ཡིད་ཀྱི་ཁུད་དུ་གཟུགས་མེད་ཀྱི།།
སྣང་བའི་ཆོ་འཕྲུལ་ཅི་མཐོང་བ།།
བདག་ལ་ཤིན་ཏུ་མཛེས་པ་སྟེ།།
ཞེན་པའི་འཆིང་ཞགས་ཁྱེད་སར་ཕྱོགས།།
ཨུཏྤལ་སྔོན་པོའི་མདངས་ཆགས་ཤིང་།།
ག་བུར་དྲི་ངད་ལྡང་བ་མོ།།
སོ་སྐྱེས་གསང་བའི་སྙིང་སྒྲོམ་དུ།།
ཟླ་བ་ལྟར་ལྟའི་འོད་ཀྱིས་འཛུམ།།
བས་མཐའི་གྲོང་དུ་སྡོད་གྱུར་ཡང་།།
བརྩེ་ཞེན་ངག་གི་མེ་ཏོག་ཆར།།
རླུང་དང་མཁའ་རུ་རྒྱུ་བ་ཡི།།
སྤྲིན་པའི་ཚོགས་ལ་བསྐུར་བར་བྱ།།
ཀ་ཡེ་ཡིད་འདྲེས་གཞོན་ནུ་མ།།
སེམས་ལ་པདྨའི་རྡུལ་འཛིན་ཅིང་།།
ང་ཡིས་བསྐུར་བའི་འཕྲིན་པ་ཀུན།།
སྙན་པའི་སྐད་ཀྱིས་བཀླགས་སམ་ཅི།།
དྲི་ངད་འཕུར་བའི་མེ་ཏོག་ལ།།
བུང་བའི་བློ་ནི་ཆགས་པ་བཞིན།།
ཡོན་པོའི་མིག་གི་ཟུར་མདའ་ཡིས།།
སྐྱེ་དགུའི་མི་རྣམས་བཀུག་པར་བྱས།།
218*10*30