༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 23
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
འོད་ལམ་ལམ་འཚེར་བའི་ཁྱུང་ནག་དགོན་དང་། དེའི་ཁོར་ཡུག་ཟུར་ཙམ་གླེང་བ།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2019-01-26] [རྩོམ་པ་པོ།: བསོད་ནམས་བློ་གྲོས།] [གཟིགས་ཐེངས:]

འོད་ལམ་ལམ་འཚེར་བའི་ཁྱུང་ནག་དགོན་དང་། དེའི་ཁོར་ཡུག་ཟུར་ཙམ་གླེང་བ།

 

                    བསོད་ནམས་བློ་གྲོས།

 

༧ ཡ་ཐོག་རིམ་བྱོན་བསྐལ་ཁུག་འོག་ནས་སྐལ་བཟང་དགེ་བའི་དཔལ་ཡོན་བཀྲ།།

སྙ་ཆེན་བླ་མས་ཐུགས་ཀྱི་ཟེར་ཐག་གཤེན་བསྟན་རི་ཡི་གདོང་ནས་འཐེན།།

རིན་ཆེན་ས་ཕུད་ཕྱག་གིས་བྲུས་ནས་གཡུང་དྲུང་སྔོན་པོའི་ཀ་གདན་བཏིང་།།

སངས་རྒྱས་བསྟན་པའི་སེམས་ཀྱི་རྩ་ལག་དྲུང་མུ་གྱེར་གྱི་ཕ་ཁྱིམ་བསྐྲུནད།།

 

ཁྱུང་ཆེན་འཕུར་བའི་མཁའ་ལམ་དེད་པའི་རིགས་གཙང་སྲས་པོ་མུ་ཁྱུང་རྒྱལ།།

ཨ་སྔོན་གཡུ་ཡི་འཕངས་ལམ་གཤགས་ཏེ་མཁའ་ནས་དོག་ལ་བབས་ས་ཞིག།

རིག་པའི་འབྱུང་ཁུངས་སྲིད་པའི་ཁྱུང་ཆེན་རིགས་རྒྱུད་གཙང་མ་གྲོལ་ས་ཞིག།

ཕྱི་ཡི་ཞིང་བཀོད་ངོ་མཚར་རྨད་བྱུང་གསེར་འཕྲུའི་སེར་ཞག་འདི་ནས་འཚེར།།

 

བ་རབས་ཡོང་འདུལ་མཚན་སྙན་མཁའ་ལྡིར་བ་གམ་གསེར་གྱི་ཡང་སྟེང་དགུང་།།

ཐབས་ཤེས་ཟུང་གི་དཔལ་བེའུ་འཁྱུད་པའི་ཉི་ཟླའི་རྒྱལ་མཚན་ཆ་འགྲིག་མཛེས།།

གསེར་ཀ་གཡུ་གདུང་པད་མའི་ཚོམས་སྤུངས་སྟག་སེང་བསྣོལ་བའི་གདན་འབུལ་གྱི།།

གསས་ཁང་ཆེན་མོའི་ལྷུ་ལག་གར་གྱི་ཚོམས་ཆེན་གློ་འབུར་ཕྱོགས་མཐར་བརྐྱངས།།

 

ཕྱི་ནང་རྟེན་བཞག་སྐུ་གདུང་སྐུ་གཟུགས་གསུང་རབ་བྱིན་གྱི་ཚན་ཁ་འབར།།

གསང་ཆེན་སྒོམ་སྒྲུབ་བླ་མེད་གཞུང་ལ་ཉམས་རྟོགས་འཕེལ་སའི་བསྟི་གནས་གྱུར།།

ཡོངས་ཀྱི་ཡང་རྩེ་སྒོ་མཛོད་གཞུང་ལ་འཆད་ཉན་སྒོམ་སྒྲུབ་གྲ་ལོ་རྒྱས།།

མེས་པོ་བྱོན་པའི་གནའ་ཤུལ་དཀར་པོ་ཁྱུང་ནག་མཁན་པོ་རིམ་བྱོན་གྲགས།།

 

མངའ་འབངས་སྡེ་ཡི་བཀའ་དྲིན་ཟབ་མོའི་རྒྱུ་རྐྱེན་ཟུང་གི་དཔུང་ཤུགས་དང་།།

ཐབས་མཁས་ཐུཌ་ཆེ་དབུ་འཛིན་རྣམ་པའི་ལྷག་བསམ་སྟོང་གིས་འབད་འབུང་འོག།

མཚན་དཔེ་གཟུགས་སྐུ་ཟླ་བ་གཞོན་ནུའི་གསས་ཁང་བཀོད་པ་ལེགས་གྲུབ་བྱུང་།།

མཇལ་ཕྱག་དད་མདུན་ཕྱག་སྐོར་རྟེན་གྱི་བསྟན་པའི་རྡོ་རིང་ཕྱག་གིས་བཞེངས།།

 

