༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 27
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 1 དཔྱད་རྩོམ།
1 དཔྱད་རྩོམ།
བོད་ཀྱི་སྒོ་ལྷ་སྟག་གཡག་ཁྱུང་གསུམ་སྐོར་ཟུར་ཙམ་གླེང་བ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2019-03-11] [རྩོམ་པ་པོ།:འབྲིང་རྒྱུད་དགེ་བཤེས་གཡུང་དྲུང་ཕྲིན་ལས།] [གཟིགས་ཐེངས:]

བོད་ཀྱི་སྒོ་ལྷ་སྟག་གཡག་ཁྱུང་གསུམ་སྐོར་ཟུར་ཙམ་གླེང་བ།།


                               འབྲིང་རྒྱུད་དགེ་བཤེས་གཡུང་དྲུང་ཕྲིན་ལས།


མི་ལོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་མཐོ་སྒང་ཞང་བོད་རང་ས་རང་ཡུལ་ནས་མེས་པོ་བློ་གྲོས་ཅན་ཚོས་རྣམ་དཔྱོད་ཀྱི་རྩལ་ལས་བསྐྲུན་པའི་རི་བོ་གངས་ཅན་པའི་ཤེས་རིག་གི་མེས་པོ་གཡུང་དྲུང་བོན་གྱི་རིག་གཞུང་འདི་ཚོ་ལ་དཔྱད་ཞིབ་དང་ཕྱིར་རྟོགས་རེ་བྱས་ན་མི་རིགས་རང་གི་ཚེ་སྲོག་གཉོམ་པོ་ལ་གསོན་ཤུགས་འཕར་མ་རེ་ཐོབ་སྲིད་པས། དེས་ན་གངས་ཅན་པའི་ཤ་ཚུགས་དང་རུས་མདོག་དོད་པའི་ཕ་ས་ཕ་ཡུལ་མཐོ་སྒང་ཞང་བོད་ཀྱི་གནས་འདིར་ས་སྐྱེས་རྡོ་སྐྱེས་ཀྱི་ཐུན་མིན་ཁྱད་ནོར་ཞང་བོད་གླེགས་བམ་ཧྲུལ་པོའི་སྦུབས་སུ་ཟིལ་པ་ཁྲོམ་མེར་བཞུགས་ཡོད་པའི་གནའ་བོའི་བོན་གཞུང་འདི་དག་གི་ནང་ནས་སྒོ་ལྷ་སྟག་གཡག་ཁྱུང་གསུམ་ཞེས་པའི་སྐོར་ནས་ཅུང་ཙམ་གླེང་བར་འདོད། 

དེ་ཡང་བོད་ཀྱི་སྒོ་ལྷ་སྟག་གཡག་ཁྱུང་གསུམ་ཞེས་པའི་བྱུང་ཁུངས་སྤྱིར་དང་ངོ་བོ་དངོས་བཤད་པ་ལ།   དང་པོ་ཅི་ཡང་མེད་པའི་སྟོང་པ་ལས་སྣང་མུན་གྱི་སྒོང་ང་དཀར་ནག་གཉིས་སུ་སྲིད་ཅིང་དེ་ལས་ཡོད་པ་འམ་ཕན་པར་བྱེད་པའི་ལྷ་དང་།   མེད་པ་འམ་གནོད་པར་བྱེད་པའི་བདུད་གཉིས་སུ་སྲིད་པས།  