན་གྱིས་ཤེས་པར་གྱིས། དེ་ལྟ་བུའི་གཉན་འཕྲང་དང་དར་ནུབ་མང་པོའི་བརྒྱུད་རིམ་ཁྲོད་ནས་ཡོང་བའི་གཡུང་དྲུང་བོན་གྱི་རིག་གཞུང་འདི་དག་ནི་འཛམ་གླིང་གངས་ཅན་ཤེས་རིག་གི་འགོ་ཁུངས་དང་མ་ལག་ཏུ་ཆགས་ཡོད་ཅིང་། མདོར་ན་བོད་ཀྱི་བཅུ་ཕྲག་རིག་པའི་གཞུང་ལུགས་འདི་ལ་རྣམ་གྲངས་དང་ཐ་སྙད་བྱུང་རིམ་གནས་སྟངས་སོགས་ཀྱི་བཤད་པ་མི་འདྲ་བ་ག་ཚད་གནང་ཡང་། གཡུང་དྲུང་བོན་གྱི་རིག་གཞུང་གི་ངོ་བོ་དང་ཡན་ལག་ཡང་ཚ་ཡང་རྒྱུད་ལས་བརྒལ་དུ་མེད་སྟེ་གནའ་བོའི་བོན་གཞུང་ཁག་ལ་ཡང་དག་པའི་ཉམས་ཞིབ་དང་རྒྱུས་ལོན་རེ་བྱས་ན་ཤེས་ཐུབ། ཡང་སྒོས་སུ་དེང་དུས་ལོ་རྒྱུས་སྨྲ་མཁན་ཁ་གཅིག་གིས་དུས་རབས་བདུན་པའི་ཡར་སྔོན་ན་བོད་ལ་སྐར་རྩིས་དང་འབྱུང་རྩིས་ཀྱི་རྣམ་བཞག་མེད་པར་སྨྲ་ཞིང་། དུས་རབས་བདུན་པའི་ནང་བོད་རྒྱལ་སྲོང་བཙན་གྱི་དུས་སུ་རྒྱ་ནག་ནས་རྒྱ་ཟ་ཀོང་ཇོ་བོད་ལ་བསུས་ཏེ་སྐབས་དེར་ས་བདག་དང་སྤར་ཁ་དང་སྨེ་བའི་སྐོར་རྩིས་གཙོས་ནག་རྩིས་རྒྱ་ཟས་བོད་ལ་ཁྱེར་ཡོང་བ་དང་། སྤྱི་ལོའི་དུས་རབས་བཅུ་པའི་ནང་རྒྱ་གར་ནས་དུས་འཁོར་བོད་ལ་བརྒྱུར་ཏེ་སྐར་རྩིས་གཞི་ནས་བོད་ལ་དར་བ་བཤད་ཅིང་རྩིས་སྐར་ནག་གི་ཐ་སྙད་ཀྱང་ལོག་འགྲེལ་དུ་བྱེད་ནས་བོད་རྩིས་རིགས་ཀྱི་ཁུངས་ཡོད་ཚད་དེང་དུས་ཀྱི་རྒྱ་དཀར་ནག་ལ་བཙན་གྱིས་གཏུག་ཅི་ཐུབ་བྱེད་པ་འདི་ནི་བོད་རང་ས་ན་དར་བའི་གནའ་བོའི་ཞང་བོད་རིག་གཞུང་དང་ལོ་རྒྱུས་རྣལ་མ་དག་ནག་བསུབ་གཏོང་བ་དང་། བོད་རང་ལ་རིག་གཞུང་མེད་པར་སྒྲུབ་སྟེ་གངས་ཅན་མི་རིགས་འདིའི་དབུ་འཕང་དམའ་རུ་བཅུག་པ་དང་། དོན་དངོས་ཀྱི་ལོ་རྒྱུས་དང་རིག་གཞུང་ལ་རྒྱུས་ལོན་དང་ཉམས་ཞིབ་ཡང་དག་མ་བྱས་པར་ལས་འབྲས་ལ་བློ་མིག་ཟུམ་ཞིང་གྲུབ་མཐའི་ཆགས་སྡང་གིས་བཟི་དྲག་པའི་བླུན་པོ་ཨུ་ཚུགས་ཀྱི་རྫུན་གཏམ་ཁོ་ན་དུ་ཟད་དོ།
གཅིག གཙུག་ལག་རྩིག་རིག་སྤྱི་ཡི་བྱུང་ཚུལ།
དེ་ཡང་ཞང་བོད་མཐོ་སྒང་གི་ཁམས་ཆེན་པོའི་ཡུལ་གྲུ་འདིར་ཤར་ནས་རྒྱ་ཟ་བག་མ་མ་བསུས་ཤིང་ལྷོ་ནས་ཐུབ་ཆོས་ནང་འདྲེན་མ་བྱས་པར་བཙན་པོ་ཆོས་རྒྱལ་གོང་འོག་སྐྱེ་བ་བོད་ཡུལ་དུ་མ་བླང་པའི་སྤྱི་ལོའི་སྔོན་གྱི་ལོ་ཆིག་ཁྲི་གོང་ནས་བདག་ཅག་སྟོན་པ་གཤེན་རབ་མི་བོ་མཆོག་གིས་སྤྱིར་རིག་པའི་གནས་ཆེན་ལྔ་དང་ཁྱད་པར་གཙུག་ལག་རྩིས་ཀྱི་རིག་གཞུང་ཟབ་ཅིང་རྒྱས་པ་གཏན་ལ་ཕབ་ནས་དར་ཁྱབ་ཆེན་པོ་བྱུང་ཡོད་པ་སྟེ། ལོ་རྒྱུས་ཡུན་རིང་གི་བདེན་དཔང་གྲལ་དུ་བརྩི་ཆོག་པའི་ཡིག་ཆ། གཤེན་གྱི་གསུང་རབ«ཀུན་འབུམ་ཁྲ་བོ་»ལས།[1] བར་ལྷ་འོད་གསལ་གཡུང་དྲུང་ས་གནས་ན། རྩོད་བྲལ་ཕྱོགས་མེད་རྒྱལ་པོའི་གསས་མཁར་དུ། མཁའ་ལྡིང་བྱ་རྒྱལ་ཁྱུང་གི་ཁྲི་སྟེང་ན། སྲིད་པ་ཡེ་སངས་དཀར་པོ་ཞེས་ཀྱང་བྱ། ཡེ་མཁྱེན་སྒྲ་བླའི་རྒྱལ་པོ་སྐུ་བཞུགས་ནས། བར་ལྷ་འོད་གསལ་གཡུང་དྲུང་སེམས་དཔའ་ལ། ཀུན་རྫོབ་བདེན་པར་སྒྲ་ཡི་རིག་པ་སྟོན། དོན་དམ་བདེན་པ་ཡེ་མཁྱེན་ཐེག་པའི། མི་འཇིག་སྟོབས་བཅུ་བསྐྱེད་པར་མཛད་པའོ། ། ཕྲིན་ལས་ཀུན་གྲུབ་སྔགས་ཀྱི་གསས་མཁར་དུ། འོག་མེན་ལྷའི་གནས་མཆོག་དམ་པ་ནས། ཆུ་སྲིན་མ་ཧ་ཀ་རིའི་ཁྲི་སྟེང་ནས། སྲིད་པ་ཡེ་མུ་རྒྱུང་ཕྱོད་པ་ཞེས་ཀྱང་བྱ། འོག་མེན་གནམ་གྱི་མཐུ་སྟོབས་ཅན་རྣམས་ལ། ཡེ་དབལ་མཐུ་སྟོབས་རྒྱལ་པོ་སྐུ་བཞུགས་ནས། ཀུན་རྫོབ་བདེན་པར་ནང་གི་རིག་པ་སྟོན། དོན་དམ་བདེན་པ་ཡེ་དབང་ཐེག་པའི། ཏིང་འཛིན་ཡན་ལག་དྲུག་ཅུ་བསྐྱེད་པའོ། །མགོན་བཙུན་ཕྱྭ་ཡི་གྲོང་ཁྱེར་ཆེན་པོ་ནས། ཐུགས་རྗེས་ཀུན་སྐྱོབས་སྨན་གྱི་གསས་མཁར་དུ། ནམ་མཁའི་བ་མོ་ཆེའི་གདན་ཁྲི་ལ། སྲིད་པ་དཔག་མེད་ཀུན་སྙོམས་ཞེས་ཀྱང་བྱ། ཡེ་རྗེ་སྨན་ལྷའི་རྒྱལ་པོ་སྐུ་བཞུགས་ནས། བསྐོ་བ་དམ་པའི་ཕྱ་རྗེ་ཐམས་ཅད་ལ། ཀུན་རྫོབ་དམ་པར་གསོ་བ་རིག་པ་སྟོན། དོན་དམ་བདེན་པ་ཡེ་རྗེའི་ཐེག་པའི། གཤེན་རབ་ལམ་བཞི་རྫོགས་པར་མཛད་པའོ། །སྲིད་པ་ཡེ་སངས་ཡུལ་མཆོག་ཞིང་ཁམས་ཀྱི། འབྱུང་ལྔ་ལྷུན་གྲུབ་རྫོགས་པའི་གསས་མཁར་དུ། གསེར་གྱི་རུས་སྦལ་བསྣོལ་བའི་ཁྲི་སྟེང་ནས། སྲིད་པ་བརྟེན་པའི་ས་འཛིན་ཞེས་ཀྱང་བྱ། ཡེ་དབང་སའི་རྒྱལ་པོ་སྐུ་བཞུགས་པས། སྲིད་པའི་འཁོར་སྡེ་བསམ་དུ་མེད་པ་ལ། ཀུན་རྫོབ་བདེན་པ་ཕྱིའི་རིག་པ་སྟོན། དོན་དམ་བདེན་པར་ཡེ་དབང་ཐེག་པའི། ཡེ་ཤེས་དབང་པོ་དྲུག་ཉིད་བསྐྱེད་པའོ། །གུང་དྲུག་ལྷ་རྩེ་སྲིད་པའི་ཞིང་ཁམས་ཀྱི། སྔོན་བུ་གཡུ་རྩེ་ཤེལ་གྱི་གསས་མཁར་ནས། སྲིད་པ་རླབས་གཅོད་སྤྱི་རྗེའི་ཁྲི་སྟེང་དུ། སྲིད་པའི་རྒྱལ་པོ་སངས་པོ་སྐུ་བཞུགས་པས། དག་པའི་སྲིད་པའི་རྒྱལ་པོ་མུ་མེད་ལ། ཀུན་རྫོབ་བདེན་པར་འཁོར་ལོ་རྣམ་བཞི་སྟོན། དོན་དམ་བདེན་པར་ཡེ་བསྲིད་ཐེག་པ་ཡི། ཐར་པའི་ལམ་བརྒྱད་འབྱེད་པར་མཛད་པའོ།” །ཞེས་གསལ་བ་ལྟར་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་དེ་ཉིད་ཀྱིས་གཤེན་ལོ་གཅིག་བཞེས་པའི་སྐབས་སུ་སྤྱིར་རིག་པའི་གནས་ཆེན་ལྔའི་གཞུང་ལུགས་གསར་དུ་བཏོད་ཅིང་ཁྱད་པར་དུ་ཕྱི་རིག་པའི་བོན་སྡེ་གཙུག་ལག་རྩིས་ཀྱི་རིག་གཞུང་ལ། སྣང་སྲིད་ཀྱི་གཏོ་འབུམ་ནག་པོ། རིན་ཆེན་གྱི་ཀུན་འབུམ་ཁྲ་བོ། གཙུག་ལག་དཔལ་འབུམ་དཀར་པོ་སོགས་གཙུག་ལག་དཀར་ནག་ཁྲ་གསུམ་གྱི་གཞུང་རྣམས་མཛད་ཅིང་། སྣོད་ནི་ཀོང་རྩེ་འཕྲུལ་རྒྱལ་ལ་བསྟན་པ་དང་། དེས་ན་བོད་རྩི་རིག་གི་མ་ལག་དང་བྱུང་ཁུངས་ནི་ད་ལྟ་བོན་གྱི་བཀའ་འགྱུར་ཁྲོད་དུ་བཞུགས་ཡོད་པའི་གཙུག་ལག་དཀར་ནག་ཁྲ་གསུམ་གྱི་གཞུང་འདི་རྣམས་ཡིན་པ་སྟེ།། གཞུང་འདི་དག་མཛད་མཁན་ནི་སངས་རྒྱས་གཤེན་རབ་མི་བོ་ཡིན་པ་དང་གཤེན་རབ་མི་བོ་ནི་སྤྱི་ལོིའི་སྔོན་གྱི་ལོ་གཅིག་ཁྲི་དྲུག་སྟོང་གོང་འབྱུང་ལྡན་དང་པོའི་ཤིང་བྱི་ལ་སྐུ་འཁྲུངས་ཤིང་ད་ལྟའི་བར་འབྱུང་ལྡན་སུམ་བརྒྱ་དང་མི་ལོ་ཆིག་ཁྲི་བརྒྱད་སྟོང་བརྒྱ་མེད་སུམ་ཅུ་སོ་བཞི་ཙམ་སོང་ཡོད་པ་དང་། གཞུང་འདི་དག་གསུངས་སའི་སྣོད་དམ་རྩིས་ཀྱི་སློབ་མ་ཀོང་ཙེ་འཕྲུལ་རྒྱལ་དང་ཀོང་ཚ་དབང་ལྡན་སོགས་ནི་སྤྱི་ལོའི་སྔོན་གྱི་ལོ་སྟོང་ཕྲག་མང་པོའི་གོང་གི་རྩིས་ལ་མཁས་པ་ཞིག་ཡིན་པར་གནའ་དེང་ལོ་རྒྱུས་ཀུན་ལས་ཞལ་ངག་གཅིག་དུ་གྱུར་པ་དེ་དག་གིས་ཤེས་ཐུབ། སྤྱིར་རྩིས་ལ་སྐར་རྩིས་དང་ནག་རྩིས་གཉིས་སུ་ཡོད་པ་སྟེ། སྐར་རྩིས་ནི་གནམ་ལ་ཉི་ཟླ་གཟའ་སྐར་གྱི་འཁོར་བགྲོད་བྱེད་ཚུལ། ས་ལ་དུས་བཞིའི་འགྱུར་ཚུལ། ནམ་ཟླ་དུས་ཀྱི་དབྱེ་བ་སོགས་སྣོད་བཅུད་དང་རང་འབྱུང་ཁམས་རྣམས་འགྱུར་ལྡོག་གསལ་བར་བརྟག་ཐབས་ཀྱི་རིག་པ་དང་། འབྱུང་རྩིས་ནི་སྤར་ཁ་བརྒྱད་སྨེ་བ་དགུ་ལོ་སྐོར་བཅུ་གཉིས་གཟའ་དང་རྒྱུ་སྐར་སོགས་འབྱུང་བའི་ཁམས་དང་འབྲེལ་བའི་ལོ་ཟླ་ཞག་དུས་སྲོག་ལུས་དབང་ཐང་རླུང་རྟ་དར་གུད་སོགས་བརྩི་ནས་ཕྱི་སྣོད་ཀྱི་འཕོ་འགྱུར་ནང་བཅུད་ཀྱི་བདེ་སྡུག་སོགས་ལྐོག་ཏུ་གྱུར་པའི་ལེགས་ཉེན་གྱི་གསང་གནད་གསལ་པོར་སྟོན་པའི་ཤེས་རིག་དང་གཉིས་སུ་ཡོད་ལ།
