༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 23
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
མཚན་ལྡན་སྤྲུལ་སྐུ་དང་གདུང་རྒྱུད་ཀྱི་འཕྲིན་ལས།།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2019-06-14] [རྩོམ་པ་པོ།:རུ་ཚ་ཚུལ་ཁྲིམས་དྲི་མེད།] [གཟིགས་ཐེངས:]

         མཚན་ལྡན་སྤྲུལ་སྐུ་དང་གདུང་རྒྱུད་ཀྱི་འཕྲིན་ལས།།  

     

          རུ་ཚ་ཚུལ་ཁྲིམས་དྲི་མེད།


ཡེ་གནས་གཤིས་ཀྱི་འདུག་ཚུལ་ལྷ་ལམ་ཡངས།

ཡེ་གྲོལ་རྩལ་སྣང་མ་འགག་པད་མོའི་གཉེན།
ཡེ་མཁྱེན་རོལ་པ་གང་འདུལ་གཟི་འོད་ཀྱིས།
ཡེ་དག་གཉིས་སྒྲིབ་སེལ་བ་སྤྲུལ་སྐུར་འདུད།།


གདོད་མའི་སྟོང་ཆེན་མ་བཅོས་དལ་འབབ་མཛོད།
གདོད་མའི་མགོན་ཀྱི་མཁྱེན་བརྩེའི་རླབས་ཕྲེང་གཡོས།
གདོད་མའི་ཡེ་ཤེས་ལྷུན་གྲུབ་ནོར་བུ་སྤུངས།
གདོད་མའི་སྲོལ་རྒྱུན་དགོས་འབྱུང་གདུང་ལ་འདུད།།


དེང་དུས་མཁས་པས་དཔྱད་ནས་བརྗོད་པ་དང་།
བླུན་པོས་སྐྱོན་ཡོན་མ་རིག་ལན་མོ་ཟློ།
དང་པོས་ཡང་དག་ནོར་སྐྱོན་གཙང་སེལ་མཛད།
གཉིས་པས་དགོས་མེད་སྐུར་འདེབས་ཡིད་མ་རངས།།


དངོས་པོ་གང་ཞིག་ཕུན་ཚོགས་ཡོན་ཏན་གསེབ།
འགལ་ཟླ་ནག་པོའི་དྲི་མ་ཡོད་པ་བཞིན།
ཐ་སྙད་སྤྲུལ་སྐུ་ཞེས་དང་གདུང་རྒྱུད་ཀྱང་།
དག་རྫུན་དབྱེ་འབྱེད་བརྟག་པ་གལ་ཆེན་སྙམ།།


བཟང་ངན་ཞིབ་དཔྱད་གང་ཡང་བྱེད་ལོང་མེད།
འུར་ལངས་གཡམ་རྒྱུག་ཡ་མ་བརླ་བའི་ཚིག།
བསྟོད་སྨད་སྒྲོ་སྐུར་བཏབ་ལ་སྙིང་པོ་འཛིན།
ཀུན་སློང་ངན་པའི་འཁྱལ་གཏམ་རྣ་བར་གཟན།།


ཡེ་ཐོག་མི་རིགས་འདི་ཡི་རིག་གནས་གང་།
མཆོག་གི་སྤྲུལ་སྐུས་བསྟན་ཞིང་ཉེ་འཁོར་གྱི།
སྲས་དང་གདུང་རབས་གདན་རབས་འཛིན་པ་པོས།
ཉམས་མེད་དར་རྒྱས་བྱུང་བ་དྲན་གསོ་དགོས།།


ཉེ་ཆར་འཛམ་གླིང་ཡོངས་ལ་ནང་བསྟན་གྱི།
ཆེ་བའི་ངོམ་སོ་མཁས་བླུན་ཀུན་གྱིས་གནང་།
འབྱུང་ཁུངས་སྔར་བྱོན་སྤྲུལ་རབས་གདུང་རབས་ཀྱི།
ཕྱག་རྗེས་བསླད་མེད་ཡིན་པ་མཁྱེན་ན་ལེགས།།


འདས་སོང་དུས་རབས་དེ་ཡི་རིག་གནས་གང་།
སྤྲུལ་པའི་སྐུ་དང་རྒྱུད་འཛིན་གདུང་རབས་ཀྱིས།
སྲོལ་རྒྱུན་ཉམས་མེད་སྐྱོང་ཞིང་དགོས་དབང་གིས།
མི་རིགས་རིག་གནས་སྲོལ་གཏོད་བཀའ་དྲིན་དྲན།།


དྲང་བདེན་ལོ་རྒྱུས་དག་ལ་དཔྱད་ཞིབ་ཀྱིས།
ཟབ་མོའི་ལམ་ནས་ཕྱིར་མིག་ཅིག་སྐོར་ན།
སྤྲུལ་སྐུའི་ལུགས་ལ་མཁས་གྲུབ་དུ་མ་ཕེབས།
གདུང་རྒྱུད་དག་ལ་མཁས་གྲུབ་གཉིས་ལྡན་འཁྲུངས།།