མཁན་དང་བླ་མའི་འཁོར་དང་སློབ་མ་ཐུགས་ཀྱིས་གཅེས་པའི་བཀའ་དྲིན་འོག།

བསླབ་གསུམ་འདུས་སྡེ་ངུར་སྨྲིག་ཁྱུ་ཚོགས་དཀར་ལོའི་དུང་ཕྲུག་འོ་མས་གསོས།།

མཛོད་ཆེན་སྡེ་ལྔའི་སྒྲུབ་རྒྱུད་བཟང་པོ་ཚུལ་ཞིང་མཐུན་པའི་ཕྱག་སྲོལ་བསྐྱངས།།

འཕྲུལ་སྒྲོན་རྣམ་ལྔའི་གསུང་གི་ཟབ་ཆ་ཞིབ་ཅིང་འཆད་པའི་ཁུལ་དུ་བླངས།།

 

བདེན་ཁའི་ལོ་རྒྱུས་གསེར་རྩི་ཐོགས་པ་གསེང་སྲང་སྟོང་གིས་མི་སོད་ལ།།

ཟབ་ཚད་རིན་ཐང་འགངས་ཚད་གླེང་ན་གོམ་ཚད་འདོམ་གྱིས་མི་དཔོག་པའི།།

བླ་མེད་སེམས་ཕྱོགས་འཕྲུལ་མེད་པོད་ཀྱི་ཁ་ཞེང་ཆེ་བའི་ཡིག་འབྲུ་ཡི།།

དབྱངས་གསལ་རོལ་ཆ་གཤེན་གྱི་གདངས་སྐད་ལྷང་ལྷང་སྒྲོག་པ་ད་ཙམ་མིན།།

 

ལྷ་ཀླུ་མཉེས་ཤིང་ལྷ་སྡེ་ཕྱུག་པར་ཀླུ་མཆོད་འོ་མའི་སྟོང་མཆོད་དང་།།

ལྷ་ཚོགས་དགྱེས་པའི་དགུ་མཆོད་སྲོལ་རྒྱུན་དགུ་གཏོར་ལས་ཚོགས་བཅའ་བཟོ་དང་།།

གསོན་གཤིན་གཉིས་ཀྱི་བསོད་ནམས་ཚོགས་ཆེན་རླབས་ཆེན་ལས་བཞི་རྒྱུན་ལྔ་སོཌ།།

ཐེངས་རེ་ཙམ་དང་ལན་རེ་མ་ཡིན་ལོ་རེར་རླབས་ཆེན་ལེགས་གྲུབ་བསྐྱངས།།

 

བསྟན་པའི་བླ་ཚེ་མི་ཤིག་བསྐལ་པ་གཡུང་དྲུང་བཀྲ་བའི་བྲག་ཐོག་ཏུ།།

མགོན་སྐྱོབ་སྡོང་གྲོགས་དཔུང་གཉེན་འོག་ནས་མ་འོངས་མི་བུའི་རེ་སྨོན་ལ།།

བཀའ་དང་བརྟེན་པའི་རྒྱབ་ལྗོངས་མཐུག་པའི་ལུང་དང་རིགས་པའི་མཚེར་ས་ཞིག།

བཀའ་གཞུང་འཆད་ཉན་རིག་གཞུང་བགྲོ་སའི་ཤེས་རབ་གླིང་ལ་འགྱུར་སྨོན་ཡོད།།

 

ལྟ་བའི་རྒྱལ་པོ་དབྱིངས་ནས་ཕབ་པའི་མཁན་རབས་དུ་མའི་གནའ་ཤུལ་གཙང་།།

སྤྱོད་པའི་ཕར་ཕྱིན་འདབ་ལོ་བཀྲ་བའི་བསླབ་པ་གསུམ་གྱི་སྒར་གཞིས་བཏབ།།

སྒོམ་པའི་ཐིག་ལེ་ཉག་མ་གཅིག་ལ་རྐྱང་དེད་མཛད་པའི་རྣལ་འབྱོར་འབེལ།།

རིང་ནས་བསགས་པའི་བསོད་ནམས་ཚོགས་ཆེན་མི་ཟད་རྒྱན་གྱི་ཐབ་ཀ་ཆེ།།

 

དབལ་སོ་གངས་ཀྱི་ལྕག་རི་བཙན་པའི་བྱ་དམར་བྲག་གི་མར་ཤམ་མཛེས།།

གཡུ་འབྲུག་སྔོན་མོ་ལྷོ་ནས་གྲགས་སའི་ཤེས་རབ་འོད་ཀྱི་འཆར་སྒོ་ཡངས།།

མི་ཟད་རྒྱན་གྱི་འཁོར་ལོ་འཁྱིལ་བའི་གཤེན་རབ་བསྟན་པ་གླེང་ས་ཆགས།།

འཕྲུལ་སྒྲོན་རྣམ་ལྔའི་བདག་པོ་ངོ་མ་མཉམ་མེད་བླ་མའི་གདུལ་ཞིང་ཚུད།།

གསེར་སྲང་སྟོང་གིས་ལེགས་སྐྱེས་བསྩལ་ཡང་ལྷ་སྡེའི་དྲིན་ལན་སོད་དཀའ་སྟེ།།

མཆོད་སྦྱིན་བྱེ་བའི་ཕྱག་ཟུང་ཡངས་ལ་གཏོང་ཕོད་ཆེ་བའི་བསྟན་བདག་མང་།

གསོན་གཤིན་དགེ་ཚོགས་གང་ཞིག་སྒྲུབ་ལ་འདོད་བློ་བསྐང་བར་དགོན་གྱིས་འབད།།

རོབ་ཙམ་མ་ཡིན་ཞིབ་ཅིང་དཔྱད་ནས་བསྟན་སྡེའི་དཔུང་ལ་གཟིགས་རྟོགས་མཛད།།

 

གསང་བ་སྟོང་གིས་བཅད་རྒྱ་དམ་པའི་རིགས་འཛིན་སྔགས་འཆང་མཐུ་ཁ་ཚ།།

བཀའ་ཆེན་སྡེ་དགུ་ཐུགས་ལ་འཆང་བས་ཨ་དཀར་ཐེག་པའི་གྱེར་སྒོ་བཙན།།

ཤེས་རབ་བརྒྱ་ཡི་ཤེད་རྩལ་རྫོགས་པའི་མེས་པོ་སྟོང་གི་ཕ་ས་གྲགས།།

བླ་དཔོན་བརྒྱ་ཡི་གདུང་རབས་གདན་ས་མི་རྗེ་ཁྱུང་ནག་ཕོ་བྲང་མཛེས།།

 

ཏིང་འཛིན་གངས་ཀྱི་རི་བོའི་ཉག་ནས་ཉམས་ལེན་དབྱར་གྱི་ཆར་ཆེན་འབྲུག།

ཚུལ་ཁྲིམས་རྣམ་དག་ཙན་དན་དྲི་བསུང་བཅུ་རིག་དཔག་བསམ་སྡོང་པོ་གཟུག།

ཤེས་རབ་བསླབ་པའི་ཡན་ལག་ཕྲ་མོ་ཕྱོགས་བཅུར་རྒྱས་པའི་མདུན་པ་ལ།།

བསམ་པའི་འཁྱེར་སོ་ཡི་ག་མེད་མཁན་སྐྱེ་འགྲོ་རི་བོང་རྭ་ལས་དཀོན།།

 

ཞི་བའི་མདངས་ལ་དཀར་པོའི་འཛུམ་གྱི་ས་ལེ་འོད་དེ་ལམ་ལམ་འཚེར།།

ཁྲོ་བོའི་གདངས་ལ་ཞི་བའི་གཤིས་ཀྱི་གསུང་དབྱངས་མ་ཏྲི་ལྷང་ལྷང་སྙན།།

ཀུན་གྱིས་འཛུམས་སྟོན་དགྱེས་ཞལ་གར་གྱི་ཨ་དཀར་འབུམ་སྒྲུབ་འུར་འུར་ལྡིར།།

དོན་དམ་རླབས་བསྐྱོད་སྙིང་པོ་རྣམ་གསུམ་རྒྱུན་དུ་གོམ་རླབས་ཚ་ས་ཞིག།

 

སྒོང་ནག་རིགས་ཀྱི་ཁྱུང་ནག་སྡེ་པའི་ཁྱད་བོན་ཟུར་ཙམ་གླེང་བ་ལ།།

སྤྱི་རུ་གཡུང་དྲུང་བོན་དགོན་གང་ལ་མཆོད་འབུལ་རིས་མེད་སྲོལ་བཟང་ཡོད།།

སྒོས་སུ་སྒེར་གྱི་བསྟན་བཞེངས་བྱེད་ལ་ཕྱག་ཟུང་ཡངས་ལ་གཏོང་ཕོད་ཆེ།།

སྤྱི་ཡི་ཁྱིམ་ཚང་དཀྱུས་མ་བསྡུར་ན་སུ་དང་གང་གིས་འགྲན་ཟླ་དཀའ།།

 