དང་པོ། སྐར་རྩིས་ནི་སྟོན་པ་གཤེན་རབ་མི་བོ་གཤེན་ལོ་བཅུ་གཉིས་བཞེས་པའི་སྐབས་ས་ཡི་ལྷ་མོ་བརྟན་མ་ཡིས་རིན་ཆེན་བུམ་པས་མངའ་དབུལ་ཏེ། འོལ་གླིང་གི་ལྷོ་ཕྱོགས་ས་བདག་རྒྱལ་པོའི་ཁབ་དབང་ལྡན་དུས་ཀྱི་འཁོར་ལོའི་གཞལ་ཡས་ཁང་དུ་སྤྱན་དྲངས་ཏེ་ས་བདག་ཁྱབ་པ་དབང་ཆེན་གྱིས་གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན་སྟོན་པ་ལ་ཕུལ་ཏེ་བསྟན་པ་སྤེལ་བར་ཞུས་པ་ལ། སྟོན་པ་གཤེན་རབ་མི་བོ་ཡིས་ཆུ་ཕག་ནག་ཟླའི་ཉ་ཆེན་ལ་དབང་ལྡན་དུས་ཀྱི་འཁོར་ལོའི་གཞལ་ཡས་ཁང་དུ། ཚངས་པ་གཙུག་ཕུད་ལ་སོགས་ཞུ་བའི་གཤེན་འཁོར་དང་གཡུང་དྲུང་སེམས་དཔའ་རྣམས་ལ་དབང་ལྡན་དུས་ཀྱི་འཁོར་ལོའི་མདོ་རྒྱུད་གསུངས་ཤིང་། དེ་ཡང་མདོ་ལ་བསྐལ་སྲིད་བསྒྲེས་མདོ་དང་། རྒྱུད་ལ་སྒྲུབ་པ་མཆོད་སྦྱིན་མན་ངག་གསུམ། ཞེས་པ་སོགས་དབང་ལྡན་དུས་ཀྱི་འཁོར་ལོའི་མདོ་རྒྱུད་ལེའུ་སྟོང་ཕྲག་བརྒྱད་གསུངས་སྟེ་ས་བོན་གསེར་ཐུབ་འོད་སྲུང་སོགས་ལ་གཉེར་དུ་གཏད། དེ་ནས་རྟག་གཟིགས་ཤམ་བྷྰ་ལ་རུ་གདུང་སོབ་ཆེན་པོས་དགོངས་འགྲེལ་ཆ་ལག་དང་བཅས་པ་གཏན་ལ་ཕབ་ཅིང་ལོ་ཙྰ་བ་མཁས་པའི་རྒྱན་དྲུག་ལ་སྤེལ་ཏེ་ཤམ་བྷྰ་ལ་རུ་ཆེས་དར་བ་དང་། ལོ་ཙྰ་བ་ཆེན་པོ་དེ་དྲུག་གིས་རྟག་གཟིགས་ཞང་ཞུང་ཨོ་རྒྱན་རྒྱ་གར་སོགས་ཡུལ་གྲུ་ཁག་ལ་བསྒྱུར་ཚུལ་དང་དར་ཚུལ་རྣམས་དཔྱད་གསུམ་དག་རྩིས་ནམ་མཁའི་གཏེར་མཛོད་སོགས་ལས་གསལ་བས་འདིར་མ་སྤྲོས། ཁྱད་པར་དུ་སྔར་ཞང་བོད་ཀྱི་ཡུལ་དུ་ཆེས་གནམ་རིག་སྐར་རྩིས་དར་ཞིང་རྒྱས་ཡོད་པ་སྟེ། «ཞང་བོད་དུས་གཟེར་བརྟག་ཐབས་སམ་ཞང་ཞུང་རྒས་པོའི་ངག་རྩིས་ལས།»[2] “ སྔོན་ཚེ་ཞང་ཞུང་རྒྱལ་བའི་མཉེས་ཡུལ་དུ། གཡུང་དྲུང་བོན་བསྟན་དར་ཞིང་རྒྱས་པའི་དུས། ཞང་རྩིས་རྒས་པོ་བེར་རྒ་ཐོགས་པ་བརྒྱ། དེ་ནང་རྒྱུད་ཁུངས་རྟོགས་པའི་མི་བདུན་ཡོད། དེ་ལས་ཤེས་རབ་ཆེ་བའི་མི་བཞི་ཡིས། རྒྱ་ཞང་བོད་སོགས་རྩིས་རིགས་རྒྱ་མཚོའི་མཐར། བཅད་དེ་བཀོད་པའི་དཔེ་རྙིང་ཁུངས་བཙུན་ཞིག ཁོ་བོས་ཐོབ་པ་དེ་ཡི་སྡོམ་ཚིག་ལ། དགུན་ཉི་ལྡོག་ནས་ཉི་གཟའ་སོ་ལྔ་བགྲང་། བྱ་གཟའ་སོ་བརྒྱད་སྨལ་ཞག་སོ་བདུན་དང་། ནུར་ཞག་གཉིས་དང་དབྱུག་ཞག་བཅོ་ལྔ་དང་། སོན་མཇུག་ཞག་ལྔ་ཁུ་བྱུག་སླེབ་ཞག་བཞི། དེ་ནས་བཅུ་དྲུག་སྣ་རེའུ་སྔ་ཤོས་སྐྱེ། དེ་ནས་བཅོ་ལྔ་ཉི་ཁྱིམ་ཟུག་ཅེས་དྲན། དེ་ནས་བཅུ་དྲུག་དབྱར་ཉི་ལྷོ་རུ་ལྡོག དེ་ཡི་ཕྱིར་ཉིན་དབྱར་གྱི་ཆུང་གསུམ་མམ། ལོག་ཞག་ཉེར་གཅིག་སྨལ་ཞག་བཅོ་ལྔ་དང་། ནམ་བར་གསུམ་དང་སྲིན་མོའི་གདོང་ཆར་གསུམ། ཕག་བདུན་ནམ་གསུམ་ཝ་ཞག་བཅོ་ལྔ་དང་། གཞུང་ཞག་ཉེར་གཅིག་དབྱར་ཤུལ་ཞག་པོ་ལྔ། ལྷོ་སྒོའི་གནམ་སྐས་ཤ་ངུས་སུམ་ཅུ་བདུན། མཆེ་ཞག་ཉེར་གཉིས་སྣ་རུའི་འོད་ཞག་བརྒྱད། གཉན་གྱི་རུ་འཕྲག་ཞག་ནི་བཅོ་ལྔ་དང་། དགུན་ཉི་ཁྱིམ་ཞུགས་ཞག་བདུན་དེ་རྫོགས་མཚམས། དགུན་ཉི་ལྷོ་ནས་བྱང་ལྡོག་བྱ་གཟའ་སོགས། གོང་ལྟར་བསྒྲང་བས་ལོ་གཅིག་ཉིན་ཞག་གྲངས། སུམ་བརྒྱ་རེ་ལྔ་ཡོད་པ་དེ་གྲངས་འགྲིག དེ་དག་རྒྱས་པར་བཀྲོལ་ན་དགུན་ཉི་ཡང་། ལྡོག་ཚུལ་རྟག་གཟིགས་ཙི་ན་གང་འདོད་དམ། སྐབས་ཤིག་རང་ལུགས་དཔྱད་གསུམ་རྟགས་ཀྱང་རུང་། སྲིད་གསུམ་རྒྱལ་མོའི་ཞལ་ངད་ལྷོ་ནས་བྱང་། འཕེན་སྐབས་འཛམ་གླིང་དགུན་ཉི་བྱང་དུ་ལྡོག བྱང་གླིང་དབྱར་ལྡོག་ནུབ་གླིང་སྟོན་ཉིན་མཉམ། ཤར་གླིང་དཔྱིད་མཉམ་དེ་བཞིན་གཞན་རིགས་འགྲེ།” ཞེས་པ་སོགས་ལ་དཔྱད་ན་རྒྱ་གར་ནས་དུས་འཁོར་བོད་ལ་མ་བསྒྱུར་བའི་གོང་འདི་ནས་མི་ལོ་ཁྲི་ཁྲག་གི་ཡར་སྔོན་སངས་རྒྱས་གཤེན་རབ་མི་བོ་དང་དུས་མཚུངས་སུ་ཞང་བོད་མཐོ་སྒང་འདིར་གཙུག་ལག་དུས་ཀྱི་འཁོར་ལོ་གནམ་རིག་སྐར་རྩིས་ཀྱི་གཞུང་ལུགས་ཡོད་པ་མ་ཚད་གཞུང་དེ་དག་ལ་ཆེས་མཁས་ཀྱི་ཞང་བོད་རྩིས་རམ་པ་ཞང་རྩིས་རྒས་པོ་བེར་རྒ་ཐོགས་པ་བརྒྱ་དང་དེའི་ནང་དུ་རྒྱུད་ཁུངས་རྟོགས་པའི་མི་བདུན་ཡོད་པ་དང་། དེ་ལས་ཀྱང་ཤེས་རབ་ཆེ་བའི་མི་བཞི་ཡིས་རྒྱ་ཞང་བོད་སོགས་རྩིས་རིགས་རྒྱ་མཚོའི་མཐའ་བཅད་དེ། དེ་དག་གིས་མཛད་པའི་ཞང་བོད་རྩིས་རིགས་ཀྱི་རྣམ་བཞག་མི་ཉུང་བ་ཞིག་བྱུང་ཡོད་ཀྱང་ད་ལྟ་མཇལ་ཡུལ་དུ་ཡོད་པ་ཞང་ཞུང་རྒས་པོའི་ངག་རྩིས་ཞེས་ཐུན་མིན་དམིགས་བསལ་ཞང་བོད་མཐོ་སྒང་རང་གི་ཁྱད་བོན་ལྡན་ཞིང་ས་གཤིས་གནས་བབ་དང་མཐུན་པའི་དུས་གཟེར་བརྟག་ཐབས་འདི་ཡིན། འདིས་དཔྱིད་དབྱར་སྟོན་དགུན་བགྲོད་གཉིས་དང་ལྡོག་གཉིས་མཉམ་གཉིས་སོགས་ངོས་འཛིན་གསལ་པོ་བྱས་ཡོད་པ་མ་ཟད། ཕྱིའི་རང་བྱུང་ཁམས་དང་སྣོད་བཅུད་འགྱུར་འགྲོས་ཀྱི་སྐབས་དང་སྦྱར་ཏེ་ཞག་གི་དབྱེ་བ་མི་འདྲ་བ་ཉེར་བཞི་ཕྱེས་ཡོད། ཞག་པོ་དེ་དག་དབྱེ་ཚུལ་མདོར་བསྡུས་ན་འདི་ལྟར་ཏེ། དགུན་ཉི་ལྡོག་ནས་བཟུང་ཉི་གཟའ་སོ་ལྔ། དེ་རྗེས་བྱ་གཟའ་སོ་བརྒྱད། དེ་རྗེས་སྨལ་ཞག་སོ་བདུན། དེ་རྗེས་ནུར་ཞག་གཉིས། དེ་རྗེས་དབྱུག་ཞག་བཅོ་ལྔ། དེ་རྗེས་སོན་མཇུག་ཞག་ལྔ། དེ་རྗེས་ཁུ་བྱུག་སླེབ་ཞག་བཞི། དེ་རྗེས་སྣ་རེའུ་སྐྱེ་ཞག་བཅུ་དྲུག དེ་རྗེས་ཉི་ཁྱིམ་ཟུག་ཞག་བཅོ་ལྔ། དེ་རྗེས་དབྱར་ཉི་ལྷོ་རུ་ལྡོག་ཞག་བཅུ་དྲུག དེ་རྗེས་ལོག་ཞག་ཉེར་གཅིག དེ་རྗེས་སྨལ་ཞག་བཅོ་ལྔ། དེ་རྗེས་ནམ་བར་ཞག་གསུམ། དེ་རྗེས་སྲིན་མོའི་གདོང་ཆར་ཞག་གསུམ། དེ་རྗེས་གསང་ཕག་ཞག་བདུན། དེ་རྗེས་ནམ་བར་ཞག་གསུམ། དེ་རྗེས་ཝ་ཞག་བཅོ་ལྔ། དེ་རྗེས་གཞུང་ཞག་ཉེར་གཅིག དེ་རྗེས་དབྱར་ཤུལ་ཞག་ལྔ། དེ་རྗེས་ཤ་ངུས་ཞག་སོ་བདུན། དེ་རྗེས་མཆེ་ཞག་ཉེར་གཉིས། དེ་རྗེས་སྣ་རུའི་འོད་ཞག་བརྒྱད། དེ་རྗེས་གཉན་གྱི་རུ་འཕྲག་ཞག་བཅོ་ལྔ། དེ་རྗེས་དགུན་ཉི་ཁྱིམ་ཞུགས་ཞག་བདུན་བཅས་ལོ་གཅིག་ཧྲིལ་པོ་ལ་ཉིན་ཞག་སུམ་བརྒྱ་དྲུག་ཅུ་རེ་ལྔ་ངོས་འཛིན་བྱས་ཡོད། འདི་དག་གིས་གནའ་བོར་ཞང་བོད་ཀྱི་ཡུལ་དུ་གནམ་རིག་སྐར་རྩིས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པར་ར་སྤྲོད་བྱེད་ཐུབ།
