
དེང་སྐབས་གཞོན་ནུ་ཁག་ཅིག་ནི་སློབ་སྦྱོང་ཆེད་དུ་སློབ་མ་བྱེད་འདོད་མེད་པ་རང་གི་འཚོ་བའི་ཆེད་དུ་ཁྱིམ་ཚང་གི་དཔལ་འབྱོར་ལ་དོ་སྣང་མེད་པ་བདེ་ཐང་གི་ཆེད་དུ་ཁ་ཟས་ལ་འཕྲོད་བསྟེན་མེད་པ་འཆི་རྒྱགས་སུ་དགེ་སྦྱོར་མེད་པར་རྟག་ཏུ་རང་གར་ཁྱི་བཞིན་འཁྱམས་མྱུལ་ལ་དགའ་ཞིང་ལེ་ལོ་དང་རྣམ་གཡེང་གི་དུས་འདའ་བའི་མི་བུ་དག་ནི་ངོ་མར་བསམ་ན་སེམས་ཕམ་ཞིང་ཡིད་སྐྱོ་དགོས་པའི་རིགས་ཡིན་པ་གོར་མ་ཆག
དངོས་གནས་བྱས་ན་ད་ལྟ་ན་གཞོན་རྣམ་དཔྱོད་གྲུང་། འགྲོ་འདུག་ལམ་སྐྱོད་གང་བྱས་ཀྱང་དཀའ་ཚེགས་མི་དགོས་པའི་དུས་སུ་རིག་གནས་ལ་སློབ་སྦྱོང་དང་ལག་ཤེས་ཀྱི་བྱ་བ་སྒྲུབ་པ་ངལ་རྩོལ་གྱི་ནུས་ཤུགས་འདོན་པ་བྱེད་རྒྱུ་ནི་མི་བུ་ཞིག་གི་ཆེས་ཆེ་བའི་འགན་ཁྲི་རེད་སྙམ། མཁས་དབང་ཚུལ་ཁྲིམས་བློ་གྲོས་ཚང་གིས་མི་ཡི་འཚོ་བ་སྤྱོད་སྟངས་རང་གི་ཆ་ནས་བཤད་ན་སྡེ་ཚན་གསུམ་བཞག་ཡོད་པ་སྟེ་“རབ་རིག་གནས་ཀྱི་འཚོ་བ། འབྲིང་ལག་ཤེས་ཀྱི་འཚོ་བ། ཐ་མ་ངལ་རྩོལ་གྱི་འཚོ་བ་བསྒྲུབ་དགོས་ཞེས་གནའ་དེང་ཟུང་འབྲེལ་གྱི་མཁས་དབང་དག་གིས་ཡང་ཡང་བདམས་ཡོད། དེའི་ཕྱིར་ལོ་ན་གཞོན་པའི་དུས་སྐབས་རང་མི་རིགས་ཀྱི་རིག་གནས་སྤྱི་དང་མི་རིགས་གཞན་པའི་རིག་གནས་དག་སློབ་སྦྱོང་འོས་ཚོད་བརྩོན་ཏེ། ཆེ་ས་ནས་རྒྱལ་ཁབ་འབྲིང་ས་ནས་རང་ས་རང་ཡུལ་ཆུང་ས་ནས་རང་གི་ཁྱིམ་ཚང་དག་སྣེ་ཁྲིད་ཐུབ་པའམ་ནུས་ཚོད་ཀྱི་ཞབས་ཞུ་རེ་བསྒྲུབ་ཨེ་ཐུབ་ལྟ་དགོས། དེ་ཙམ་གྱིས་སྦྱང་པའི་གོ་སྐབས་དང་ཆ་རྐྱེན་མ་འཛོམས་ནའང་དྲང་པོ་དྲང་བདེན་གྱི་ལམ་ལ་གདམ་སྟེ། རང་ལ་བཀའ་དྲིན་ཆེ་བ་སྲིད་པའི་ཉི་ཟླ་ལྟ་བུའི་ཕ་མ་དག་ལ་ཞབས་ཞུ་བསྒྲུབ་སྟེ་རང་གི་ཕ་མྱེས་གོང་མས་བཞག་ཤུལ་ཁྱིམ་རྒྱུད་རྣམས་གཅེས་སྤྲས་གཙིགས་སུ་འཛིན་ཏེ་འཚོ་བ་ལ་དཀའ་ངལ་མི་ཡོང་བ་དང་། ཁྱིམ་ཚང་ལ་ཡར་རྒྱས་ཀྱི་ཆེད་དུ་འབད་བརྩོན་བྱེད་དགོས། དེང་སང་གཞོན་ནུ་ཕལ་གྱིས་ཕ་མས་བསགས་པའི་ནོར་རྫས་དག་གཞན་ལ་ཕྱིར་ཚོང་བྱེད། དེའི་ཐོག་ཏུ་ཞོར་ལས་ཡག་པོ་མི་སྒྲུབ། བསྒྲུབས་ཀྱང་དོན་མེད་ཆང་དང་ཨ་རག་ནང་མ་སོགས་ལ་སྤྲོ་འཁྱམས་ཀྱི་འགྲོ་སོང་བྱེད། ད་དུང་བླ་མའི་བཀའ་མི་བརྩི། ཡུལ་ལུང་གི་སྒྲིག་གཞི་ལ་སྟོར་སྐྱོན་བཟོ་ཕ་མ་ལ་མིག་ལོག་འཕེན། མདོར་ན་འཇིག་རྟེན་འདི་ན་ངན་པར་གྲགས་པའི་སྤྱོད་པ་མཐའ་དག་སྤྱོད་མཁན་དག་ནི་མིག་གིས་མཐོང་ས་དང་རྣ་བས་གོ་ས་མི་ཡོང་ན་དགའ་སྙམ་པ་ལྟ་བུའི་ཐ་ཤལ་གྱི་སྤྱོད་པ་དེའི་རིགས་ངེས་པར་དུ་བཟོ་བཅོས་དགོས་འདུག གཞོན་ནུ་རྣམས་ཀྱིས་ནམ་རྒྱུན་ཡར་རྒྱས་ཡོད་པའི་ལུང་ཚན་དང་། འགྲོ་འདུག་ཀུན་སྤྱོད་ཟབ་པའི་མི་བུ་དག་ལ་མིག་དཔེ་ལེན་ནས་རང་གི་ཀུན་སྤྱོད་བཟང་དུ་གཏོང་རྒྱུ་དང་། འཇིག་རྟེན་མི་དམངས་རྣམས་གྲོགས་བཟང་ངན་གྱི་བསྒྱུར་སླ་བ་ཡིན་པས། སྔ་ནས་གྲོགས་བཟང་པོ་ལ་བསྟེན་ན་བཟང་པོ་འགྲོ་བ་དང་། གྲོགས་ངན་པ་ལ་བསྟེན་ན་ངན་པ་ཆགས་པ་ནི་མིའི་རང་བཞིན་གྱི་གནས་སྟངས་ཤིག་རེད་“ཡ་རབ་མ་རབ་ངེས་པ་མེད། དགེ་བའི་གྲོགས་པོ་སུ་འཕྲད་ཡིན”ཞེས་གསུངས་པ་བཞིན་མི་བུ་དཔེ་བཟང་དག་ལ་མིག་དཔེ་ཡར་ལྟོས་བྱས་ན་ད་གཟོད་བཀུར་འོས་པའི་མི་ཞིག་ཏུ་འགྱུར་བ་རེད། དེ་མ་གཏོགས་ཁས་སྟོང་གཏམ་གྱི་རི་ལུང་བཀང་། ལུས་ཀྱི་སྤྱོད་ལམ་གྱིས་སུའི་ཀྱང་རྣ་བར་འགྲོ་དཀའ་བའི་ཕྱི་ནང་ཡ་བྲལ་གྱི་རིགས་དེས་ས་རྒྱ་ཆེན་པོ་མི་ཆོད་པས། མདོར་ན་རིག་གནས་སྦྱོང་དུ་ས་མཐར་འགྲིམ་པའམ་ཉམས་ཆུང་བྱས་ཏེ་ཁྱིམ་ཚང་སྐྱོང་བ་གཉིས་སུ་ཡག་སུ་ངན་བཤད་ཚོད་དཀའ་མོད་ཀྱང་མི་གཤིས་བཟང་པོ་ཞིག་དང་སྤྱི་ཕན་ལྷག་བསམ་གྱི་ཁོང་འབར་བའི་མི་ཞིག་གྱུར་ན་གཟོད་དགོས་པའི་ལས་དང་བསམ་པའི་དོན་དེ་འགྲུབ་པ་རེད་འདུག