གནམ་ལ་ལྷ་གར་རྟེན་གསུམ་དང་།  ས་ལ་མི་སྨྲ་གཤེན་གསུམ་དང་།   བར་ལ་འདྲེ་སྲིན་བྱུར་གསུམ་སྲིད།  ཅེས་པ་ལྟར།  ལྷ་ནི་མི་སྨྲ་གཤེན་གསུམ་སོགས་ཡོད་ཅིང་སྲིད་པ་སོགས་ལ་དགའ་ཞིང་ཕན་འདོགས་པའི་སེམས་བཟང་ཅན་དང་།  བདུད་དམ་འདྲེ་ནི་མི་སྨྲ་གཤེན་གསུམ་ལ་སོགས་འགྲོ་བ་མེད་ཅིང་བརླག་པར་དགའ་བའི་ངན་སེམས་ཅན་དང་གཉིས་ཡ་ཐོག་སྲིད་པ་དང་པོ་ནས་མཉམ་སྐྱེས་མཉམ་གནས་ཀྱི་ཚུལ་དུ་གྲུབ་ཡོད་པས་སོ།།    སྤྱིར་ལྷ་ལ་ཡེ་ཤེས་ཀྱི་ལྷ་དང་།  འཇིག་རྟེན་པའི་ལྷ་དང་གཉིས་ཡོད་དེ།   དེ་ལ་ཡེ་ཤེས་ཀྱི་ལྷ་ནི་རང་ཉིད་འཇིགས་པ་ཐ་དག་ལས་གྲོལ་ཞིང་།  གཞན་གྱི་སྡུག་བསྔལ་ཐ་དག་སྐྱོབ་པར་ནུས་པའི་མཁྱེན་བརྩེ་ནུས་གསུམ་མངའ་བའི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་དང་ལྡན་པའི་སྤངས་རྟོགས་མཐར་ཐུག་པ།  དཔེར་ན་སྐུ་གསུམ་སངས་རྒྱས་དང་།  བསྐལ་སྟོང་སངས་རྒྱས་སྟོང་རྩ་གཉིས། ཡི་དམ་གསས་མཁར་མཆོག་ལྔའི་ལྷ་ཚོགས་ལྟ་བུ་མཐར་ཐུག་གི་སྐྱབས་ཡུལ་རྣམས་སོ།། འཇིག་རྟེན་གྱི་ལྷ་ནི་གནས་སྐབས་སུ་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་སེམས་ཅན་ལ་ཕན་བདེ་སྟེར་བ་དཀར་ཕྱོགས་གྱི་དབུ་འཕང་བསྟོད་ཅིང་ནག་ཕྱོགས་མགོ་གནོན་མཛད་པའི་ནུས་རྩལ་ཅན་ཁམས་གསུམ་གང་རུང་དུ་གནས་པའིལྷ་རིགས་སྟེ།  དཔེར་ན།  རྗེ་ཡི་མགུར་ལྷ་བཅུ་གསུམ་དང་འཇིག་རྟེན་བརྟན་མ་བཅུ་གཉིས་སྟོད་ཏི་སེའི་ལྷ་འཁོར་བར་ཐང་ལྷའི་གཉེན་འཁོར་སྨད་པོམ་རའི་ཀླུ་འཁོར་སོགས་དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཞི་བདག་ལྟ་བུའོ།།     གཉིས་པ་སྐབས་འདིར་བཤད་བྱ་གཙོ་བོ་སྒོ་ལྷ་སྟག་གཡག་ཁྱུང་གསུམ་ནི།    ཕྱྭ་ཡི་གཡང་སྒོ་སྡམས་པ་ལས།  