གཉིས་པ། འབྱུང་རྩིས་ནི་སྟོན་པ་གཤེན་རབ་མི་བོས་ཐེག་པ་དང་པོ་ཕྱྭ་གཤེན་གྱི་སྐབས་སུ་ཕྱྭ་རྗེ་རིང་ནམ་གྱི་སྲས་པོ་ཕྱྭ་གཤེན་ལེགས་རྒྱལ་ཐང་པོ་ལ་གསུངས་ཡོད་པ་སྟེ། «མཛད་མདོ་དྲི་མེད»ལས། “ཉོན་ཅིག་ཕྱྭ་གཤེན་གཙུག་ཕུད་ཉོན། །ཕྱྭ་གཤེན་ཐེག་པའི་བོན་སྒོ་ལ། །སྤྱི་རུ་གཏོ་དཔྱད་གཉིས་ཡིན་ཏེ། སྒོས་སུ་རྣམ་པ་བཞི་རུ་སྟེ། །པྲ་ལྟས་མོ་དང་དང་རྣོ་མཐོང་རྩིས། །ན་གསོ་གཏོ་དང་འཆི་བསླུ་དཔྱད། རྣམ་པ་བཞི་རུ་ཤེས་པར་བྱ། འགྲོ་དྲུག་སེམས་ཅན་མ་རིག་པ། འཁྲུལ་འཁོར་མུན་པའི་དམག་རུམ་དུ། མ་རིག་ནད་ཀྱིས་གདུང་བ་ལ། བཟང་ངན་པྲ་ལྟས་མོ་ཡིས་བརྟག ལེགས་ཉེན་རྣོ་མཐོང་རྩིས་ཀྱིས་གཞལ། ན་བར་གྱུར་ན་གཏོ་ཡིས་གསོ། འཆི་བར་གྱུར་ན་དཔྱད་ཀྱིས་འཚོ། །”ཞེས་མོ་རྩིས་གཏོ་དཔྱད་བཞི་རུ་བསྟན་ཞིང་ཁྱད་པར་དུ་“བརྣོ་མཐོང་རྩིས་ཀྱི་མཚན་ཉིད་ལ། གབ་རྩེ་སུམ་བརྒྱ་དྲུག་ཅུ་མཆིས། ཞེས་དང་། རྩིས་ལ་རྣམ་པ་བཞི་ཡིན་ཏེ། གབ་རྩེ་འཕྲུལ་གྱི་མེ་ལོང་དང་། སྤར་ཁ་སྨེ་བའི་གླིང་སྐོར་དང་། འབྱུང་བ་དུས་ཀྱི་འཁོར་ལོ་དང། ཅུ་ཡག་རྟེན་འབྲེལ་ལས་རྩིས་དང་། རྣམ་པ་བཞི་རུ་ཤེས་པར་བྱ།” ཞེས་གསལ་བ་ལྟར་། ལོ་ཟླ་ཞག་དུས་དང་། གཟའ་སྐར། སྤར་སྨེ་དར་གུད། སྲིད་པའི་རུས་སྦལ་སོགས་རྩིས་གཞི་དེ་དག་ནི་ཀུན་འབུམ་གྱི་གཞུང་ལས་བྱུང་ཡོད་པ་སྟེ། དེ་ཡང་[3]«ཀུན་གྲོལ་རླུང་ལྷའི་རྒྱུད»ལས། “ སྣང་སྲིད་གཏོ་འབུམ་ནག་པོས་ཕྱི་རོལ་ཞི་བདེར་བཅོས། རིན་ཆེན་ཀུན་འབུམ་ཁྲ་བོས་འབྱུང་ལྔ་ལྷ་རུ་སྒྲུབ། གཙུག་ལག་དཔལ་འབུམ་དཀར་པོས་ཡེ་དབང་གི་ཐེག་པ་ལ་བཀོད་པར་བཤད་དོ།” ཞེས་དང་། །«ཀུན་འདུལ་ལྩགས་ལྷའི་རྒྱུད་གཞུང»ལས།[4] “ཡེ་དབང་ས་ཡི་རྒྱལ་པོ་ཆེན་པོ་དེ་ལས་སྤྱིར་སྤྲུལ་པ་བཀྱེ་བ་ལ། སྲིད་པ་རིགས་ལྔ་བྱུང་བ་ནི། ཀུན་སྒྲོལ་དབྱིངས་ཕྱུག་རླུང་ལས་གྲུབ་པས་དར་རྒུད་ཀྱི་ལྟང་གཅོད། ཀུན་རིག་རྒྱས་པ་མེ་ལས་གྲུབ་པས་གཟའ་སྐར་གྱི་གྲངས་བཟུངས་། །ཀུན་འབུམ་གོ་འབྱེད་ས་ཡི་སྲིད་པས་གཙུག་ལག་གི་ཁོག་དབུབ ཀུན་འཇོམས་རྒྱལ་པོ་ཆུ་ཡི་སྲིད་པས་སྨེ་མནོལ་གྱི་དུག་སྦྱངས། ཀུན་འདུལ་ཆེན་པོ་ལྕགས་སྲིད་པས་ཞག་ཟླའི་ཁྲིམས་འཆའ་འོ།།” ཞེས་པས། ཀུན་སྒྲོལ་རླུང་ལས་དར་རྒུད་བཅུ་གཉིས་ཀྱི་རྣམ་བཞག་བྱུང་བ་དང་། ཀུན་རིག་མེ་ལས་གཟའ་དང་རྒྱུ་སྐར་གྱི་གྲངས་རྩིས་བྱུང་བ་དང་། ཀུན་འབུམ་ས་ལས་གཙུག་ལག་རྩིས་ཀྱི་སྤྱི་ཁོག་གམ་སྲིད་པའི་རུས་སྦལ་འཁོར་ལོའི་རྣམ་བཞག་བྱུང་བ་དང་། ཀུན་འཇོམས་ཆུ་ལས་སྨེ་བ་དགུ་ཡི་རྣམ་བཞག་བྱུང་བ་དང་། ཀུན་འདུལ་ལྕགས་ལས་ལོ་སྐོར་བཅུ་གཉིས་དང་། ཟླ་བ་བཅུ་གཉིས ཞག་རྩིས་བཅུ་གཉིས། དུས་ཚོད་བཅུ་གཉིས་བཅས་ཀྱི་རྣམ་བཞག་བྱུང་བ་ཡིན།
གཉིས། ཀུན་སྒྲོལ་རླུང་ལྷའི་རྒྱུད་ལས་དར་རྒུད་བཅུ་གཉིས་བྱུང་བ།
«ཀུན་སྒྲོལ་རླུང་ལྷའི་རྒྱུད་ཆོ་ག་བསྟན་པའི་ལེའུ»ལས།[5] རླུང་གི་ལས་ནི་དར་རྒུད་དེ། གཡོ་འགུལ་དང་འཕེལ་འགྲིབ་དང་། སྐྱེ་འཆི་མེད་པ་ཐམས་ཅད་ནི་སྲིད་པའི་རླུང་རིན་པོ་ཆེའི་བྱེད་པ་ལ། རླུང་དེ་དག་སེམས་ཅན་ལས་ཀྱི་ཆ་དང་མཐུན་པར་གནས་པས། སེམས་ཅན་གྱི་ངོ་བོ་ཉིད་དང་མཐུན་པའི་རླུང་གི་བྱེད་པ་བཅུ་གཉིས་སུ་འབྱུང་བ་ནི། རླུང་དེ་སེམས་ཅན་དང་ཤེས་བྱ་གཅིག་བར་གནས་པའི་དུས་སུ་ལྦུག་ཞེས་བྱའོ། རྦུགས་དེ་འཆི་བདག་བདུད་ལྔས་ལེན་ནས། ལུས་དང་སེམས་སུ་ཕྱེ་བ་ནི། རྦུགས་ལེན་ཆུ་རྐྱལ་རྦུགས་འདྲལ་འདྲའོ།།
དེ་སྔ་མའི་ལས་ཀྱི་རྦ་རླབས་ཀྱི་འཕང་ནས་སྐྱེ་སྒོ་བཞི་གང་རུང་དུ་གནས་འཚོལ་པ་ནི། སྐྱེ་འཛིན་གྱི་ཆུ་བོ་ཆེན་པོ་ལྔས་ཁྲིད་ནས། སྐྱེ་གནས་གནམ་བྱར་རྒྱར་འཐུམ་འདྲའོ།།
དེ་ནས་ལས་གཟུགས་བསྐྱེད་གྱིན་ཕུང་པོར་གྲུབ་པ་ནི། ཤ་ཁྲག་དྲོད་དབུགས་ཀྱི་གཉན་ལྔས་རྫོགས་པར་བྱེད་དེ། གཟུགས་རྫོགས་སྐྱེས་བུ་རྒྱན་ཚང་ལའོ།།
དེ་ནས་ལོའི་ཟླ་བ་ཞག་གྲངས་ཐེམ་ནས། ལས་ཀྱི་དབང་གིས་བཙའ་བ་ལ་བསོད་ནམས་ཀྱི་ལྷ་དག་གི་སྐྱོང་བར་བྱེད་དེ། བཙས་པ་ལྷ་བུ་སྦུབ་འབྱིན་འདྲའོ།།
བཙས་ནས་སྐྱེས་གནས་ཀྱི་གྲི་མ་བསལ་བར་བྱ་བ་ལ། སྲིད་པའི་ཆུས་ཁྲུས་བྱས་ནས། བསྐྱེད་པའི་ཀླུ་ལྔས་ལུས་བསྐྱེད་དེ། ཁྲུས་བྱས་ཚན་གྱི་དྲི་བསལ་འདྲའོ།།
དེ་ལ་སྔ་མའི་བསོད་ནམས་ཀྱི་གོ་བགོ་སྟེ། བཟང་ངན་གྱི་རྐྱེན་ལ་མངའ་མཛད་པའི། རྐྱེན་གྱི་རྒྱལ་པོ་ལྔས་ལུས་འཚོ་བ་ནི། གོས་གྱོན་གོ་ཆ་རྫོགས་པ་འདྲའོ། དེ་རིགས་འདྲ་སྔ་མའི་ལས་འཕྲོ་བླངས་ནས། རང་རང་གི་ལས་ལ་སྤྱོད་པར་བྱེད་པ་ལ། ལས་ཀྱི་བཙན་བཙུན་ལྔས་སྣ་དྲང་བར་བྱེད་དེ། ལས་འབྱེད་གཤེད་མས་བསད་པ་འདྲའོ། །དེ་ནས་འབྱུང་བའི་དབང་གི་ཉོན་མོངས་པའི་མཐུས་ལྟས་ནས། ཁབ་སྤྲོད་པར་འགྱུར་བས། འབྱུང་བའི་གནོད་སྦྱིན་ལྔས་ཐབས་སྟེར་ཏེ། ཐབས་ཐོབ་ཤོ་དམ་རྒྱན་ཐོབ་འདྲའོ། །དེ་ནས་འབྱུང་བའི་ནུས་པ་ཟད་དེ་རྒུད་པར་འགྱུར་གྱིས། ལས་ཀྱི་རྒས་རྒུད་འབེབ་པའི་སྲིན་ལྔས་ཆ་ལ་ཕབ་ནས། རྒས་པ་རྒས་པོ་བཤེས་མེད་འདྲའོ། །དེ་ནས་ཉོན་པའི་རྒྱུན་ལ། སྡུག་བལྔལ་གྱི་ཟུག་རྔུ་འབེབ་པར་བྱེད་དེ། བར་ཆོད་ཀྱི་བགེགས་ལྔས་དབང་བྱས་ནས་ན་བར་འགྱུར་བས། ན་བ་ནད་པ་ཉམ་ཐག་འདྲའོ། །དེ་ནས་ཐམས་ཅད་ཀྱི་ཐ་མ་འཆི་བ་ཡིན་པས། འཆི་བདག་གི་གཤིན་རྗེ་ལྔས་དབང་བྱས་ནས། འཆི་བའི་ཉམས་མྱོང་སྟེར་བར་འགྱུར་ཏེ། ཤི་བ་གཤེད་ཀྱིས་བསད་པ་འདྲའོ། །དེ་ནས་སྐྱེ་འཆི་འདུ་བྲལ་ཟད་པར་སྐྱོལ་པ་ནི། དུར་དུ་ཞུགས་པ་ཡིན་པས། དུར་སྲི་ནག་མོ་ལྔས་དབང་བྱས་ནས། དུར་ཞུགས་དུར་ཁྲོད་གཅན་རོལ་འདྲའོ། །ཞེས་དང་། ཡང«ཀུན་གྲོལ་རླུང་ལྷའི་རྒྱུད»ལས།[6] དང་པོ་དབུགས་རྒྱུ་བ་ལ་ལྔ་སྟེ། ངོ་བོ་ནི་སྐྱེ་གནས་ལྔ་མའི་ལུས་རྫོགས་པས་ཤེས་པ་རླུང་གི་རྟ་ལ་ཞོན་ནས་ཡོད་དེ་དར་རྒུད་ཐབས་ཀྱི་རྒྱུའོ། །མཐུན་དཔེ་ནི་འཁོར་བའི་རྒྱ་མཚོར་དབུགས་རྒྱུ་མཚོར་ཞུགས་རྐྱལ་ཞོན་འདྲ། དེའི་ལས་བྱེད་ནི་ལས་ཀྱི་བདུད་ལྔའོ། །གནས་པ་ནི་ར་བ་བཞིའོ། ཞེས་པ་ནས། བཅུ་གཉིས་པ་དུར་ཞུགས་ལ་ལྔ་སྟེ། ངོ་བོ་བམ་ཆེན་བསྲིད་པའི་དུར་དུ་འདེབས་པའོ། །མཐུན་དཔེ་དུར་ཞུགས་དུར་ཁྲོད་གཅན་རོལ་འདྲའོ། ལས་བྱེད་དུར་ཁྲོད་ཀྱི་མ་མོ་ལྔའོ། །གནས་པ་ཐ་ཆུང་བཞིའོ། ” །ཞེས་པའི་བར་དབུགས་ལེན། མངལ་གནས། ལུས་རྫོགས བཙས་པ ཁྲུས་བྱེད གོས་གྱོན ལས་བྱེད། དར་བ། གུད་པ། ན་བ། ཤི་བ། དུར་ཞུགས་དར་རྒུད་བཅུ་གཉིས་དང་། ར་བ་བཞི་ལ་དབུགས་ལེན་དང་ཐ་ཆུང་བཞི་ལ་དུར་དུ་ཞུགས་ཚུལ་སོགས་བྱུང་ངོ་།།
གསུམ། ཀུན་རིག་རྒྱས་པ་མེ་ལྷའི་རྒྱུད་ལས་གཟའ་སྐར་གྱི་རྣམ་བཞག་བྱུང་བ།
ཀུན་རིག་རྒྱས་པ་མེ་ལྷའི་རྒྱུད་ནི་གཟའ་སྐར་གྱི་རྣམ་བཞག་བྱུང་བའི་ཁུངས་ཡིན་པར་གསལ་ཡང་རྒྱུད་གཞུང་དངོས་ལག་ཏུ་མ་ཐོབ་མོད། འོན་ཀྱང་ཀུན་རིག་མེ་ལྷ་འབྲིང་པོ་ནི་རྒྱུད་དེ་ལས་བཏུས་པ་དང་འདི་ཡི་གཞུང་དུ་ངོས་འཛིན་ཆོག་པ་གསུངས་མཁན་ཡོད་པར་ཐོས་རུང་། གོང་དུ་ལུང་ལས། ཀུན་རིག་རྒྱས་པ་མེ་ལས་གྲུབ་པས་གཟའ་སྐར་གྱི་གྲངས་བཟུངས་ཞེས་པའི་གཟའ་སྐར་གྱི་རྣམ་གྲངས་སྐོར་མེ་ལྷ་འབྲིང་པོའི་འགོ་མཇུག་བར་གསུམ་ལ་མཐོང་རྒྱུ་མི་འདུག་པས་རེ་ཞིག་བཞག སྐབས་འདིར་ཀུན་རིག་རྒྱས་པའི་སྦྱིན་སྲེག་སྤྱི་ཁོག་ཆེན་མོ་ལས་གཟའ་སྐར་གྱི་གྲངས་དང་རྣམ་བཞག་ཡོད་པ་དེ་དག་ནི་མིང་དོན་གང་ནས་དཔྱད་ཀྱང་ཀུན་རིག་རྒྱས་པ་མེ་ལྷའི་རྒྱུད་ལས་བྱུང་བའི་ཚིག་ཡིན་པར་སྙམས་ཏེ་འདིར་མདོར་ཙམ་བཀོད་ན།
ཀུན་རིག་རྒྱས་པའི་སྦྱིན་སྲེགས་སྤྱི་ཁོག་ལས »[7] “ཉི་ཟླ་གཟའ་སྐར་འོད་ཀྱི་ཚོགས། །རྒྱུ་ནི་བར་སྣང་མཁའ་ལ་རྒྱུ། །འཁོར་ལོ་སྲིད་པ་རླུང་གིས་སྒྱུར། ཞེས་དང་། །གཟའི་རྒྱལ་པོ་པ་བ་སངས། །གཟའི་བློན་པོ་མིག་དམར། །གཟའི་དགེ་བསྙེན་ཕུར་བུ། །གཟའི་ཐུགས་རྗེ་ཉི་མ། གཟའི་ཕྱག་ཚང་སྤེན་པ། གཟའི་འོད་གསལ་ཟླ་བ། གཟའི་སྐོས་མཁན་ལག་པ། གཟའི་ཕྱག་བརྙན་བྱི་ཏི་པ་ཏ་ནི།” ཞེས་གཟའ་བརྒྱད་ཀྱི་གྲངས་དུ་བསྟན་ལ། “ཤར་ན་སྐར་མ་བདུན་བཞུགས་ཏེ། སྨིན་དྲུག་དང་ནི་སྣར་མ་དང་། མགོ་དང་ལག་དང་ནམ་སོ་དང་། རྒྱལ་དང་སྐག་དང་བདུན་པོ་ལ། བྱང་ན་སྐར་མ་བདུན་བཞུགས་ཏེ། མོན་གྲེ་དང་ནི་མོན་གྲུ་དང་། ཁྲུམས་སྟོད་དང་ནི་ཁྲུམས་སྨད་དང་། ནམ་གྲུ་དང་ནི་ཐ་སྐར་དང་། བྲ་ཉེ་དང་ནི་བདུན་བཞུགས་ཏེ”། ཞེས་དང་། “ནུབ་ན་སྐར་མ་བདུན་བཞུགས་ཏེ། ལྷ་མཚམས་དང་ནི་སྣོར་དང་སྣུབས། ཆུ་སྟོད་དང་ནི་ཆུ་སྨད་དང་། བྱི་ཞིན་དང་ནི་གྲོ་ཞིན་བདུན།” ཞེས་དང་། “ལྷོ་ན་སྐར་མ་བདུན་བཞུགས་ཏེ། མཆུ་དང་དེ་ནི་གྲེ་དང་སྦོ། མེ་བཞི་དང་ནི་ནག་པ་དང་། ས་རི་དང་ནི་ས་ག་བདུན། ” ཞེས་དང་། «ཡང་ས་བདག་གི་འབུམ་ཉི་ཟླ་གཟའ་སྐར་ཅི་ལྟར་ཆགས་པའི་ལེའུ་ལས།» “ཉི་ཟླ་གཉིས་ཀྱི་འོད་ཟེར་ལས། ཤེལ་གྱི་སྐར་མ་འབུམ་ཕྲག་མཐའ་ཡས་པ་བསམ་ལས་འདས་པ་སྲིད། དེའི་ནང་ན་དོན་གལ་ཆེ་བ་ནི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་སྲུང་མཚམས་ཆེ། དེ་ཕྱིར་རྩིས་གྲངས་བསམ་ལས་འདས། ཞེས་པ་ནས། གནམ་ལ་གནས་པ་རྣམས་ཀྱི་མངའ་ཐང་སོ་སོར་བསྟོད། དགུ་ཚིགས་སྐྱ་བོས་གནམ་རལ་དྲང་མཚམས་ཕྱེ།” ཞེས་པ་སོགས་ཀྱི་བར་དུ་རྒྱུ་སྐར་ཉེར་བརྒྱད་ཀྱི་ཁམས་དང་གནས་ཕྱོགས་རྣམ་གྲངས་བཅས་གསལ་པོར་བསྟན་ཡོད། ད་དུང་གཤེན་རབ་ཀྱི་བཀའ་གནམ་ས་སྣང་བརྒྱད་ལས་ཡང་གཟའ་སྐར་དང་སྤར་སྨེ་ལོ་སྐོར་བདུན་ཟུར་བཞི་གཤེད་སོགས་ཀྱི་སྐོར་ཟབ་པོར་ཡོད་ཅིང་དེར་བསྟན་པའི་རྒྱུ་སྐར་གྱི་གྲངས་ནི་གོང་དང་གཅིག་ལ་རེས་གཟའ་བདུན་གྱི་སྟེང་དུ་གཟའ་ཆེན་པོ་སྒྲ་གཅན་འཛིན་དང་། གཟའ་ཆེན་པོ་དུ་བ་མཇུག་རིང་དང་ཞེས་གཟའ་དགུ་རུ་བསྟན་ཡོད། ད་ལྟ་ཡོངས་གྲགས་སུ་གཟའ་དགུ་འམ་སྒྲ་གཅན་ལ་གདོང་མཇུག་གཉིས་སུ་བརྩིས་པའི་གཟའ་བཅུ་དང་རྒྱུ་སྐར་ཉེར་བརྒྱད་སོགས་ཀྱི་རྣམ་བཞག་དེ་ནི་གཞུང་འདི་དག་ལས་བྱུང་བ་ཡིན་ནོ།།
བཞི། ཀུན་འབུམ་ས་ལྷའི་རྒྱུད་ལས་སྲིད་པའི་རུས་སྦལ་འཁོར་ལོའི་རྣམ་བཞག་བྱུང་བ།
ཀུན་འབུམ་ས་ལྷའི་རྒྱུད་ནི་གཙུག་ལག་རྩིས་ཀྱི་སྤྱི་ཁོག་གམ་སྲིད་པའི་རུས་སྦལ་འཁོར་ལོའི་རྣམ་བཞག་ཐོག་མར་བྱུང་སའི་ཁུངས་ཡིན་པ་སྟེ། «ཀུན་འབུམ་ཁྲ་བོ»ལས།[8] “ ཐམས་ཅད་བརྟེན་གནས་འཇིག་རྟེན་ཆགས་ལུགས་ནི། ནམ་མཁའ་སྟོང་པར་དལ་ཕྱོད་གསུམ་གནས་པ་ལ། སྲིད་པའི་ཐུགས་རྗེས་བྱིན་གྱིས་བརླབས་པའི་མཐུས། སྲ་བརྟན་རླུང་རི་གཡུང་དྲུང་རྒྱ་གྲམ་བསྲིད། རླུང་གིས་གཡོ་འགུལ་དྲོད་ཀྱིས་མེ་དཔུང་འབར། མེའི་དྲོད་སྤྲུལ་མཁའ་ལ་སྤྲིན་དུ་འཁྲིག སྤྲིན་ལས་ཆུ་བྱུང་རྒྱ་མཚོ་ཆེན་པོར་བསྲིད། མཚོ་ལས་ཁ་ཞག་གསེར་གྱི་ས་གཞི་བསྲིད། དེ་ལས་རི་རབ་གླིང་དང་གླིང་ཕྲན་བྱུང”ཞེས་དང་། ཡང་དེ་ཉིད་ལས། “དེ་ཚེ་དེ་ཡི་དུས་ཤེད་ན། བདེར་གཤེགས་ཀུན་འབུམ་གོ་འབྱེད་ཀྱི། རིན་ཆེན་གསེར་གྱི་བྱང་བུ་ལ། དབུ་སྐྲ་ཉག་མའི་སྤུ་མདངས་དང་། ཞལ་གྱི་མཆིལ་མ་ལྗགས་གང་དང་། ཕྱག་གི་སེན་མོ་ལྕགས་འོད་དང་། སྐུ་ཡི་དྲོད་དང་ཁ་ཡི་དབུགས། ལུས་ཀྱི་དྲི་དང་ཐུགས་ཀྱི་མདངས། ཐམས་ཅད་བསྡུས་པས་འབྱུང་བ་ཡིས། ཡི་གེ་དཔའ་བོ་འབྲུ་དགུ་བྲིས། འཇིག་རྟེན་བསྐྱེད་པའི་སྨོན་ལམ་གདབ། དབྱིང་ནས་ས་ལ་འཕང་པ་ལ། གསེར་གྱི་ས་གཞིའི་དབུས་དཀྱིལ་ན། འཇིག་རྟེན་སྲོག་རྣམས་སྐྱེད་པའི་གཞི། གསེར་གྱི་རུས་སྦལ་སེར་པོ་བསྲིད། ཞེས་དང་། སྙིང་ལ་ཡིད་བཞིན་ནོར་བུ་ནི། སེར་ལྗང་ཟུར་བརྒྱད་བྷར་བར་བསྲིད། སྲོག་སྙིང་དེ་ཡི་བདག་པོ་རུ། ཐུགས་རྗེ་སྤྲུལ་པའི་སྲས་པོ་ནི། ས་ཡི་སྙིང་པོ་ཀུན་ཁྱབ་དང་། དགུང་ནས་དོག་ལ་བབ་པ་ལ། དེ་ལ་ས་ཡི་ཁྱབ་དགུ་བྱུང་། འཇིག་རྟེན་འཁོར་ལོ་དབང་སྒྱུར་ནི། སྣང་སྲིད་མངའ་མཛད་བཅུ་གཉིས་ཀྱིས། སྤྲུལ་པ་དྲུག་ཅུ་ཐམས་པར་འགྱེད། ཡང་སྤྲུལ་སུམ་བརྒྱ་དྲུག་ཅུ་སྟོན། དེ་ཡི་དབང་མཛད་བཀའ་སྒྱུར་བ། དུས་བཞི་རྒྱལ་མོ་བཅུ་གཉིས་ལ། རྣམ་འགྱུར་བརྒྱ་དང་ཞེ་བཞི་འགྱེད། ཞག་ལྷ་སུམ་བརྒྱ་དྲུག་ཅུ་སྟོན། དུས་ལྷ་བདུན་བརྒྱ་ཉི་ཤུར་མཛད། ཐང་ལྷ་དགུ་བརྒྱ་དགུ་བཅུར་སྤྲུལ། ཡུད་ལྷ་དགུ་ཁྲི་དགུ་སྟོང་བྱུང་། སྐད་ལྷ་བྱེ་བ་ས་ཡ་དང་། སྐད་ཙམ་ཁྲག་ཁྲིག་དུ་མ་འགྱེད། ནོར་འཆོལ་འཁྲུལ་སྟོར་མེད་པ་ལ།” ཞེས་དང་། “གཞན་ཡང་སྲུང་བའི་ལྷ་བཞི་ནི། ཤར་ན་སྟག་རལ་མི་བོ་ཆེ། བྱང་ན་བྱ་དམར་ཁྱུང་ལ་རྗེ། ནུབ་ན་འབྲང་རྗེ་ཡག་པ་བཙན། ལྷོ་ན་འབྲུག་ལྷ་གབ་པ་རྒྱལ། ཙང་ཙང་འཁོར་བ་ཚང་ཁ་ཉུལ། གནམ་ཁྱི་ནག་པོ་ཁབ་སྒོ་འཇོམ། ཧལ་ཁྱི་ནག་པོ་རོ་ལམ་འགོག ལྟོ་ཕྱེ་ནག་པོ་དུར་ཁ་སྡོམ། འབྱུང་སྐྱོང་བཞི་བཅུ་དུས་ཚོད་སྲུངས། དྲེགས་པ་དྲུག་ཅུ་དར་རྒུད་ཉུལ། གཟའ་སྐར་སོ་དྲུག་ལོ་ཟླ་འདྲིལ”། ཞེས་འབྱུང་བའི་ཆགས་རིམ་དང་དེ་ལས་རི་རབ་གླིང་བཞི་གྲུབ་ཚུལ། རི་རབ་ཀྱི་སྙིང་དབུས་སུ་སྟོན་པའི་ཐུགས་རྗེ་དང་ཡི་གེ་དཔའ་བོ་འབྲུ་དགུ་ལས་གཙུག་ལག་རྩིས་ཀྱི་སྒྲོམ་གཞི་སྲིད་པའི་རུས་སྦལ་འཁོར་ལོ་ཇི་ལྟར་བྱུང་ཚུལ་དང་། གཞན་ཡང་ལོ་སྐོར་ཟླ་བ་བཅུ་གཉིས་ལ་ཞག་སུམ་བརྒྱ་དྲུག་ཅུ། ཟ་མ་བདུན་བརྒྱ་ཉི་ཤུ། ཐང་དགུ་བརྒྱ་དགུ་བཅུ། ཡུད་དགུ་ཁྲི་དགུ་སྟོང་། སྐད་ཅིག་བྱེ་བ་ས་ཡ། སྐད་ཙམ་ཁྲག་ཁྲིག་དུ་མར་བསྟན་ཞིང་དེ་དག་ལ་དབང་མཛད་པའི་ཧལ་ཁྱི་གནམ་ཁྱི་ལ་སོགས་ལོའི་ས་བདག ལྟོ་ཕྱེ་དང་ཟིན་ཕུང་ལ་སོགས་ཟླ་བའི་ས་བདག བ་དན་དང་གཙང་ཀུན་ལ་སོགས་ཞག་གི་ས་བདག བླ་མཁྱེན་དང་ས་རྒྱལ་ལ་སོགས་དུས་ཀྱི་ས་བདག ནག་ཆེན་དང་ནག་ཆུང་ལ་སོགས་ཚེས་རྒྱུའི་ས་བདག་གི་སྐོར་རྣམས་བྱུང་བ་དང་། ཡང་ཉེ་ལམ་སྡེ་བཞིའི«གཏོད་འབུམ»ལས། “ བ་དན་ཁྲ་བོ་དག་ལ་བ་དན་བཀྱག་པ་འམ།” ཞེས་པ་ནས་ས་བདག་གཙང་ཀུན་དང་། བྱི་ལིང་། བེ་ཕྱུག གཟིགས་མཇུག ཐེ་བཙན། ཐེ་ཁྱིམ། ཧོང་པན། ས་བདག་ལྔ་སེར། གནམ་ཁྱི། བྱ་ཆུང་། ས་ཡི་རུས་སྦལ་ཞེས་པ་སོགས་རྣམ་གྲངས་མཐའ་ཡས་པ་ཡོད་པས། དེང་དུས་བོད་ཀྱི་ལོ་ཐོའི་ནང་དུ་བཀོད་བཞིན་ཡོད་པའི་ལོ་ཟླ་ཞག་དུས་ཚེས་རྒྱུའི་ས་བདག་སྐོར་རྣམས་ནི་བོན་གཞུང་འདི་དག་ལས་བྱུང་བ་ཡིན་ནོ།།
