༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
སྙིང་གི་གྲོགས་བཟང་རྣམས་ལ་སྤྲིངས་པའི་འཕྲིན།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2019-02-18] [རྩོམ་པ་པོ།:སེང་ཚ།] [གཟིགས་ཐེངས:]

QQ图片20190218225153.jpg


ཟླ་མེད་སྟོན་པས་ཞབས་སེན་བཀྲུས་པའི་ཆུས།།

རྨུགས་འཐིབ་སེམས་ཀྱི་དྲེགས་པ་བཤལ་བ་ལས།།

གསལ་བའི་རྡུལ་ཕྲན་དད་གསུམ་འཚོགས་པའི་ཕུང་།།

རྣམ་ཀུན་ཞེ་ལ་ཉོརད་ཅིག་སྙིང་གི་གྲོགས།།


བརྩེ་ཆེན་ཉི་ཟླའི་དཔལ་གྱིས་བལྟམས་པ་ཡི།།

ཐུགས་སྒམ་རྣམ་དཔྱོད་འབར་བའི་ཡབ་ཡུམ་ཟུང་།།

རང་ལུས་རྩ་རྒྱུས་གཉོར་བའི་བཀའ་དྲིན་གྱིས།།

ཞབས་སེན་བཀྲུ་བའི་ལས་ཀྱང་ལེན་པར་རྩོམ།།


གནའ་དེང་ལྟ་བའི་སྒྲོམ་སྟེགས་ཡངས་པོའི་ཐོག །

མཁྱེན་དཔྱོད་གཟི་དཔལ་འབར་བའི་བགྲོ་གླེང་ཁྲོད།།

རྙིང་དོར་གསར་ལེན་གསར་དོར་རྙིང་མཁྲེག་གི །

འོ་མཚོ་དཀྲུག་དཀྲུག་གནོངས་ཤིག་རིགས་ཀྱི་གྲོགས།།


རང་རིགས་གཞན་རིགས་དབྱེ་བའི་དགའ་ཚལ་དུ།།

རིགས་ཀྱི་མགོ་བོ་བཀྱག་པའི་ང་རྒྱལ་ཏེ།།

སྐད་ཡིག་ཟུང་ལ་དཀར་བའི་ཞེ་སེམས་ཉིད།།

ཀུནད་ཏུ་གངས་ཀྱིས་མདངས་དགོས་གངས་རི་བ།།


མང་ཐོས་མཁས་པའི་ཞལ་སྔར་འགྲིམ་པ་ལས།།

གསང་གསུམ་གདམས་པའི་ངག་གིས་འཛུམ་པ་ཡི།།

རང་ལ་བདོག་པའི་ཡོན་ཚད་པད་མོའི་ཞལ།།

གང་གི་ཐུགས་དྲིན་ཡིན་པ་བརྗེད་མེད་ཟུངས།།


དེང་རབས་ཚན་རིག་གཤོག་རྩལ་བསྐྱེད་པའི་ཀློང་།།

ལེགས་ཉེས་སྤྲིན་དཀར་ལོང་ལོང་འཕྱུར་བ་ལ།།

རྩེད་རིགས་ཁོ་ནར་མགོ་བོ་མི་འཁོར་བར།།

འཛམ་གླིང་མཐོང་བའི་གློག་མིག་ཡངས་པོར་ཕྱེས།།


རྗེས་ལུས་རྨོངས་ཡོལ་འགྲིབ་པའི་ཁྱིམ་ཐབ་ནས།།

རིགས་ཀྱི་སྐད་ཡིག་ཙམ་ཡང་རྨོངས་མིན་པའི།།

ཕལ་སྐད་སྨྲ་བའི་ཨོལ་མདུད་འཁྲོལ་ལ་ཕུལ།།

བརྡ་དང་ཐ་སྙད་ཡོལ་བ་འཐེན་ལ་བྲེལད།།


དཔལ་འབྱོར་ཟུར་ཁུག་བྲིན་པའི་ཚོང་ར་རུ།།

དབྱར་རྩྭའི་འཕར་ལྷུང་ཁོ་ནས་མི་ངོམ་པར།།

འཚོལ་སྒྲུབ་ལྟ་བའི་ཤ་མིག་ཧྲིལ་སྒྲིམ་ཞིང་།།

འཚོལ་ཆེད་རང་རིགས་འཚོང་བའི་ལས་དེ་དོར།།


འཆི་མེད་ལྷ་ལམ་བྲན་པའི་མདུན་ལྗོངས་ནི།།

འོད་ཀྱི་ཕོ་བྲང་སྙེག་པའི་དཀར་ཆ་ཡིན།།

བསམ་བློའི་ན་ཚོད་སྤར་བའི་ཐབས་ལམ་སྟེ།།

དཔེ་ཀློག་ཁྲོད་ཀྱི་འོད་ལྒང་ཡར་ལ་ཁྱོགས།།


རང་སེམས་གཉུག་གིས་བཙོས་པའི་ཐ་སྙད་ཟན།།

སྙིང་གི་གྲོགས་ལ་ཕུལ་བའི་དགོང་སྐྱེས་ཏེ།།

འཛུམ་ཆུང་གོར་མོའི་ངང་དུ་བསྲིངས་པ་འདི།།

དགུན་ཚེ་ཚིག་གིས་ལག་ཆུང་འཁོབས་སྟངས་ཡིན།།


                              2019/2/17 ཉིན།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།