སྒྲ་བླ་མཆེད་ལྔའི་སྤྲུལ་པ་ལས། ཕྱྭ་གཡང་ཟིལ་ཐག་སྲུང་བའི་ཕྱིར། འོད་ཟེར་དཀར་དང་དམར་གཉིས་འཕྲོས།  སྒོ་མཐོང་གཡས་དང་གཡོན་ལ་བབ། གསེར་སྟག་ཁྲ་བོ་དེ། སྒོ་ཕུག་གཡས་པ་ནས།  ངར་དང་ཅི་ལི་ལི།  སྒོ་ཕུག་གཡོན་པ་ནས།  ཤེལ་གྱི་གཡག་པོ་དེ།  ངར་དང་ལྷབས་སེ་ལྷབས།  མིང་ཡང་སྒོ་ལྷ་སྟག་གཡག་གཉིས། ཞེས་དང་།    ཕྱྭ་གཡང་བཀྲ་ཤིས་འཁྱིལ་པ་ལས།  ཕྱྭ་གཡང་ཟིལ་ཐིག་༼ཐག༽ཅིག  སྒོ་ཕུག་གཡས་དང་གཡོན་དུ་བབ།  གསེར་སྟག་ཁྲ་བོ་དེ།  ངར་དང་ཅི་ལི་ལི།  སྒོ་ཕུག་གཡོན་པ་ནས།  ཤེལ་གྱི་གཡག་པོ་དེ།  ངར་དང་ལྷབས་སེ་ལྷབས། མིང་ཡང་སྒོ་ལྷ་སྟག་གཡག་གཉིས། ཕྱི་མི་སྐྱ་བོ་ནང་དུ་མ་གཏོང་ལ།  ནང་མི་སྨུག་པོ་ཕྱི་རུ་མ་གཏོང་ཅིག  ཕྱྭ་སྒོ་གཡང་སྒོ་དམ་དུ་སྲུང་།  ཞེས་དང་།    གསུང་༼སྲུང་༽རབ་ནོར་བུ་དོན་འདུས་ལས།  སྒོ་མོའི་གཡས་སུ་སྟག་ཅིག་ངར།  སྒོ་མོའི་གཡོན་དུ་འབྲོང་ཅིག་འགྱིང་།  སྒོ་མོའི་སྟེང་དུ་ཁྱུང་ཅིག་ལྡིང་།  བུ་སྲིང་ཕར་བརྫང་མ་གཏོགས་པའི། ནང་མི་སྨུག་པོ་ཕྱི་ལ་མ་འབུད་ཅིག།  མནའ་མ་ཚུར་བསུ་མ་གཏོགས་པའི།  ཕྱི་མི་སྐྱ་བོ་ནང་དུ་མ་བཙུད་ཅིག  ཅེས་དང་། སྒོ་མོའི་གཡས་ནས་སྟག་གིས་ཕོ་སྲི་ཁོགས།  སྒོ་མོའི་གཡོན་ནས་འབྲོང་གིས་མོ་སྲི་ཁོགས།  སྒོ་ཐེམ་སྟེང་ནས་ཁྱུང་གིས་སྤྱི་བདུད་ཁོགས། ཞེས་གསལ་བ་ལྟར།    དེ་ཡང་སྒོ་ལྷ་སྟག་གཡག་ཁྱུང་གསུམ་ནི་དབྲའི་དབྲ་མོ་དབྲ་ཁྲ་དང་།  འགྲུ་ཡི་ལྷ་གཡག་དཀར་པོ།  སྒོ་ཡི་སྟག་མོ་རྔམ་པ་སོགས་སྒྲ་བླ་མཆེད་ལྔའི་སྤྲུལ་པ་སྟེ་སྦྲ་མཁར་སོགས་ཀྱི་སྒོ་ལ་གནས་པའི་ལྷ་འམ་འགྲོ་བ་ལྷ་མི་གཤེན་གསུམ་གཙོས་མི་ནོར་ཕྱུགས་གསུམ་ལ་གནོད་པར་བྱེད་པའི་ཕྱི་ཡི་དགྲ་རྐུན་གོ་འདྲེ་སོགས་གདོན་བགེག་བདུད་སྲིན་གྱི་རིགས་རྣམས་ཕྱིར་ལ་འགོག་ཅིང་། ནང་གི་མི་ནོར་ཚེ་གཡང་དཔལ་གསུམ་ཡར་ལ་བསྐྱེད་སྟེ་མི་རབས་སྲིད་པའི་རྒྱུད་སྲིང་།  