ལྔ། ཀུན་འཇོམས་ཆུ་ལྷའི་གཞུང་ལས་སྨེ་བ་དགུ་ཡི་རྣམ་བཞག་བྱུང་བ།
དེ་ཡང་ གཤེན་རབ་ཀྱི་བཀའ«ཀུན་འཇོམས་ཆུ་ལྷའི་རྒྱུད་ལས»[9]“སྲིད་པའི་རུས་སྦལ་ལས་སེམས་ཅན་ལས་ཀྱི་དབང་གི་སྨེ་བ་ཆགས་པས། དེ་དག་གིས་གཅོད་འདྲལ་མཐའ་ཡས་པ་འདུལ་བའི་གཉེན་པོར་སྤྲུལ་པ། དེ་ཡི་ནང་ནས་ཀྱང་ལྔ་སེར་སའི་ཁམས་ཀྱི་གནས་འཛིན་པས་ན་ས་འཛིན་ནོ།།
གསུམ་ཐོན་ལས་སྲིད ( སྲིན ) གསུམ་དུ་བྱུང་བས་འཇིག་རྟེན་བརླག་པར་བྱེད་པ་ལ། འདུལ་བའི་གཉེན་པོ་བ་ནམ་ཚོལ་དྲུག་སྟེ། སྲིབ་རི་ནག་ཞེས་བྱ་བ། རི་རབ་ཀྱི་ནང་དཔའ་བསམ་ཤིང་གི་ཁོང་པར། དྲུབ་ཤིང་གནས་གསུམ་གྱི་ཕོ་བྲང་དུ་སྲིན་གསུམ་གདན་དུ་བཏིང་ནས་བཞུགས་པའི་ཚེ། ཕྱི་ཤིང་གི་སྲིད་པ། ནང་མཆིན་མཁྲིས་ལྕེའི་སྲིད་པ། གསང་བ་གཡས་གཡོན་དབུས་ཐོན་ཐམས་ཅད་སྐྱོབས་པར་འགྱུར་རོ།
གཉིས་པ་དགུ་དམར་ལ་གནོད་སྦྱིན་ཆེན་པོ་དགུ་བྱུང་བས་འཇིག་རྟེན་བཅུད་འཕྲོག་པ་ལས། ཡ་བོ་སྤངས་གྲགས་བྱ་བ་དེས་ཐུགས་རྗེས་འདུལ་བར་དགོངས་པ་ལས། གནོད་སྦྱིན་དེ་དག་ཤིན་ཏུ་མཐུ་ཆེ་བས་དངོས་སུ་འདུལ་བར་དཀའ་ཞིང་། བསྒྲལ་ན་ཡང་སྲིད་པའི་གཡང་ཉམས་པས། ཉིད་ནི་མཚལ་རི་ལྷ་ཡི་འདུན་སར་བཞུགས་ཏེ། ཐུགས་རྗེའི་སྤྲུལ་པས་འོག་ཕྱོགས་ནས་སྐལ་པའི་མེར་སྤྲུལ་པས་དུ་བའི་རྒྱམ་རྒྱུང ་ཚངས་རིས་ཁེངས་པ་ཅིག་མཛད་པས་འཇིག་རྟེན་སྲེགས་པའི་བརྡ་བསྟན་པས། གནོད་སྦྱིན་དེ་དག་ཤིན་ཏུ་བྲེད་ནས་ཉིད་ལ་སྐྱབས་སུ་བྱུང་པ་ལས། དམ་ལ་བཏག་སྟེ་ནོར་གྱིས་ལྷར་དབང་བསྐུར། དཔགས་པའི་ཡོན་ཏན་གྱིས་བསྟན་པ་སྲུང་བར་བྱའོ།།
གསུམ་པ་བདུན་དམར་ལ་དྲེགས་པ་བཙན་བདུན་བྱུང་པས། སྲིད་པ་སིལ་བུར་བཏང་པ་ལ། ཐོད་ཀར་ལྡེམ་པའི་རྡོ་ཨར་མོ་ལི་གའི་སྟེང་གདག་རི་དཀར་པོ་ལ་རྒྱབ་གཏད་ནས་བཞུགས་ནས། ཁོང་རྣམས་གཉིས་ནག་བདུད་ཀྱིས་མཚོན་བཀྱོན་དབབ་ནས་ཉོན་མོངས་པའི་དུས་སུ། དྲེགས་པའི་སྐྱོན་ཡིན་པར་བསྟན་ནས། ཞི་བའི་ངང་གིས་བཏུལ་ནས་ཉིད་ཀྱིས་དབང་དུ་བསྡུས་སོ།།
བཞི་པ་གཅིག་དཀར་ལས་མདེའུ་ཐུང་བ་བཙུན་མོ་བྱ་བ་སྲིད་པ་དེས། གནམ་གྱི་ལྷ། བར་གྱི་རྒྱལ་པོ། སའི་ཐེའུ་རང་གི་རྒྱལ་པོ་མཛད་ནས། སྲིད་པའི་སྐྱེ་འཕེལ་དང་ཆུ་སྲིན(ཆུང་སྲིད)ཐམས་ཅད་བརྐུས་ནས་འཇིག་རྟེན་དཀར་པོའི་སྲིད་པ་ཆགས་སུ་མ་སྟེར་བ་ལ། ནམ་ཙ་རིང་པ་འདུལ་པའི་གཉེན་པོ་བྱོན་པའི་དུས་ན། མོ་ནི་རྒྱ་མཚོའི་གཏིང་དུ་བྲོས་སོ། དེ་ལ་ཁྲོ་བོ་དེ་ཆུ་བོའི་གཞུང་ལ་བཞུགས་ནས། སྤྲུལ་པས་རྒྱ་མཚོ་བསྲུབ་ནས་གཡོ་བ་དང་མེར་བ་དང་ལྡེག་པར་བྱས་པས། ལྷ་མོ་དེ་ལུས་གཏུབ་པ་ཕྱེ་མར་གཏང་པས། ཤིན་དུ་བྲེད་ནས་སྟོབས་འཕྲོག་པས། སྲིད་པའི་ས་བོན་རྒྱ་མཚོ་བསྲུབ་པའི་བཅུད་ལས་སྦུ་བར་བྱུང་ངོ་། །དེ་ལ་སྲིད་པ་ཡོད་ཀྱི་ས་བོན་དུ་སྨོན་ལམ་བཏབ་ནས། སླར་ལྷ་མོ་དེ་དབང་དུ་བསྡུས་ནས་ཚན་གྱི་ལྷ་མོ་བྱས་སོ།། ལྔ་པ་བཞི་ལྗང་ལས་ཀླུ་བཞིར་བྱུང་པ་འམ། ཕྱོགས་བཞིའི་འཇིག་རྟེན་ལ་མངའ་བསྒྱུར་ནས། ནད་དང་གནོད་པ་སྣ་ཚོགས་སུ་ཕབ་པ་ལས། སྲིད་པ་ཡོངས་སུ་དག་པ་ཡིས། མི་རྟོགས་དགོངས་པའི་ངང་ལས། ཐུགས་རྗེ་སྤྲུལ་པ་བཀྱེ་བ་ནི། ཨ་ཡང་རླུང་ལས་གྲུབ་པའི་འཁོར་ལོ། རིན་པོ་ཆེའི་བྱང་བུ་བཞི་བསྐུར་ཏེ། ཁོང་བཞིའི་སྤྱི་བོར་བབ་པ་ལས། མཆོད་རྟེན་ཆེན་པོ་བཞི་སྤྲུལ་ནས་མནན་ནོ། །དེ་ནས་ལས་ཀྱི་སྒོ་མར་དམ་ལ་བཏག་པས་སྒོ་བཞི་ལ་མངའ་བའོ།། དྲུག་པ་ནི་གཉིས་ནག་ལས་བདུད་ཆེན་པོ་གཉིས་སུ་བྱུང་བ་ཡིས། མྱ་ངན་གྱི་ཐང་ནག་ཏུ། མྱ་ངན་གྱི་མཚོ་བསྐྱིལ་བ་ལས། ཁྲག་གི་ཆར་པ་དང་། སེར་བའི་ནད་ཆེན་པོ་བྱུང་པས་སྲིད་པ་ཆམ་ལ་ཕབས་སོ། དེ་ལ་ཤིང་དྲུག་ཐང་པོ་བྱ་བ་ཡིས། ས་གཞི་དབུས་ན་རི་རབ་ལྟ་བུ་སྐུ་སྤྲུལ་ཏེ། གནམ་ལྕགས་ཀྱི་ཐོག་ཆེན་གྱིས་བདུད་རི་བསྒྱིལ། བདུད་མཚོ་དྲལ་བས། བདུད་ཀྱི་ནད་དང་ཁྲག་གི་ཆར་པ་བཅད་ནས། བདུད་གཉིས་མེ་རིའི་ཞུགས་ལ་བཞེན་པའི་ཚུལ་བསྟན་ནས། བདུད་ལས་ཀྱི་བྲན་པོར་ཁས་བླང་ངོ་།།
བདུན་པ་ནི་དྲུག་གར་གྱི་ཡབ་བླ་བདལ་དྲུག་ལ་སོགས་པའི་ཕྱྭ་ཁམས་རྣམས། སྲིན་མོ་དམར་མོའི་རྩོག་གི་མནོལ་ཏེ། ལྷ་དང་སྲིན་དུ་འཁྲུགས་པས་གནས་པའི་སྲིད་པ་ལ་ཡང་རྒྱ་བྲེས་གང་བ་ལ། ཏིང་ཙུག་རྒྱལ་བ་ནམ་མཁའི་ཁམས་སུ་བྱོན་ནས། ལྷ་དང་སྲིན་ཡང་གནམ་ཐོང་གཡས་དང་གཡོན་དུ་ཡུལ་བསྐལ་ཉི་ཟླའི་མཐོང་བྲེས། འོད་ཟེར་གྱི་མཚམས་ཕྱེས་པས་བདེ་ལ་བཀོད་དོ།།
བརྒྱད་པ་ནི་བརྒྱད་དཀར་སྒྲ་བླ་ལྕམ་དྲལ་དེ་དག་ཀྱང་། ཡོད་མེད་ཁ་འཛིན་ལ་འཁྲུགས་པ་ཆེན་པོ་ལང་ནས། གནམ་སྤྲུག་ས་གཡོས་རི་བསྙིལ་བ་ལ། གཟུ་དཔང་རྒྱལ་པོ་བྱ་བ་དེས། རི་རབ་ཀྱི་ཟོམ་ལ་བྱོན་ནས། བཀའ་ཡི་ལྷ་མ་སྲིན་དང་བཅས་པ་དབང་དུ་བསྡུས། རི་རབ་ཀྱི་རྩེ་ལ་ཤོད་ཀྱི་གཞི་མ་བྲེས། སྐོས་ཀྱི་བྱང་བུ་བཀྲམ། བདེན་པའི་གཟུ་བྱས་དྲང་པོའི་དཔང་བཙུག་ནས་སྐོས་ཀྱི་ཤོ་རྡོ་ཆེན་པོ་བཞག་ནས། སྨེ་བ་དང་སྲིད་པའི་ལྷ་འདྲེ་དེ་དག་དེ་ཕྱིན་སླན་ཆད་མི་འཁྲུགས་པར་མཛད་དོ། ” །ཞེས་པས། གཅིག་དཀར། གཉིས་ནག གསུམ་འཐིང་། བཞི་ལྗང་། ལྔ་སེར། དྲུག་དཀར། བདུན་དམར། བརྒྱད་དཀར། དགུ་དམར་བཅས་སྨེ་བ་དགུ་ཡི་རྣམ་བཞག་བྱུང་ངོ་།།
ཡང་སྤར་ཁའི་བྱུང་ཁུངས་ནི། གསུང་རབ་འབུམ་བཞི་ལས་ས་བདག་གི་འབུམ«ས་བདག་ཅི་ལྟར་སྤྲུལ་ཅིང་སྲིད་པའི་ལེའུ་ལས»[10] “དང་པོ་ཅི་ཡང་མེད་པ་ལ། རླུང་ཡུད་ཙམ་དུ་སྲིད། དེ་ལ་གཡུ་ཡི་ན་བུན་འཐུལ་པ་སྲིད། དེ་ལ་ཆབ་ཐིལ་པ་ཕུབ་ཙམ་ཞིག་དུ་སྲིད། དེ་ལ་ཁེན་ཕ་རྒད་པོ་གནམ་དང་། ཁོན་མ་རྒན་མོ་ས་རུ་སྲིད། དེ་གཉིས་འཚོས་པའི་སྲས་ལ་ལྕམ་དྲལ་གཉིས་སུ་སྲིད། བུ་གེང་རི་གླང་དང་། བུ་མོ་ལི་མེ་རྟ་ལགས་སོ།། ཞེས་པ་སོགས་ནས། ཁེན་ཕ་རྒད་པོ་འཚངས་ཀྱིན་ལྗིབས་ཏེ་ཤི། དེའི་རོ་འཛིན་ཟོན་གྱིས་བྱས་པ་ལ། ཟོན་འགག་དྲིན་ཅན་བྱ་བ་ཡིན། རོ་ཁལ་དང་ཤ་རི་ཁུར་མི་དྲ༼དྭ༽བྱས་པས། དྲ༼དྭ༽ལ་དབང་བ་ཀུན་ལ་དྲི་བོ་དང་། ཤ་རུ་མེད་མི་སྲིད། ལི་མི་མང་པོ་དང་ཕ་མ་ལ་རྫུན་སྦྱར་ཤིན་བྱས་པ། དབྱེན་བཅུག་བྱུང་བའི་ཟིན་དེ་རླུང་ཞེས་བྱའོ།།” ཞེས་དང་། ཡང་གསུང་རབ་སྣང་བརྒྱད་ལས། “སྤར་ཁམས་ཆེན་པོ་ཟིན་ཤིང་དང་། སྤར་ཁམས་ཆེན་པོ་ལི་མེ་དང་། སྤར་ཁམས་ཆེན་པོ་དྭ་ལྕགས་དང་། སྤར་ཁམས་ཆེན་པོ་ཁམས་ཆུ་དང་། སྤར་ཁམས་ཆེན་པོ་ཟོན་རླུང་དང་། སྤར་ཁམས་ཆེན་པོ་ཁོན་ས་དང་། སྤར་ཁམས་ཆེན་པོ་ཁེན་གནམ་དང་། སྤར་ཁམས་ཆེན་པོ་གིང་རི་དང་།” ཞེས་པ་སོགས་ནི་སྤར་བརྒྱད་དང་སྨེ་དགུའི་བྱུང་ཁུངས་སོ།།
དྲུག ཀུན་འདུལ་ལྕགས་ལྷའི་རྒྱུད་ལས་ལོ་ཟླའི་དུས་ཁྲིམས་བྱུང་བ།།
