
རྣམ་དག་དགེ་ཚོགས་ཡིད་འོང་པདྨའི་འདབ།
རྣམ་མང་མཁྱེན་དཔྱོད་ཀེ་ས་ར་ཡི་མཛེས།
རྣམ་དཀར་དོན་གཉིས་ལྷུན་གྲུབ་རྩི་བཅུད་རྒྱས།
རྣམ་ཀུན་སྒྲུབ་ལ་གཞོལ་བ་གང་དེར་འདུད།།
འཁོར་བ་སྡུག་པའི་རང་བཞིན་དུག་ལྔའི་འབྲས།
གང་དུ་ཐར་མེད་རིགས་དྲུག་སྐྱེ་ཁམས་ལ།
ཡང་ཡང་བརྟག་ནས་སྐྱོ་ཤས་རྒྱུད་ལ་སྐྱེས།
བདག་གི་གཤེན་གྲོགས་བསྟན་འཛིན་འོད་ཟེར་ལགས།།
ལན་གཅིག་སྐལ་བཟང་དལ་རྟེན་རྙེད་དུས་འདིར།
ཐར་པ་བདེ་ཆེན་ལམ་མཆོག་བསྙེག་དགོས་ཞེས།
ངེས་འབྱུང་ཟབ་མོ་འགོག་མེད་ཐུགས་ལ་འཁྲུང་།
བདག་གི་གཤེན་གྲོགས་བསྟན་འཛིན་འོད་ཟེར་ལགས།།
ལམ་གྱི་འགག་རྩ་དཔོན་གསས་བླ་མ་སྟེ།
མཁས་གྲུབ་མཚན་ལྡན་མང་པོའི་ཐུགས་བཅུད་བླངས།
ཕྱི་ནང་བསླབ་སྡོམ་མན་ངག་ཟབ་གདམས་ནོས།
བདག་གི་གཤེན་གྲོགས་བསྟན་འཛིན་འོད་ཟེར་ལགས།།
རབ་བྱུང་སྡོམ་ཁྲིམས་རྩ་ལག་ཕྲ་ཞིབ་བསྲུང་།
བྱང་སྡོམ་གཞན་འཚེ་མེད་ངོས་ཞི་ཞིང་དུལ།
སྔགས་དམ་དཀྱིལ་འཁོར་གསུམ་དང་འབྲལ་མེད་ཅན།
བདག་གི་གཤེན་གྲོགས་བསྟན་འཛིན་འོད་ཟེར་ལགས།།
སངས་སེམས་རིས་ཆད་མེད་པ་གནས་ལུགས་གཤིས།
མ་བཅོས་རང་བབ་ཁྲིག་ཆོད་ཐོད་རྒལ་རྩལ།
གདེང་ལྡན་གྲོལ་ལམ་དབྱིངས་རིག་ཐུགས་དམ་མཛད།
བདག་གི་གཤེན་གྲོགས་བསྟན་འཛིན་འོད་ཟེར་ལགས།།
རྒྱལ་བསྟན་ཡོངས་ལ་ལྷག་བསམ་དཀར་པོའི་ཕྱུག།
བསྟན་འཛིན་གང་ལ་ཡིད་རངས་ཐལ་མོ་ཟུམ།
དགེ་སྦྱོར་རིགས་ལ་དད་མོས་དགའ་སྤྲོ་འབར།
བདག་གི་གཤེན་གྲོགས་བསྟན་འཛིན་འོད་ཟེར་ལགས།།
ཞེ་ཕུག་རིག་སྟོང་རྗེན་པ་ཆིག་དྲིལ་ངོས།
འཆད་ཉན་ཚོགས་བསག་བྱ་བ་ལས་འཁོར་ལ།
ཐུན་མིན་དག་སྣང་དམར་མོ་རྟག་པ་ཅན།
བདག་གི་གཤེན་གྲོགས་བསྟན་འཛིན་འོད་ཟེར་ལགས།།
དོན་ཆེན་བསྒྲུབ་པར་བཟོད་བརྩོན་གྲོགས་བཀུག་སྟེ།
སྐྱ་སེར་སུ་འདྲ་གཤིབ་ཀྱང་གོང་དུ་བཀུར།
དམན་ས་བཟུང་ཞིང་དགེ་སྦྱོར་ངང་གནས་པ།
བདག་གི་གཤེན་གྲོགས་བསྟན་འཛིན་འོད་ཟེར་ལགས།།
འཚོ་བ་ངན་ངོན་ལུས་གསོ་ཙམ་གྱིས་འཚེང་།
ན་བཟའ་འདུལ་ཆས་རྙིང་ཧྲུལ་སྟབས་བདེའི་འགྲིག།
ཡོ་ཆས་དབེན་ཁྲོད་སྤྱོད་ལམ་ཆོག་ཤེས་ཅན།
བདག་གི་གཤེན་གྲོགས་བསྟན་འཛིན་འོད་ཟེར་ལགས།།
མཐོ་བཟང་ཁྲི་ལ་ཐེངས་གཅིག་འདུག་མ་མྱོང་།
མགོ་རྣ་དཔལ་འབྱོར་ཉིན་གཅིག་གཉེར་མ་མྱོང་།
ཚུལ་འཆོས་འཁྲབ་སྟོན་ཐུན་གཅིག་མ་མྱོང་བ།
བདག་གི་གཤེན་གྲོགས་བསྟན་འཛིན་འོད་ཟེར་ལགས།།
རེ་འགའི་མཚམས་བསྒྲུབས་འཇིག་རྟེན་བོན་བརྒྱད་ཀྱི།
སྙན་པ་སྡུད་བྱེད་སྐྱོ་གར་མ་བསྒྱུར་ཞིང་།
ཚུལ་ལྡན་བག་ཡོད་མི་ཚེ་བསྒོམས་བསྒྲུབས་བསྐྱལ།
བདག་གི་གཞེན་གྲོགས་བསྟན་འཛིན་འོད་ཟེར་ལགས།།
དུས་ལ་ཐུག་སྐབས་ན་ཚའི་གཟེར་ཟུག་དབེན།
ད་ལན་རིག་པ་སྔར་བས་གསལ་ངར་བྱུང་།
གསུང་བཞིན་ཞལ་འཛུམ་དཀྱིལ་ཀྲུང་བོན་དབྱིངས་བཞུད།
བདག་གི་གཤེན་གྲོགས་བསྟན་འཛིན་འོད་ཟེར་ལགས།།
དེའི་ཚེ་རང་འབྱུང་མཁའ་ལ་འཇའ་ཚོན་འཁྲིག།
བར་སྣང་དབྱིངས་ནས་སྒྲ་གྲག་མེ་ཏོག་བབ།
ས་གཞི་འུར་ཐུག་གཡོ་བ་ངོ་མཚར་བརྟས།
བདག་གི་གཤེན་གྲོགས་བསྟན་འཛིན་འོད་ཟེར་ལགས།།
ཀུན་རིག་ལས་བཞི་རྒྱུན་ལྔའི་གཞུང་བསྲངས་ཏེ།
སྐུ་གདུང་ཞུགས་ལ་བཞེན་རྟིང་མེ་ཐབ་ཁྲོད།
རིང་བསྲིལ་འཕེལ་གདུང་རྣལ་འབྱོར་རྟགས་སུ་ལྷུང་།
བདག་གི་གཤེན་གྲོགས་བསྟན་འཛིན་འོད་ཟེར་ལགས།།
སྲིད་པའི་ཁམས་འདི་རང་དབྱིངས་མ་ཐིམ་བར།
སྲིད་མཐར་འཁོར་བའི་སྐྱེ་རྒུ་ཡོད་དོ་ཅོག།
སྲིད་གསུམ་མངའ་བདག་ཡུལ་མཆོག་གནས་བཞི་ཡིས།
སྲིད་ལས་རྒྱལ་བའི་བོན་འཁོར་བསྐོར་བར་ཤོག།།
ཅེས་པ་འདིའང་ངེས་པ་དོན་གྱི་དགེ་སྦྱོར་བ་མཚམས་པའི་རྣལ་འབྱོར་ཤིང་རོང་བསྟན་འཛིན་འོད་ཟེར་མཆོག་དགོང་གྲངས་དོན་གཅིག་ཐོག་མི་རྟག་མྱ་ངན་ལས་འདས་ཏེ་དགུང་ཞག་ཞེ་དགུ་རྫོགས་པའི་ཉིན། ཐུན་མིན་གྱི་འགྲོགས་འདྲིས་ཅན་རུ་ཚ་རྔུལ་ཚའི་བུ་ཕྲུག་གིས་སྤོས་ངད་ལྡན་པའི་གྲོང་ཁྱེར་གྱི་ཤར་ཟུར་འབྲུ་རིགས་ཤིང་འབྲས་རྩི་ཐོག་སྣ་མང་གིས་སྤྲས་པ་རིའི་འདབས་རོལ་སྐྱེད་ཚལ་ཉམས་དགའ་བའི་གླིང་། དཔར་འདེབས་བཟོ་གྲྭའི་ཉལ་ཤག་བདེ་སྐྱིད་ཁང་བཟང་ནས། སྒྲོ་སྐུར་མེད་པར་གཞོན་དུས་ཀྱི་བག་ཆགས་ཡིད་ལ་རྒྱུ་བཞིན་སྐྱོ་གདུང་དང་བཅས་ཏེ་ 2019/ 4 / 12。༢ / ༧ བྲིས་པ་དགེ་བར་གྱུར་ཅིག།།