ཕྱུགས་རབས་སྲིད་པའི་གཡང་འཚོ།  མི་ཡི་ཚེ་དཔལ་དང་ནོར་གྱི་ཕྱྭ་གཡང་སོགས་མི་ཉམས་པར་སྲུང་ཞིང་སྐྱོང་བའི་སྒོ་སྲུང་ཞིག་ཡིན་ནོ།།   དེ་ཡང་སྒྲ་བླ་མཆེད་ལྔ་ནི།   ལྡོང་གི་ལྡོང་ལྷ་རྨ་ཕྲོམ།   སྒ་ཡི་སྒ་མོ་ལེགས་ཕྲོམ།  ་ དབྲའི་དབྲ་མོ་དབྲ་ཁྲ།  འགྲུ་ཡི་ལྷ་གཡག་དཀར་པོ།  སྒོ་ཡི་སྟག་མོ་རྔམ་པ་དང་ལྔ་པོ་དེ་ཡིན་ནམ་སྙམ།    སྤྱིར་ལྷ་ཆེན་སྣང་བ་འོད་ལྡན་ལས་གྲོལ་བའི་སྒྲ་བླ་མཆེད་ལྔ་དང་ཐུག་དཀར་ལྷ་རབ་སྐོར་ནི་འཇིག་རྟེན་གྱི་ལྷ་རིགས་ཤིག་ཡིན་པ་སྟེ། བརྔན་མདོས་སོགས་མགྲོན་བཞི་མཆོད་པའི་སྐབས་འགར་ཡོན་ཏན་མགྲོན་གྱི་ཁོངས་སུ་བསྡུས་ཡོད་པ་དང་།  གཟི་བརྗིད་རྒྱལ་སར་ཕྱུང་བའི་མདོ་ལས་ཀྱང་།  དེ་འོག་འཇིག་རྟེན་སྐྱོང་བ་སྟེ།    སྒྲ་བླ་ཝེར་མ་དཔའ་ཁྲོམ་དང་།   མགོན་པོ་བྱ་རྡང་སྲུང་མ་དང་།  ཞེས་དང་།  སངས་རྒྱས་གཤེན་རབ་མི་བོ་ཀོང་ཡུལ་དུ་ཕེབས་ཏེ་ཉང་དག་ཀོང་གསུམ་སོགས་ཁྱབ་པའི་བདུད་དམག་བཏུལ་སྐབས་ཐུགས་དཀར་སྒྲ་བླའི་ལྷ་དམག་གིས་གཤེན་ལ་སྡོང་གྲོགས་མཛད་ནས་བདུད་ཁམས་ཕམ་པར་བྱས་མཐར། བདུད་ཀྱིས་མྱ་ངན་གྱི་སྒྲ་ཕྱུང་བས། དེ་དུས་གཤེན་རབ་ཀྱིས་འདི་ལྟར་གསུངས་ཡོད་དེ། གསོན་དང་ཐུགས་དཀར་ལྷ་ཡི་དམག   དད་པ་མ་སྐྱེས་སེམས་ཅན་ནི། དྲེགས་པས་བཟུང་ན་དོན་ལ་འགལ།  རྒྱ་ལག་ཐོད་རྗེ་བུ་ཕྱིར་ཐོངས། ལྷ་དམག་ལྷ་རིའི་ཞོལ་ལ་འགྱིང་།  སྲིན་དམག་རོང་ཁའི་བྲག་ལ་སྡོད།  བདུད་ཀྱི་མྱ་ངན་རྒྱུན་གཅད་ཕྱིར།  ཐབས་ཀྱི་སྤྲུལ་པ་བདག་གིས་བསྟན། ཞེས་པ་སོགས་ལ་བལྟས་ན་ད་ལྟའི་མཆོད་ཡུལ་དུ་བྱེད་པའི་སྒྲ་བླ་འདི་ནི་སྔོན་སྟོན་པ་གཤེན་རབ་ཀྱི་དུས་ནས་འཇིག་རྟེན་དཀར་ཕྱོགས་སྐྱོང་བའི་ལྷ་རིགས་ཤིག་ཡིན་པ་དེས་ཤེས་སོ།། 