ད་དུང་ཡིད་སྐྱོ་དགོས་པ་ཞིག་ལ་ང་ཚོར་རི་སྡེ་ཕན་ཚུན་བར་ལ་འཁོན་འཛིན་དང་། ཆོལ་ཁའི་ཕྱོགས་ཞེན་ས་རྩོད་ཆུ་རྩོད་བྱེད་དེ་གྲི་དང་མདའ་མདུང་རྡོ་དང་དབྱུགས་པ་སོགས་ཀྱི་འོག་ནས་ཁྲག་རྒྱུན་གཅིག་པའི་མི་རིགས་ནང་ཕན་ཚུན་བར་གྱི་འགལ་ཟླ་ནི། ཆེ་ས་ནས་བཤད་ན་རང་གི་མི་ཚེ་ཁྲོག་བརླགས་དང་། ཆུང་ས་ནས་བཤད་ན་འཇིག་རྟེན་མི་ཆོས་དང་དམ་པའི་ལྷ་ཆོས་གང་ནས་བལྟས་ཀྱང་མཐུན་ཐབས་རྩ་བ་ནས་མེད་པའི་བྱ་ངན་ཞིག་ཡིན། ནང་དམེ་ཁྲག་གི་འཁོར་ལོ་སྐོར་མཁན་ནི་དེང་སྐབས་མཁས་དབང་དག་གི་གསུངས་ལ་གཞིག་ན། བོད་པ་མ་གཏོགས་གཞན་རྒྱལ་ཕྱི་ནང་གང་སར་ཡོད་མདོག་ཁག་པོ་མ་རེད། འདི་ནི་བོད་པའི་རང་གཤིས་སམ་རྨོངས་རྟགས་ཙམ་དུ་ཟད། ཡག་ཉེན་ཅི་ཡང་མི་ཤེས་པར་ཐ་ན་མ་འོངས་ཀྱི་ཕུགས་བསམ་ཙམ་ཡང་འདེང་མ་ཕོག་པའི་སྤྱོད་པ་ཞིག དཔེར་ན་དུད་འགྲོ་གཡག་དང་ཁྱི་སྤྱང་ལྟ་བུ་ཕུགས་བསམ་དང་མཐར་ཐུག་གི་མཇུག་འབྲས་སོགས་ལ་བསམ་གཞིག་མེད་ཚེ། ད་གཟོད་དུག་གསུམ་གྱི་ཀུན་སློང་གིས་གཉིས་མེད་མཉམ་པར་བྱེད་ཀྱི་ཡོད་འདི་ནི་བོད་པ་ཞིག་ཡིན་ནས་བཟུང་ཁ་ནང་དུ་བསྐོར་ཏེ་མནོ་བསམ་བྱེད་དགོས་པའི་དོན་དག་ཞིག་རེད། འདིས་འདས་པའི་ལོ་རྒྱུས་ཁྲོད་དུ་ཡང་འཐབ་རྩོད་དང་འཁྲུག་ཟིང་གི་ཀློང་ནས་ཆེས་གྲངས་ཉུང་བའི་མི་རིགས་ཤིག་ཏུ་གྱུར་ཟིན་པ་རེད། གང་ལྟར་མི་ལ་མི་ཡི་རིན་ཐང་དང་མི་ལ་མི་ཡི་བསམ་སྤྱོད་གཅིག་ཡོད་དགོས་ཀྱི་རེད་དྲན་བསྡད་པ་དེ་རེད། བྱམས་སྙིང་རྗེ་ཅན་གྱི་བོད་པ་ཞེས་པའི་མཚན་སྙན་དེ་ཡང་། ང་ཚོ་ཕྱི་རབས་པ་དག་གིས་ཁ་བཤད་དོན་ལ་མ་འགལ་བར་བྱ་རྒྱུ་དེ་རེད། རང་གི་རིག་གཞུང་ཟབ་མོ་འདི་དང་དེར་བརྟེན་པའི་མི་རིགས་གཉིས་འགལ་འདུའི་ཕུང་པོར་མ་སོང་བར་རིག་གཞུང་མིས་བདག་པོ་རྒྱག་རིག་གཞུང་གིས་མི་མཚོན་ནུས་པའི་འབད་ཐབས་ལ་རེམས་ན། ད་གཟོད་ང་ཚོའི་རེ་བ་དང་སྨོན་ལམ་དག་འགྲུབ་པ་ལ་ཚེགས་མེད་དོ་སྙམ།།