དེ་ཡང«ཀུན་འདུལ་ལྕགས་ལྷའི་རྒྱུད་དངོས་གཞི་ལེའུ་ལས།»[11]“འབྱུང་བའི་སྲིད་པ་ལོ་དྲུག་ཅུ། ཟླ་བའི་སྲིད་པ་བརྒྱ་དང་བཞི་བཅུ། ཞག་གི་ལྷ་སུམ་བརྒྱ་དྲུག་ཅུ། ཟ་མའི་ལྷ་བདུན་བརྒྱ་ཉི་ཤུ། ཐང་ཡུད་ཡན་ཆད་ལ་མངའ་བའི་ལྷ། ”ཞེས་དང་། ཡང་འབུམ་བཞིའི་ས་བདག་མཆོད་འབུལ་གྱི་ལེའུ་ལས།[12] “བདག་ཅག་སེམས་ཅན་མིའི་ལུས་ལ་ཡང་ནམ་ཟླ་དུས་བཞི་ཚང་སྟེ། བདག་ཅག་ཡང་ལ་ལ་ཞིག་ནི་ནམ་ཟླ་དབྱར་གྱི་བུ། ལ་ལ་ཞིག་ནི་ནམ་ཟླ་སྟོན་གྱི་བུ། ལ་ལ་ཞིག་ནི་ནམ་ཟླ་དགུན་གྱི་བུ་ཡིན་ཏེ། དེ་ལ་སོ་སོར་དབང་ཚད་རེ་རེ་ཡོད་དོ། དེ་ལ་དཔྱིད་ཀྱི་བུ་ནི་ཤིང་ལ་དབང། དབྱར་གྱི་བུ་ནི་མེ་ལ་དབང། སྟོན་གྱི་བུ་ནི་ལྕགས་ལ་དབང། དགུན་གྱི་བུ་ནི་ཆུ་ལ་དབང། ཐ་ཆུང་བཞིའི་བུ་ནི་ས་ལ་དབང། འབྱུང་བ་ཆེན་པོ་ལྔ་ལ་དབང་བས། དོན་སྙིང་སྨད་ལྔ་ལུས་ལ་ཆགས་པ་ལགས། སྨད་ལྔ་ཡང་མཆིན་པ་འབྱུང་བ་ཤིང་གི་ཁམས་སུ་གཏོགས། སྙིང་འབྱུང་བ་མེ་ཡི་ཁམས། གློ་བ་འབྱུང་བ་ལྕགས་ཀྱི་ཁམས། མཁལ་མ་འབྱུང་བ་ཆུའི་ཁམས། མཚེར་པ་འབྱུང་བ་སའི་ཁམས། དེ་ལ་ལུས་ཀྱི་མདུན་ནི་ཤར་རྒྱབ་ནི་ནུབ། གཡས་ནི་ལྷོ་གཡོན་ནི་བྱང། གཡས་ནི་བླ་གཡོན་ནི་འོག། སྔ་དྲོ་དཔྱིད་ཉི་མ་དྲོས་དབྱར། ཉི་མ་མྱུར་སྟོན། ཉི་མ་ནུབ་དགུན་གྱི་ཁམས་སུ་གཏོགས་པ་ལགས། དེ་ལྟར་ལོ་གཅིག་ལ་དུས་ཚོད་བཅུ་གཉིས་དང། དུས་ཚོད་བཅུ་གཉིས་ལ་ཞག་གཅིག། ཞག་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག། ལོ་གཅིག་ལ་ཞག་སུམ་བརྒྱ་དྲུག་བཅུ། ཟ་མ་བདུན་བརྒྱ་ཉི་ཤུ་མཆིས། དེ་ལ་ལོའི་དང་པོ་བྱི་བ། ཟླ་བའི་དང་པོ་དཔྱིད་ཟླ་ར་བ། ཞག་གི་དང་པོ་ནམ་ལངས་པ། གཟའི་དང་པོ་ཉི་མ། སྐར་མའི་དང་པོ་སྨིན་དྲུག།” ཞེས་དང་། ཀོང་ཙེའི་གཏོ་འབོད་ལས། “ལོ་ཡི་འགོ་ལ་གཏོ་བྱེད་ན། །ཤིང་ཕོ་བྱི་བ་གཏོ་ལ་བྱོན། །ཟླ་བའི་འགོ་ལ་གཏོ་བྱེད་ན། །མེ་ཕོ་སྟག་ནི་གཏོ་ལ་བྱོན། །ཉི་མའི་འགོ་ལ་གཏོ་བྱེད་ན། །ས་ཕོ་སྟག་ནི་གཏོ་ལ་བྱོན། །དུས་ཚོད་འགོ་ལ་གཏོ་བྱེད་ན། ལྕགས་མོ་ཡོས་བུ་གཏོ་ལ་བྱོན། །གཟའ་ཡི་འགོ་ལ་གཏོ་བྱེད་ན། །གཟའ་ཆེན་ཉི་མ་གཏོ་ལ་བྱོན། །རྒྱུ་སྐར་འགོ་1ལ་གཏོ་བྱེད་ན། །སྐར་མ་སྨིན་དྲུག་གཏོ་ལ་བྱོན། །སྤར་ཁའི་འགོ་ལ་གཏོ་བྱེད་ན། །ལི་ཡི་བུ་མོ་གཏོ་ལ་བྱོན། དར་རྒུད་འགོ་ལ་གཏོ་བྱེད་ན། །དབུཊ་རྒྱུ་ཉིད་ཀྱང་གཏོ་ལ་བྱོན། །སྨེ་བའི་འགོ་ལ་གཏོ་བྱེད་ན། སྨེ་བ་གཅིག་དཀར་གཏོ་ལ་བྱོན། །འབྱུང་བའི་འགོ་ལ་གཏོ་བྱེད་ན། །འབྱུང་བ་ཤིང་གི་གཏོ་ལ་བྱོན།”ཞེས་གསལ་བ་ལྟར་ལོ་ཟླ་ཞག་དུས་རྩིས་ལ་ཕབ་ལུགས་དང་། ལོ་འགོ་ཤིང་ཕོ་བྱི་བ། ཟླ་འགོ་བོ་དཔྱིད་ར་མེ་སྟག ཉི་མའི་འགོ་བོ་ས་ཕོ་སྟག དུས་ཀྱི་འགོ་བོ་ལྕགས་མོ་ཡོས་བྱས་པར། ལོ་འགོ་ཤིང་ཕོ་བྱི་བ་དང་། ལོ་བུ་ཟླ། ཟླ་བུ་ཞག ཞག་བུ་དུས་ཚོད་དུ་བརྩིས་པའི་ལོ་འགོ་དང་ཟླ་འགོ་ཞག་དུས་གཟའ་སྐར་དར་རྒུད་སྤར་སྨེ་སོགས་ཀྱི་འགོ་འཛིན་ལུགས་དང་གོ་རིམ་གྱི་རྣམ་བཞག་བྱུང་ཡོད་པ་དང་། གཞན་ལོ་རྟགས་བཅུ་གཉིས་ཀྱི་བྱུང་ཁུངས་དང་བྱུང་ཚུལ་ངོས་འཛིན་སྟངས་མི་འདྲ་བ་བཤད་ཚུལ་མང་ཡང་། རང་རེ་བོད་ཀྱི་རྩིས་རིག་གི་གཞུང་ལས་གསལ་བའི་ལོ་རྟགས་བཅུ་གཉིས་ཀྱི་བྱུང་ཁུངས་ནི་གཤེན་རབ་ཀྱི་བཀའ་ས་བདག་འབུམ་དང་ཀུན་འབུམ་སོགས་ཡིན་པས། གཞུང་དེ་གཉིས་ལས་བསྟན་ཚུལ་རིམ་བཞིན་འདིར་མདོར་ཙམ་བཀོད་ན། དང་པོ་ས་བདག་འབུམ་ལས་བསྟན་ཚུལ། « ས་བདག་ཀླུ་གཉན་དང་མི་རྒྱུད་སྨོན་དང་ལྷ་རྒྱུད་གཤེན་དང་ལྔའི་ལོ་རྒྱུས་བསྟན་པའི་ལེའུ་ལས།»[13] “ དབུའི་སྤྲུལ་པས་གནམ་ཕུབ་ཞབས་ཀྱི་སྤྲུལ་པས་ས་ཡང་བཏིངས། རྒྱ་མཚོ་ས་ཆུ་སྐྱེད། རླུང་གི་དབུགས་ཕྱུང། སྐུའི་སྤྲུལ་པ་ལས། རྒྱ་མཚོའི་དབུས་སུ་རི་རབ་སྲིད། རྒྱུད་པ་ལ་དཔེ་བླང་སྟེ། རི་རབ་སྲོག་ཤིང་བསལ། དེ་ལ་མིང་དང་མཚན་གསོལ་བ། རྩ་བ་རྒྱ་མཚོ་ལ་ཆགས་སྟེ། ས་གཞི་ལ་གཞི་བརྟན་ནས་དཔག་བསམ་ལྗོང་ཤིང་ཞེས་ཀྱང་བྱ། སྲིད་ཤིང་ལྗོང་དཀར་ཞེས་ཀྱང་བྱ། ཤིང་ལ་མཚན་དགུ་ཡོད་པ་ལོ་འདབ་རྒྱས་པ། རྩེ་མོ་སྲིད་པའི་རྩེ་ལ་འཕགས་པ། ཡལ་ག་བཅུ་ཡོད་པ་ལོ་མ་གཟུགས་སུ་དོད་པ། ཤིང་དེའི་རྒྱུ་འབྲས་ནི་ས་ཆུ་མེ་རླུང་ནམ་མཁའ་ལྔ་ལས་གྲོལ་བས་རི་རབ་སྲོག་ཤིང་དུ་སྲིད་པ། དེ་ལ་འབྱུང་བ་ལྔ་ཞེས་བྱ་བ། རི་རབ་སྲོག་ཤིང་སྲིད་པ། ས་ཆུ་མེ་རླུང་ལྕགས་ལས་གྲོལ་བས། སྲོག་ལྔ་བསྐྱེད་ཅེས་དེ་ལ་བྱ། གསེར་དངུལ་གཡུ་ཟངས་སུ་སྲིད། རིན་པོ་ཆེ་གསེར་གྱི་ས་གཞི་ཞེས་ཀྱང་བྱ། རི་རབ་ལྗོང་ཤིང་གཉིས་རྒྱ་མཚོའི་རླབས་ལ་བརྟེན། དེ་ལ་རླུང་བརྟེན། རླུང་ལ་མེ་བརྟེན། མེ་ལ་ཆུ་བརྟེན། ཆུ་ལ་ལ་བརྟེན། ས་ལ་སྐྱེ་འགྲོ་སེམས་ཅན་ཀུ་ཀྱང་བརྟེན། རི་རབ་ལ་ས་བདག་ཀླུ་གཉན་ཀུན་བརྟེན། དམུ་བདུད་འཚམས་དང་གསུམ། ལྷ་གར་རྟེན་དང་གསུམ་རི་རབ་ལ་སྲིད་དེ་ཆགས། དེ་རྣམས་ཀྱི་ཁ་ལོ་བོན་དང་གཤེན་གྱིས་སྒྱུར་བར་སྲིད། གཙུག་ལག་སྲིད་པ་ལ་བརྟེན། བསྐལ་པ་དེའི་དུས་ཙམ་ན། ཤིང་དེའི་ལོ་མ་རུ། གཟུགས་དང་པོ་བྱི་བའི་གཟུགས་སུ་བྱུང། བྱི་བའི་ལོ་ཞེས་ཀྱང་བྱ། ཤིང་གི་ལོ་མ་ལ་སྲིད་པས་ན། ལོ་ཞེས་ཀྱང་བྱ། དེའི་འོག་ཤད་ན། གླང་གི་གཟུགས་སུ་བྱུང། གླང་གི་ལོ་ཞེས་ཀྱང་བྱ། དེའི་འོག་ཏུ་སྟག་གི་གཟུགས་སུ་བྱུང། སྟག་གི་ལོ་ཞེས་ཀྱང་བྱ། དེའི་འོག་ཏུ་ཡོས་བུའི་གཟུགས་སུ་བྱུང། ཡོས་བུའི་གཟུགས་ཞེས་ཀྱང་བྱ། དེའི་འོག་ཏུ་འབྲུག་གི་གཟུགས་སུ་བྱུང། འབྲུག་གི་ལོ་ཞེས་ཀྱང་བྱ། དེའི་འོག་ཏུ་སྦྲུལ་གྱི་གཟུགས་སུ་བྱུང། སྦྲུལ་གྱི་ལོ་ཞེས་ཀྱང་བྱ། དེའི་འོག་ཏུ་རྟའི་གཟུགས་སུ་བྱུང། རྟའི་ལོ་ཞེས་ཀྱང་བྱ། དེའི་འོག་ཏུ་ལུག་གི་གཟུགས་སུ་བྱུང། ལུག་གི་ལོ་ཞེས་ཀྱང་བྱ། དེའི་འོག་སྤྲེའུའི་གཟུགས་སུ་བྱུང། སྤྲེའུའི་ལོ་ཞེས་ཀྱང་བྱ། དེའི་འོག་ཏུ་བྱའི་གཟུགས་སུ་བྱུང། བྱའི་ལོ་ཞེས་ཀྱང་བྱ། དེའི་འོག་ཏུ་ཁྱིའི་གཟུགས་སུ་བྱུང། ཁྱིའི་ལོ་ཞེས་ཀྱང་བྱ། དེའི་འོག་ཏུ་ཕག་གི་གཟུགས་སུ་བྱུང། ཕག་གི་ལོ་ཞེས་ཀྱང་བྱ། དེ་ལ་ས་གཞི་རུ་སྦལ་བརྟེན་ཏེ། རུ་སྦལ་གྱི་བུ་ཡིན་པས། དེའི་དྲང་མཁན་ནི། གསེར་གྱི་དྲང་མཁན་ནི། གསེར་གྱི་མེ་འབར་བ་ནི། བོན་ཆོས་རྫུ་འཕྲུལ་ལས། ཉིན་གྱི་ཉི་མ་སྲིད། ཆུ་ཤེལ་གསལ་བ་ལས། མཚན་གྱི་ཟླ་བ་སྲིད། རླུང་ལྕམ་འཁྲུགས་པ་ལས། སྐར་མའི་རྒྱུ་སྲིད། ཞག་དང་ཟླ་བ་ལོ་རུ་སྲིད། ལོ་གཅིག་ལ་ཟླ་བ་བཅུ་གཉིས་སུ་བགྲང། ཟླ་བ་བཅུ་གཉིས་ལ་ཞག་སུམ་བརྒྱ་དྲུག་བཅུ་གྲངས། ཞག་སུམ་བརྒྱ་དྲུག་བཅུ་ལ་ཟ་མ་བདུན་བརྒྱ་ཉི་ཤུའི་གྲངས། དེ་ལ་ལོའི་དང་པོ་བྱི་བས་དབང། དེའི་འོག་མ་གླང་གིས་དབང། དེའི་འོག་མ་སྟག་གིས་དབང། དེའི་འོག་མ་ཡོས་བུས་དབང། དེའི་འོག་མ་འབྲུག་གིས་དབང། དེའི་འོག་མ་སྦྲུལ་གྱིས་དབང། དེའི་འོག་མ་རྟ་ཡིས་དབང། དེའི་འོག་མ་ལུག་གིས་དབང། དེའི་འོག་མ་སྤྲེལ་གྱིས་དབང། དེའི་འོག་མ་བྱ་ཡིས་དབང། དེའི་འོག་མ་ཁྱི་ཡིས་དབང། དེའི་འོག་མ་ཕག་གིས་དབང། དེ་སྲིད་པའི་ཕ་མ་རུ་སྦལ་འདོད་བཞེད་དང་།” ཞེས་ཉི་ཟླ་སྐར་གསུམ་དང་ལོ་ཟླ་ཞག་དུས་ལོ་རྟགས་བཅུ་གཉིས་ཀྱི་བྱུང་ཁུངས་སོ།།