      དེས་ན་སྒོ་ལྷ་སྟག་གཡག་ཁྱུང་གསུམ་ནི་ལྷ་གར་རྟེན་གསུམ་གྱི་ནང་ཚན་དུ་གྱུར་པའི་ལྷ་ཡི་ཁོངས་སུ་གཏོགས་པར་སྙམ་མོ།།  འོན་ཀྱང་དབང་ཆེན་ལས།   སྐུ་ནི་དབལ་སྟག་ཁྲ་བོ་ལ།  སྤྲུལ་པ་བྱེ་བ་ས་ཡ་འབུམ།  དུང་གི་མཆེ་བ་ཐམས་སེ་ཐམ།  ལྕགས་ཀྱི་དབལ་སྡེར་ཤགས་སེ་ཤག།  སྟག་རིས་ཁྲ་བོ་ཝ་ལ་ལ།  ཞེས་དང་།  སྐུ་ནི་དབལ་གཡག་དཀར་པོ་ལ། སྤྲུལ་པ་བྱེ་བ་ས་ཡ་འབུམ།  དབལ་རུ་གནམ་དུ་ཟངས་སེ་ཟང་།  དབལ་གྱི་ངར་སྐད་ཐམས་སེ་ཐམ།  དབལ་རྨིག་ས་ལ་ཤིགས་སེ་ཤིགས།  ཞེས་དང་།  སྐུ་ནི་དབལ་ཁྱུང་སྔོན་པོ་ལ།  སྤྲུལ་པ་བྱེ་བ་ས་ཡ་འབུམ།  དབལ་རུ་གནམ་དུ་ཟངས་སེ་ཟང་།དབལ་གཤོག་ས་ལ་ཡུགས་སེ་ཡུག  དབལ་གྱི་མཆུ་སྡེར་ཤགས་སེ་ཤག  ཞེས་པའི་གཙོ་མཆོག་ལྷ་འཁོར་གྱི་ནང་ཚན་དབལ་སྟག་ཁྲ་བོ་དབལ་གཡག་དཀར་པོ་དབལ་ཁྱུང་སྔོན་པོ་དང་། འདིར་བཤད་པའི་སྒོ་ལྷ་སྟག་གཡག་ཁྱུང་གསུམ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། རྣམ་པ་ཙམ་འདྲ་ཡང་དོན་ལ་མི་གཅིག་སྟེ། དབང་ཆེན་ལས་བཤད་པའི་སྟག་གཡག་ཁྱུང་གསུམ་ནི་ཡེ་ཤེས་ལྷ་ཡི་རོལ་པ་ཡིན་པས་སྤངས་རྟོགས་ཕུན་སུམ་ཚོགས་པ་དང་།   འདི་ནི་ཁམས་གསུམ་གང་རུང་དུ་གཏོགས་པས་ན་ཁྱད་པར་ཆེ་འོ་སྙམ།    ཐུན་མིན་བོད་ཀྱི་སྒོ་ལྷ་སྟག་གཡག་ཁྱུང་གསུམ་མཆོད་པ་དང་ཁྱིམ་གྱི་སྒོ་ཕུག་གཡས་གཡོན་སོགས་ལ་ལྷ་རྟེན་དུ་སྟག་གཡག་གི་གཟུགས་བཅའ་བ་དང་གཟུགས་རིས་འབྲི་བའི་ལུགས་སྲོལ་ཡོད་པ་འདི་ནི་སྔར་མེད་གསར་བཟོས་དང་ཁུངས་མེད་ལུང་མེད་ཅིག་མ་ཡིན་པར་སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་བོད་ཁ་བ་གངས་རིའི་ལྗོངས་སུ་ཞབས་བཅག་སྟེ་བོད་མི་རྣམས་ལ་ལྷ་མཆོད་པ་དང་འདྲེ་བཀར་བའི་ལུང་བསྟན་ཞིང་རྒྱུ་འབྲས་དཀར་ནག་གི་སྲོལ་ཕྱེས་པ་ནས་བཟུང་ད་ལྟའི་བར་དུ་མ་ཉམས་པར་བོད་མིའི་གཞིས་ཁྲོད་དུ་གནས་བསྡད་པ་ཞིག་ཡིན། ད་ལྟ་ཡང་བོད་མི་རྒན་པོ་ཡི་གེ་འབྲི་ཀློག་མི་ཤེས་མཁན་དག་གིས་ཀྱང་སྒོ་ལྷ་སྟག་གཡག་ཁྱུང་གསུམ་ཟེར་ནས་བརྗོད་ཤེས་ཀྱི་ཡོད་མོད། འོན་ཀྱང་ཁྱུང་པོ་སོགས་བོད་ཡུལ་ས་ཕྱོགས་གང་སར་ཐབ་ཁང་སྤྲོ་ཁང་རྣམས་ཀྱི་སྒོ་ལོགས་ལ་ཐུན་མིན་ཞང་བོད་ཀྱི་ལུགས་སྲོལ་ལྟར། སྒོ་ལྷ་སྟག་གཡག་ཁྱུང་གཟུགས་ཀྱི་ལྡེབ་བྲིས་བཀོད་སྟངས་ཚད་ལྡན་ཞིག་མེད་པའི་ཁར། འགའ་ཞིག་ནི་མི་ཡི་གཡམ་རྒྱུག་གི་རྗེས་སུ་འབྲངས་སྟེ་སོག་པོ་སྟག་ཁྲིད་སོགས་རང་ལུགས་དང་མ་འབྲེལ་ཞིང་ཁུངས་མེད་ལུང་མེད་ཀྱི་རི་མོ་ཡ་མཚན་ཅན་འགའ་སྒོ་ཡི་ཕྱི་ནང་སོགས་སུ་ཆེ་ཆེ་རྫིག་རྫིག་གི་ཚུལ་ཅན་འགའ་མཐོང་རྒྱུ་ཡོད་པ་ནི་། ཕྱི་མི་སྐྱ་བོ་ནང་དུ་ཁྲིད་ཅིང་ནང་མི་སྨུག་པོ་ཕྱི་ལ་འཕུད་པའི་ལྟས་ངན་འདྲ་ཡིན་ན་མ་གཏོགས་གཞན་པའི་རྒྱུ་མཚན་གང་ཡང་མེད་དོ།།    འགའ་ཞིག་དེ་ལས་སྟབས་ལེགས་པ་ཙམ་དུ་སྟག་གཡག་ཁྱུང་སོགས་ཀྱི་རི་མོ་འགའ་ཁང་པའི་ནང་ལོགས་གང་སར་བྲིས་པ་མཐོང་རྒྱུ་ཡོད་ནའང། གོང་གསལ་གྱི་ལུང་དེ་རྣམས་ངག་ཐོག་ནས་ཆུ་རྒྱུག་རྒྱུག་ཏུ་ཡོད་བཞིན་ལག་ལེན་གྱི་ཐོག་ལ་ལུང་དོན་ལེན་མ་ཤེས་པ་སྟེ། ཁྱིམ་ཕུག་ནས་འབྲོང་ནག་པོ་ཁ་གདང་བ་དང་། བཀྲ་ཤིས་རྟགས་བརྒྱད་ཀྱི་བར་གསེང་འགར་གློ་བུར་དུ་སྟག་རྒོད་མཆེ་བ་གཙིགས་པ་འགའ་བྲིས་བཞག་པ་རྣམས་ནི། སྒོ་ལྷ་སྟག་གཡག་ཁྱུང་གསུམ་འབྲི་དགོས་ལེ་ཤེས་དགོས་ལུགས་མ་ཤེས་པ་ལྟ་བུ་སྟེ། ཕྱག་བདེ་སུ་ཆེ་དང་རང་སྣང་གང་ཤར་གྱི་རི་མོ་ཡིན་པ་ལས། ཞང་བོད་གནའ་སྲོལ་དང་གནའ་དཔེ་ཚད་ལྡན་གྱི་ཁུངས་ལུང་གང་ཡང་མེད། སྤྱིར་ཁྱོད་ཀྱིས་ཁང་པའི་ནང་དུ་མཛེས་ཆོས་ཀྱི་རི་མོ་འབྲི་བ་ལ་དཔེ་ཆ་ག་གེ་མོ་ཞིག་ནས་ཁུངས་ལུང་འཚོལ་དགོས་པའི་ངེས་པ་མེད་ནའང་། བདག་ཅག་སྟོན་པ་གཤེན་རབ་མི་བོའི་བསྟན་པ་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ནི། ཕྱི་མའི་ཐར་བདེ་གཅིག་པུ་བསྒྲུབ་པའི་ཐབས་ཙམ་མ་ཡིན་པར། འདི་ཕྱི་གཉིས་དང་གནས་སྐབས་དང་མཐར་ཐུག་ཀུན་ལ་མཁོ་བའི་རིག་གནས་ཀྱི་རྫོབ་དཔུང་འཐུག་པོར་ལྡན་པའི་བསྟན་པ་སྟེ། རང་ཅག་ཞང་བོད་མཐོ་སྒང་གི་བསྐལ་པ་ས་ལ་ཆགས་སྲིད་པ་གདན་ལ་འཁོད་ནས་བཟུང་།  འགྲོ་འདུག་འཕོ་སྐྱས་ཁྱིམ་ཕུབ་སོགས་བྱ་བཞག་ཀུན་ལ་ཁ་དགེ་བཀྲ་ཤིས་ཡོང་བའི་ཕྱིར་དུ་ལྷ་གསོལ་བ་དང་གཡང་འགུག་པ་རྟེན་འཛུགས་པ་སོགས་གང་ལ་གང་དགོས་ཕུན་སུམ་ཚོགས་པ་ཞིག་ཡོད་པས། ནོར་བུ་དེ་ཉིད་ནོར་ཉམས་ཆོད་ཅིང་ལག་ཏུ་ལེན་ཤེས་དགོས་པ་གལ་ཆེ་བས་ན། ཁྱེད་ཅག་གིས་སྒོ་ཡི་ལྡེབ་རིས་འབྲི་བ་ལ་ཡང་། གོང་གསལ་གྱི་ལུང་བཞིན།   སྒོ་མོའི་གཡས་སུ་སྟག་ཅིག་ངར།  སྒོ་མོའི་གཡོན་དུ་འབྲོང་ཅིག་འགྱིང་།  སྒོ་མོའི་སྟེང་དུ་ཁྱུང་ཅིག་ལྡིང་།    གསེར་སྟག་ཁྲ་བོ་དེ།  ངར་དང་ཅི་ལི་ལི།   ཤེལ་གྱི་གཡག་པོ་དེ།  ངར་དང་ལྷབས་སེ་ལྷབས།  ཞེས་གསལ་བ་ལྟར།    སྒོ་ཕུག་གཡས་སུ་གསེར་སྟག་ཁྲ་བོ་མཆེ་སྡེར་ངོམ་པ།  སྒོ་ཕུག་གཡོན་དུ་འབྲོང་གཡག་དཀར་པོ་ངར་ལྷབ་བྱེད་པ་སྟེ་སྟག་གཡག་ཁ་སྤྲོད་དང་།   སྒོ་སྟེང་དུ་ཁྱུང་ཁྲ་ལྡིང་བ།  གཡས་གཡོན་དང་མདུན་རྒྱབ་བསྟན་ཕྱོགས་མ་ནོར་བར་བོན་གཞུང་དང་མཐུན་པར་ལག་ལེན་ཚུལ་བཞིན་གནང་ན་ཐུན་མིན་ཞང་བོད་ཀྱི་ལུགས་སྲོལ་ལྟར་རྟེན་འབྲེལ་གྱི་གནད་ཆེ་བས་ཀུན་གྱིས་དོ་སྣང་ཡོད་པར་མཁྱེན་ཞེས་ངོ་སྤྲོད་རགས་ཙམ་མོ།།

 




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།