མདའ་ལ་མི་སྲིད་གཤོག་སྒྲོ་བཏགས་ནས་སྟོང་གཏམ་རླུང་ལ་བསྐུར་བ་དང་།།

མཁའ་ནས་མ་གྲགས་ས་ལས་མ་བྱུང་གནམ་ས་སྦྲིད་པའི་སྤོབ་གཏམ་མིན།།

དྲང་པོའི་བདེན་ཁ་ཚིག་གིས་དྲངས་པའི་གཏམ་ལ་བློ་ཡིད་མ་ཆེས་ན།།

འོན་ལོང་མིན་ན་ཟུར་ནས་གཟིགས་དང་བདེན་ཁའི་བྲག་ལ་གཡུང་དྲུང་ཡོད།།

 

བདེ་སྡུག་ཚིག་གི་ཚོར་བ་སྙི་མོའི་ལང་ཚོ་གསོན་པའི་སྟབས་ཀ་དང་།།

རྐང་གཉིས་སྲོག་ལྡན་ཡན་ལག་ཚིག་གི་གཞོན་སྐྱེས་འཚོས་པའི་གྲལ་ཀ་ནས།།

དབྱངས་གསལ་གར་སྟབས་འདོམ་གྱི་དམུ་ཐག་གནམ་ལ་འཇུས་པའི་ལག་རྗེས་སུ།།

ཉམས་ཀྱི་བག་ཆགས་སེམས་ལ་བཞག་ནས་ཚེ་སྲོག་ག་འུ་ཆ་འགྲིག་འཚོས།།

 

སྲོལ་རྒྱུན་རིག་པའི་ཤེས་དཔལ་ཟུང་ལ་དགའ་དད་སྤྲོ་བའི་བག་ཆགས་བཙལ།།

ཤེས་རབ་གསར་པའི་གོམ་རླབས་འོག་ནས་དུས་རབས་འཚོ་བ་ཁྱབ་གདལ་གཏང་།།

རྨིག་རྗེས་འཚོལ་ལ་འགལ་རྐྱེན་མང་བའི་ལྷགས་རླུང་རྒོད་པའི་ཁྱུ་ཚོགས་གསེབ།།

རླབས་ཚན་ཆུ་བོའི་རིག་ཚན་བཏུང་ལ་འབད་པའི་ཡིད་ཆོད་རྒོད་པོ་དགོས།།

 

མི་རབས་སྟོང་གི་སྲོག་རྩ་ཕྲ་མོའི་དབུགས་ཀྱི་སེམས་ཁམས་དྭངས་མིན་ཏེ།།

ཀླད་རྩའི་མ་ལག་སྐད་ཡིག་ཟུང་གི་ལོ་རྒྱུས་གླེང་ལ་རག་ལས་པས།།

རང་གཞན་གཉིས་མེད་བོན་འབངས་ཀུན་གྱིས་མགོ་བོ་ས་ལ་མ་ལྷུང་བར།།

གཤེན་རབ་མི་བོ་གཤེགས་ཤུལ་ནང་གི་ཤེས་རབ་སློབ་ལ་འབད་བརྩོན་དགོས།།

 

ང་ཚོ་ཚང་མས་འབྲི་ཀློག་འདོན་གསུམ་རྨང་གཞི་ཟབ་པའི་སྐས་ཐེམ་གཞོག།

མེས་པོ་ཁྲི་ཡི་གླེག་བམ་ཀློག་ལ་སུམ་རྟགས་དག་གསུམ་ལྕག་རི་བརྩེག།

དབྱངས་ཅན་ལྷ་མོའི་མཛེས་རྒྱན་སྤྲས་ལ་སྙན་ངག་རྒྱན་གསུམ་མེ་ལོང་བརྡུང་།།

དེ་དག་རྨང་གཞི་ཀུན་ཀས་བཙལ་རྒྱུ་དམར་ཆུང་སེམས་ཀྱི་འབོད་བསྐུལ་ཡིན།།

 

ཞི་བའི་ས་ནས་ཞི་བར་གཤེགས་པའི་གཤེན་རབ་བླ་མའི་ཐུགས་རྗེ་དང་།།

སྐྱབས་ཀྱི་མཁན་སློབ་ཉི་ཟླ་ཟུང་གི་སྤྱན་གྱིས་གཟིགས་པ་མ་ཆུང་བས།།

ཁོར་ཡུག་གཅིག་གི་འཁོར་འབངས་ཆེ་ཆུང་བདེ་ཞིང་སྐྱིད་པར་དཔུང་སྦྲེལ་ལ།།

བོན་བསྟན་བསྲུང་བའི་བོན་སྐྱོང་མ་གཅིག་དམ་ཅན་རྒྱ་མཚོ་ཐུགས་མ་གཡེལ།།

 

སྤྱི་ལོ་གསར་ཚེས/༢༠༡༩/ / /ཉིན་གྱི་ཞོགས་པར་བྲིས་སོ།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།