ཡང་ཀུན་འབུམ་ལས་ལོ་སྐོར་བཅུ་གཉིས་བྱུང་ཚུལ་ནི།[14]«ཀུན་འབུམ་ཁྲ་བོ་གཡུང་དྲུང་སྲིད་རྒྱས་ལུས་ཀྱི་ཀུན་འབུམ་བསྟན་པའི་ལེའུ་ལས། » “དེ་ནས་སྟོན་པ་གཤེན་རབ་མི་བོས་བཀའ་བསྩལ་པ། བདག་ཉིད་དང་པོ་སྐྱེ་བ་བཞེས་པར་མཛད་དེ། གཡུང་དྲུང་གསལ་བའི་འོད་གླིང་ཞེས་ཀྱང་བྱ། སྟག་གཟིག་ཡུལ་གྱི་སྙིང་པོ་ཡོན་ཏན་གྱི་དབུས་ཞེས་ཀྱང་བྱ། གཤེན་ཡུལ་འོལ་མོ་ལུང་རིང་ཞེས་ཀྱང་བྱ། ཤམ་བྷ་ལའི་གནས་མཆོག་ཞེས་ཀྱང་བྱ། རི་བོ་གངས་བཟང་པོའི་ར་བ་ཞེས་བྱ་བ་དེ་ན། དབུས་ཀྱི་གཡུང་དྲུང་དགུ་བརྩེགས་དཔལ་གྱི་རི་བོ། རིན་ཆེན་སྣ་བདུན་ལས་གྲུབ་པས། དེའི་ཤར་ཕྱོགས་འབྱུང་བ་ས་ལས་སྤྲུལ་པ། གཡུང་དྲུང་རིགས་སུ་གྲུབ་པའི་ཞིང་ཁམས། །མདོག་དཀར་འཇིག་རྟེན་གསུམ་ལ་རྒྱལ་བའི་གནས་ན། བར་པོ་སོ་བརྒྱད་རིན་ཆེན་འབར་བའི་གསས་མཁར་དུ། ཡབ་རྒྱལ་བོན་ཐོད་དཀར། ཡུམ་ཡོ་ཕྱི་རྒྱལ་བཞད་མའི་སྲས་སུ་སྐུ་འཁྲུངས་པས། འབྱུང་བའི་ལྷ་ལྔས་ཤ་ཁྲག་དྲོད་དབུགས་ཆ་བསྙམས་ནས། ལུས་ཡོངས་སུ་བསྐྱེད་པར་མཛད་དེ། སྐུ་སྐྱེ་བ་བཞེས་པས། རྒུང་ལོ་གཅིག་ལོན་ནས། གཏོ་སུམ་བརྒྱ་དྲུག་ཅུ་དང་། དཔྱད་བརྒྱད་ཁྲི་སྟོང་ཐུགས་སུ་ཆུད་དེ། འཇིག་རྟེན་སྨག་གིས་སེམས་ཅན་མུན་ནག་བཞིན་དུ་འཐོམ་པ། དཔྱད་ཀྱི་ཉི་མ་ཤར་བར་བྱས། གཏོ་ཡི་འོད་ཟེར་ཡོངས་སུ་བཀྱེ། རྨོངས་པའི་མུན་ནག་སངས་པར་མཛད། ཕྱི་རབས་རྣམས་ལ་དཔེ་བསྟན་ཕྱིར། དུང་གི་ས་གཞི་ལ་གཡུ་ཡི་གཡུང་དྲུང་བྲིས། ཤེལ་གྱི་གསས་མདའ་བཙུག གསེར་གྱི་གབ་ཙེ་དང་། འཕྲུལ་གྱི་ཅུ་ཏིག་དང་། སྲིད་པའི་མོ་རྡེའུ་དང་། རིན་པོ་ཆེའི་མོ་ཆ་སྣ་དགུ་གཅལ་དུ་བཀྲམ་ནས། གཏོ་གཞི་དཀར་པོའི་འོག་ནས། ས་བདག་ཁུང་འཛུལ་ཅིག་བྱུང་། བཟུང་སྟེ་ཡུམ་ལ་ཕུལ་ནས། ཡུམ་གྱི་ཞལ་ན་རེ། སྤུ་མེད་བྱིལ་བྱིལ་པོ། མིང་ཡང་བྱི་བར་བཏགས། ལོ་བྱི་བ་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། བྱི་བྲུན་གཏོ་ལ་དགོས་པའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ལོ་འགོ་བྱི་བར་གྱུར་པའི་གཏན་ཚིགས་ཀྱང་དེ་ནས་བྱུང་།།”ཞེས་བྱུང་།
«ཀུན་འབུམ་ཁྲ་བོ་གཡུང་དྲུང་ལྷ་རྒྱལ་བླའི་ཀུན་འབུམ་བསྟན་པའི་ལེའུ་ལས། » “དེ་ནས་སྟོན་པ་གཤེན་རབ་མི་བོ་རྒུང་ལོ་གཉིས་བཞེས་ནས།” ཞེས་སོགས་ནས། “མི་ཡུལ་སྐྱི་འཐིང་གི་སྙིང་པོ། འོལ་མོ་ལུང་རིང་གི་བྱང་ཕྱོགས། རྟེན་ལ་མཚན་གསོལ་བ་ཤམ་པོ་ལྷ་རྩེ། ཡུལ་ལ་མཚན་གསོལ་བ་ཤམ་བྷ་ལའི་གནས་ཆེན། གནས་ལ་མཚན་གསོལ་བ་ཁྲི་སྨོན་རྒྱལ་བཞད་ཞེས་བྱ་བར་ཐུགས་ལས་སྤྲུལ་པའི་རྨ་ལོ་དང་། གསུང་ལས་སྤྲུལ་པའི་གཡུ་ལོ། སྟོན་པ་ཉིད་ཀྱི་སྐུ་དང་གསུམ། སྐོར་བ་བྱེད་ཅིང་ལྷ་ཕྱག་འཚལ། རྔ་གླིང་རྡུང་ཞིང་དར་འཕན་ཕྱར། མཆོད་པ་འབུལ་ཞིང་ལྷ་གསས་འབོད་ན། གར་གསས་བཙན་པོ་སྤྱན་དྲངས་པས། གསེར་གྱི་གླང་པོ་ཆེ་རུ་སྐུ་སྤྲུལ་ནས་བྱོན། ལོ་གླང་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ” ཞེས་བྱུང་།
ཀུན་འབུམ་ཁྲ་བོ་གཡུང་དྲུང་ཞིང་ཁམས་ཞི་རྒྱས་དཔལ་གྱི་ཀུན་འབུམ་བསྟན་པའི་ལེའུ་ལས། “དེ་ནས་སྟོན་པ་གཤེན་རབ་མི་བོ་རྒུང་ལོ་གསུམ་བཞེས་ནས།” ཞེས་སོགས་ནས། “འོལ་མོ་ལུང་རིང་གི་ནུབ་ཕྱོགས། བོན་པོའི་རིགས་བཙུན་པ་གནས་པའོ། །ཁོ་མ་ནེའུ་ཆུང་པདྨ་འཇམ་པའི་གནས། བཀྲག་ལྡན་པདྨ་མེ་ལས་སྤྲུལ་པའི་ཞིང་ཁམས། མདོག་བཟང་དྲི་མེད་པདྨ་རབ་ཏུ་རྒྱས་པའི་གྲོང་ཁྱེར། བདེ་བ་རང་གྲུབ་པའི་གཙུག་ལག་ཆེན་པོ། བདེ་ལྡན་པདྨ་གེ་སར་རྒྱས་པའི་ཕོ་བྲང་། ཀླུའི་རྫུ་འཕྲུལ་དང་ལྡན་པས་མངོན་པར་བརྩེགས་པའི་གནས། དེའི་ལྷོ་ནུབ་དཔལ་གྱི་རི་བོ་ཟུར་གསུམ། དབལ་གྱི་བྲག་ཕུག་རོང་ཆེན་ན། དབལ་བུ་ངར་ཚ་རོགས་སུ་ཁྲིད་དེ། དགྲ་བགེགས་འདུལ་དུ་བྱོན་པ་ལས། ནགས་ཚལ་རྩུབ་མོའི་བྲག་ཁྲོད་ནས། རྔམ་པ་བཀྲ་གསལ་སྟག་ཅིག་བྱུང་། རྫུ་འཕྲུལ་ཐབས་ཀྱི་ཞགས་པས་བཟུང་། ཡེ་ཤེས་རྣོན་པོའི་མཚོན་གྱི་རྒྱུ་རང་གྲོལ་མཛད། ཕྱི་སྤུ་མཚལ་གྱིས་ལྷ་གསས་མང་པོའི་དཔལ་བསྐྱེད། ནང་གི་དོན་སྙིང་གིས་ལྷ་སྲིན་སྡེ་བརྒྱད་དམ་བསྡུས། ལོའི་སྟག་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ” ཞེས་བྱུང་།
ཀུན་འབུམ་ཁྲ་བོ་གཡུང་དྲུང་མཐའ་རྒྱས་བསྟན་པའི་ལེའུ་ལས། “དེ་ནས་སྟོན་པའི་རྒུང་ལོ་གསུམ་ལོན་པའི་སྟེང་ན་རྒུང་ལོ་བཞི་བཞེས་ནས།” ཞེས་སོགས་ནས། “དེ་དག་ཀུན་རྫོབ་ལས་ཡང་དག་པར་བསྟན་པ་ཐར་པ་གཡུང་དྲུང་གི་དབྱིངས་འདུར་དྲུག་ཅུ་ཐུགས་སུ་ཆུད་དེ། སྨྲ་ཡུལ་ཐང་བརྒྱད་དུ་མི་གསོན་གཤིན་གྱི་བདལ་སྤྲོད་དུ་བྱོན་པས། ར་བསྙན་ཟ་རིང་པོ་ཞིག ཁ་ནས་མ་རྩོགས་བཀང་ནས་བྱུང་། ལོ་ཡོས་བུ་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ” ཞེས་བྱུང་།
«ཀུན་འབུམ་ཁྲ་བོ་དགུ་མིག་ཐར་ལམ་པའི་དགེ་བསྙེན་གྱི་ཀུན་འབུམ་བསྟན་པའི་ལེའུ་ལས།» “དེ་ནས་སྟོན་གཤེན་རབ་ཀྱི་རྒུང་ལོ་ལྔ་བཞེས་ནས།” ཞེས་སོགས་ནས། “ལྷོ་ཤར་དགའ་བརྩེགས་པ་མེ་ཏོག་ཨུ་དུ་བྷར་བ་འཁྲུངས་པའི་ཚལ། རི་བོ་ཧ་ར་རྦང་། རྒྱ་མཚོ་རྒ་བ་ཏིང་། གཤེན་རབ་ཀྱི་སློབ་མ་ཐམས་ཅད་མངོན་པར་རྫོགས་པ་སངས་རྒྱས་པའི་ཚལ་དུ་། དགེ་རྒྱས་རང་བྱུང་གི་མཆོད་རྟེན་དཔག་ཚད་བདུན་རང་བྱུང་དུ་ཡོད་པའི་སར། གསེར་ཐང་གཡུ་ལོ་རིས་སུ་ལས་དཀའ་བ་རྣམ་པ་སྣ་ཚོགས་སྤྱད། ལྷའི་ཡུལ་ནས་དཔེ་བླངས་པའི་ལོ་པན་དགུ་རྩེག་གི་མཆོད་རྟེན་བཞེངས་ཏེ་ཞལ་བསྲོས་པས། ནམ་མཁའ་ལ་སྒྲ་ཡི་རྒྱལ་པོ་འབྲུག་སྔོན་པོ། སྤྲིན་གྱི་དབུས་ནས་འོད་ཀྱི་ལྕེ་འབྱིན་པ་ཞིག་བྱུང་སྟེ། ལོ་འབྲུག་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ” ཞེས་བྱུང་།
«ཀུན་འབུམ་ཁྲ་བོ་སླུང་མིང་ཐར་ལམ་དྲང་སྲོང་གི་ཀུན་འབུམ་བསྟན་པའི་ལེའུ་ལས།» “དེའི་ཚེ་དེའི་དུས་ན། སྟོན་པ་གཤེན་རབ་རྒུང་ལོ་དྲུག་བཞེས་ནས།” ཞེས་སོགས་ནས། “རྣམ་དག་རང་སབྱུང་གི་མཆོད་རྟེན་དཔག་ཚད་བདུན་ཡོད་པའི་ས། ཆུ་བོ་ན་ར་ཛ་རའི་འགྲམ། ཤིང་ལོ་རྒྱས་ཀྱི་རྩར་དཀའ་ཐུབ་མཛད་པས། ཙན་དན་སྡོང་པའི་བསིལ་གྲིབ་ལ། གཤེན་དྲང་སྲོང་རྒྱལ་བ་དང་བཀའ་མོལ་མོལ་ན་གཟིགས་ཏེ་བཞུགས་པ་ལས། གདུག་པ་ཤ་ཟན་གྱི་བུ་སྦྲུལ་ཞེས་བྱ་བ། མགུར་གྱི་གསང་ནས་འཁྱུད་དེ་གདའ། ཐུགས་རྗེའི་དར་དཀར་སླེབ་ཀྱིས་བཟུང་། ལོ་སྦྲུལ་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་།” ཞེས་བྱུང་།