ད་ལྟའི་འུ་ཚོ་འཚོ་རྟེན་སེམས་རྟེན་དུ།
རྒྱལ་བསྟན་ཞེས་པའི་སྙན་ཚིག་ཆུན་པོ་འདི།
སྤྲུལ་རབས་གདུང་རབས་གདན་རབས་རིམ་བྱོན་གྱི།
སྲོལ་གཏོད་སྲོལ་རྒྱུན་ཡིན་པ་ཤེས་ན་ལེགས།།


ལོ་གྲངས་ཁྲི་སྟོང་མང་པོའི་རིག་གནས་འདི།
དུས་ཚོད་དར་རྒུད་འགག་འཕྲང་རིམ་རྒྱུད་ཀྱང་།
མ་རྩ་མ་བོར་གཞན་དུ་མ་འགྱུར་བར།
གནས་དུ་ཐུབ་པ་མེས་པོའི་བཀའ་དྲིན་ལགས།།


འབྱུང་འགྱུར་རྒྱལ་བསྟན་ལུགས་དང་འཇིན་རྟེན་སྲོལ།
གང་དག་སྤྲུལ་སྐུ་གདུང་རྒྱུད་གདན་རབས་མཁན།
དཔྱོད་ལྡན་སྐྱ་སེར་རྣམས་ལ་རག་ལས་པས།
ཕྱོགས་རེས་འཐེན་ཁྱེར་མེད་ངོས་འཛིན་ན་ལེགས།།


དྲིན་བྱས་དྲིན་དུ་མ་མཐོང་དྲིན་ཅན་སྨད།
བཟང་པོ་བཟང་དུ་མ་ཤེས་སྲོལ་རྒྱུན་སྨད།
རང་རིགས་རང་གིས་མ་འཚོལ་ཡབ་མྱེས་སྨད།
བསམ་བློ་བསམ་སར་མ་འཁོར་རང་སྨ་འབེབས།།


སྤྲུལ་སྐུའི་དུས་རབས་གདུང་རྒྱུད་དུས་རབས་སུ།
ལུགས་གཉིས་འགལ་མེད་རིག་གནས་འཛིན་སྐྱོང་སྤེལ།
མཛད་འཕྲིན་རྨད་བྱུང་གཤེན་པོ་ཇི་སྙེད་ཅིག།
བྱོན་པ་ཕལ་ཆེར་ལས་འབྲས་དྲང་བསྲུང་དངོས།།


གོང་མའི་སྤྲུལ་སྐུ་སྙོར་བར་འབངས་མི་དང་།
དགོན་སྡེའི་ངལ་བ་ཡོད་རྒུ་བཟོད་པས་ཐེག།
གདུང་རབས་འཛིན་པའི་སྐུ་སྲས་འཚར་ལོང་ཐད།
ཡབ་ཡུམ་ཁྱིམ་གཞིས་དག་ལས་ཞི་བདེ་མཐོང་།།


དེང་རབས་སྤྲུལ་པའི་སྐུ་ཡི་ཅོན་པན་དང་།
མཁས་གྲུབ་གདུང་རྒྱུད་འཛིན་པ་གང་དག་རྣམས།
དད་འབངས་སེམས་ལ་སངས་རྒྱས་གསོན་པོ་རུ།
འཛིན་བཞིན་ལྟ་སྤྱོད་ཟུང་འབྲེལ་གནང་བར་ཞུ།།


ལུང་དང་རྟོགས་པའི་རྒྱལ་བསྟན་ཚུལ་བཞིན་སྐྱོང་།
བྱམས་དང་སྙིང་རྗེས་འགྲོ་ཀུན་བདེ་སྐྱིད་བསྐྲུན།
མཁས་དང་གྲུབ་པའི་རང་རྒྱུད་བསླབ་གསུམ་ལྡན།
དོན་གྱི་སྤྲུལ་སྐུ་གདུང་རྒྱུད་རབ་འཕེལ་ཤོག།


འོན་ཀྱང་བདག་ནི་ཤེས་རབ་ཉག་ཕྲ་སྟབས།
ཐམས་ཅད་མགུ་བའི་ཚིག་སྦྱོར་མི་ལྡན་ཡང་།
རྒྱུད་ཁུངས་བཀའ་དྲིན་སྙིང་ལ་བརྗིད་ལྕི་བས།
ཟོལ་མེད་གཏམ་ཞིག་ཚིག་ལ་རྒྱུད་དེ་ཐལ།།


རྩ་གསུམ་གཉིས་པ་སྤོས་ངད་གྲོང་ཁྱེར་གྱི།
ཁྱུང་པོའི་རིག་གནས་ཁྱབ་སྤེལ་ཀུང་སི་ནས།
སྤྲུལ་གདུང་མིན་ཀྱང་གོང་མར་དད་སེམས་ཅན།
རུ་ཚ་རྔུལ་ཚའི་བུ་ཕྲུག་པ་དེས་སོ།
2019/6/13。༣/༡༡




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།