«ཀུན་འབུམ་ཁྲ་བོ་ཀག་མིག་ཐར་བའི་ཨ་དཀར་གྱི་ཀུན་འབུམ་བསྟན་པའི་ལེའུ་ལས» “དེ་ནས་སྟོན་པ་གཤེན་རབ་རྒུང་ལོ་བདུན་བཞེས་ནས། ” ཞེས་སོགས་ནས། “འོག་མིང་གནས་གཞི་པདྨ་བཀོད་པ། རྒྱུན་མེད་ཐུགས་རྗེའི་བོན་བཤད་པ། གཡུང་དྲུང་རང་བྱུང་གི་མཆོད་རྟེན་རང་འབྱུང་དཔག་ཚད་བདུན་ཡོད་པའི་སར། ཤེལ་གྱི་བྲག་དཀར་རྩེ་རྫོང་ལ་སྒྲུབ་པ་མཛད་པས། གསང་བའི་དངོས་གྲུབ་དངོས་སུ་གཤེན་གསང་བ་འདུས་པ་ལ་བསྙེམས་པས། ཨ་ཡང་རླུང་ལས་སྤྲུལ་པའི་ཅང་ཤེས་རྟ་ཕོ་སྤྲིན་གྱི་ཤུགས་ཆེན་ཞིག་དངོས་གྲུབ་ཏུ་བྱུང་སྟེ། ལོ་རྟ་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་།”ཞེས་བྱུང་།
ཀུན་འབུམ་ཁྲ་བོ་རྒུད་མིག་ཐར་པའི་ཡེ་གཤེན་གྱི་ཀུན་འབུམ་བསྟན་པའི་ལེའུ་ལས། “དེ་ནས་སྟོན་པ་རྒུང་ལོ་བརྒྱད་བཞེས་ནས།” ཞེས་སོགས་ནས། “རྒྱ་མཚོ་གཡུང་དྲུང་མ་གི་ཏིང་གི་འགྲམ། ས་གཞི་ཐམས་ཅད་བདུད་བརྩི་བྱེད་པའི་ཚལ། བཀོད་པ་དོན་གྱི་མཆོད་རྟེན་དཔག་ཚད་བདུན་ཡོད་པའི་དྲུང་དུ་། དཔལ་གྱི་རི་བོ་གངས་ཅན་ཉིད་ལ་ཞལ་ཉིད་ཀྱིས་གཟིགས་ཏེ་དགོངས་པ་མཛད་ནས། མི་འགྱུར་བའི་གཡུང་དྲུང་སྐུ་ལ་འཆང་བས་ཡེ་གཤེན་བཀོད་པ་དོན་གྱི་བཀའ་རྒྱུད་གཏན་ལ་ཕབ། སྣང་བ་ཐམས་ཅད་ནི་ཡེ་གཤེན་དུ་དགོངས་ཏེ་བཞུགས་པས། རིན་པོ་ཆེ་རྐང་འགྲོས་ཞེས་བྱ་བ། ལྷ་ལུག་སྨད་བདུན་བྱུང་སྟེ། ཉིན་ཞིང་མ་བཙས་པར་མཚན་ཞིང་ཞོ་སྐྱེལ་དུ་བྱུང་བས། ལོ་ལུག་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ” ཞེས་བྱུང་།
ཀུན་འབུམ་ཁྲ་བོ་ཐེག་པ་ཆེན་པོ་རྣམ་པར་བཀོད་པ་གཡུང་དྲུང་ཚེ་རྒྱས་བསྟན་པའི་ལེའུ་ལས། “སྟོན་པ་གཤེན་རབ་རྒུང་ལོ་དགུ་བཞེས་ནས། ” ཞེས་སོགས་ནས། “རི་གཡུང་དྲུང་དགུ་བརྩེགས་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ། རྩེ་ལ་ལོ་པན་གཤེན་གྱི་མཆོད་རྟེན་རང་བྱུང་དུ་ཡོད་པ། གཡུང་དྲུང་ཁྲི་འཕང་རིན་ཆེན་སྣ་དགུ་ལ་བརྩེགས་པ། སྨན་གྱི་ནགས་ཚལ་རྒྱས་པའི་དབེན་པར་འཁོར་སྤངས་དགོན་པ་མཛད་པས། སྤྲེའུ་རྒྱལ་པོ་ཧ་ནུ་མ་དྷ་ཡིས། རི་རབ་ཀྱི་ཁ་ནས་བབ་སྟེ་ལྗོན་ཤིང་གི་མེ་ཏོག་གཟེ་ཞལ་གང་ཐོགས་ནས། མགོ་བའི་ཞབས་ལ་ལྷ་ཕྱག་འཚལ་བས། ལོ་སྤྲེའུ་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ” ཞེས་བྱུང་།
ཀུན་འབུམ་ཁྲ་བོ་ཀུན་ཐུབ་རྒྱལ་པོ་སྲུང་བའི་ཀུན་འབུམ་བསྟན་པའི་ལེའུ་ལས། དེ་ “ནས་སྟོན་པ་གཤེན་རབ་ཀྱིས་རྒུང་ལོ་བཅུ་བཞེས་ནས། སྐད་རིགས་མི་མཐུན་པ་སུམ་བརྒྱ་དྲུག་ཅུ་རུ་སྐད་བསྒྱུར་ལ། གཡུང་དྲུང་བོན་གྱི་བསྟན་པ་གཟུག་པར་དགོངས་པས། འདབ་ཆགས་ཀྱི་རྒྱལ་པོ་ཁྱུང་ཆེན་གཅིག འདི་ལ་ཆིབ་ཀྱི་ཡི་གེ་མགུར་དུ་བཏགས་ནས་བྱུང་སྟེ། ལོ་བྱ་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་།” ཞེས་བྱུང་།
ཀུན་འབུམ་ཁྲ་བོ་ཀུན་སྐྱོབ་རྒྱལ་པོའི་བསྒྱུར་ཆོས་བསྟན་པའི་ལེའུ་ལས། “དེ་ནས་སྟོན་པ་གཤེན་རབ་མི་བོ་རྒུང་ལོ་བཅུ་གཅིག་བཞེས་ནས། ཁྱི་ན་ཙུག་གི་ཡུལ་བྱོན་པས། གུ་གུ་ར་ཙ་ཁྱིའི་རྒྱལ་པོས་གདུག་པའི་དམག་བསྡུས། ” ཞེས་སོགས་ནས། “དེའི་ཚེ་བདུད་དང་གུ་གུ་ར་ཙའི་དམག་རྣམས་བརྒྱལ་བ་སངས་ནས་ཕྱག་དང་མཆོད་པ་བྱས་ཏེ། བདུད་ཐམས་ཅད་ནི་སྟོན་པའི་འཁོར་དུ་བྱས། ཁྱི་ཐམས་ཅད་ནི་སྟོན་པའི་འཁོར་མི་རྣམས་ཀྱི་འཆང་རྒྱུ་རུ་བྱས།།” (ལོ་ཁྱི་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་) ཞེས་བྱུང་།
«ཀུན་འབུམ་ཁྲ་བོ་ཀུན་འགྱུར་རྒྱལ་པོའི་གཏོ་ཐབས་བསྟན་པའི་ལེའུ་ལས།» “དེ་ནས་སྟོན་པ་གཤེན་རབ་རྒུང་ལོ་བཅུ་གཉིས་བཞེས་ནས། མོན་ཡུལ་སུམ་སྟོད་དུ་བྱོན་ཏེ། ས་ཡི་ལྷ་མོ་བརྟན་མ་ཞེས་བྱ་བ། གསེར་ཕག་སེར་པོ་ལ་བཅིབས་ནས་ས་ཡི་དངོས་འགྲུབ་འབུལ་དུ་བྱུང་སྟེ། ལོ་ཕག་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་།”ཞེས་པ་སོགས་ལོ་ཟླ་ཞག་དུས་ཀྱི་ཁྲིམས་དང་ལོ་རྟགས་བཅུ་གཉིས་ཀྱི་བྱུང་ཁུངས་བཅས་གངས་ཅན་རྩིས་རིག་གི་བྱུང་ཁུངས་མདོར་ཙམ་ཞིག་ངོ་སྤྲོད་ཞུས་ཁུལ་ཡིན་ནོ། །འདིར་རང་ཉིད་ཀྱི་འདོད་བློས་དཔྱད་པ་ཉིན་ཚེ་བ་ཞིག་ལ་ངལ་བ་ཆེར་མ་བྱས་པར། ཆེད་དུ་ང་ཚོའི་རང་ས་རང་ཡུལ་ནས་བྱུང་བའི་ཞང་བོད་རྩིས་རིག་གིི་ལོ་རྒྱུས་དང་རིག་གཞུང་ཁུངས་མ་རྣམས་ཀྱི་བཀའ་ལུང་རྣམས་ཟུར་དུ་བཏོན་ཏེ་བོད་རྩིས་རིག་གི་འགོ་ཁུངས་འདི་དང་འདི་ཡིན་ཞེས་ད་ཡོད་བོན་གཞུང་ཁག་ལ་ཇི་ལྟར་གསལ་བ་ལྟར་བོད་རྩིས་རིག་ཞིབ་འཇུག་གནང་མཁན་དག་ལ་ངོ་སྤྲོད་ཚུལ་དུ་འདིར་རགས་ཙམ་བཀོད་ཡོད་པས་ལྔ་རིག་གཞུང་བརྒྱ་གང་ལ་ཉམས་མྱོང་དང་སྤྱན་དཀྱུས་ཡངས་པའི་མཁས་དབང་རྣམས་པས་བསྟན་བཅོས་ལུང་འདྲེན་ལ་རེ་ཟེར་བའི་འཀའ་བཀྱོན་མི་གནང་བ་དང་། སླད་ཕྱིན་སྤྱིར་བོད་ཀྱི་རིག་གཞུང་སྤྱི་དང་ཁྱད་པར་དུ་བོད་རྩིས་རིག་ལ་ཞིབ་འཇུག་གནང་བའི་གཞོན་སྐྱེས་རྣམ་པ་སྔོན་ཆད་ཀྱི་ལོ་རྒྱུས་འཁྱོག་བཤད་དག་ལ་མགོ་བོ་གདུགས་ལྟར་མི་འཁོར་པར་གངས་ཅན་རྩིས་རིག་མེས་པོའི་རང་ཞལ་མཇལ་ཞིང་ལོ་རྒྱུས་དྲང་བདེན་སྨྲ་བའི་ངག་སྒོ་འབྱེད་པ་དང་། བོད་ཀྱི་རྩིས་རིག་གི་ཁུངས་ཡོད་ཚད་རྒྱ་དཀར་ནག་ལ་བཏུག་སྟེ་ཞང་བོད་རང་ས་ནས་བྱུང་བའི་མེས་པོའི་རིག་གཞུང་རྣལ་མ་ནག་བསུབ་གཏོང་ཅི་ཐུབ་བྱས་ཞིང་གྲུབ་མཐའི་ཞེན་དབང་གིས་ལོ་རྒྱུས་འཁྱོག་བཟོས་བྱས་པ་དེ་དག་གཤག་བཅོས་དང་འཁྲུལ་སེལ་གྱི་ཆེད་དུ་འབྲིང་རྒྱུད་དགེ་མིང་པས་སྐབས་དང་པོའི་སྤུ་རྒྱལ་ཤེས་རིག་དཔྱད་གླེང་ཕུལ་བའོ། །
[1] སྒོ་མཛོད་པོད༡༣༣ངོས༨པར།
[2] ཞང་བོད་དུས་གཟེར་བརྟག་ཐབས། དཔྱད་གསུམ་དག་རྩིས་དཔེ་གཟུགས།
[3] གསུང་རབ་སྒོ་མཛོད་དཔེ་ཚོགས་པོད་༡༣༣ངོས་༣༢༨པར།
[4] གསུང་རབ་སྒོ་མཛོད་དཔེ་པོད་༡༣༣་ངོས༡༥༥པར།
[5] གསུང་རབ་སྒོ་མཛོད པོད༡༣༣ཤོག་གྲངས༢༧༦པར།
[6]གསུང་རབ་སྒོ་མཛོད པོད ༡༣༣ ཤོག་གྲངས༢༦༦པར།
[7] གཤེན་གཏེར་བཀའ་བརྟེན་དཔེ་རྙིང་པོད༩པ་ངོས༦༣༤པར།
[8] སྒོ་མཛོད་པོད༡༣༣ངོས༡༣པར།
བཀའ་འགྱུར་པོད༡༣༣ཀུན་འཇོམས་ཆུ་ལྷའི་རྒྱུད་ཤོག་ངོས་༣༨༧པར།
[10] ས་བདག་འབུམ་་གསུང་རབ་སྒོ་མཛོད་པོད༡༠༦ངོས༣༧༦པར།
[11] ཀུན་འདུལ་ལྕགས་ལྷའི་རྒྱུད་གསུང་རབ་སྒོ་མཛོད་པོད༡༣༣ངོས༡༦༢པར།
[12] ས་བདག་འབུམ་གསུང་རབ་སྒོ་མཛོད་པོད༡༠༦ངོས༥༠༠པར།
[13]ས་བདག་འབུམ་གསུང་རབ་སྒོ་མཛོད་པོད༡༠༦ངོས༣༧༣པར།
[14] གསུང་རབ་སྒོ་མཛོད་པོད༡༣༣ངོས༢༠པར།